Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མིག་ནད་སེལ་བའི་གཟུངས་སྔགས་ཉི་མའི་སྒྲོན་མེ།
   
   
   
   


 
previousམིག་ནད་སེལ་བའི་གཟུངས་སྔགས་ཉི་མའི་སྒྲོན་མེ།next

མིག་ནད་སེལ་བའི་གཟུངས་སྔགས་ཉི་མའི་སྒྲོན་མེ།


CMR042_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ནད་སེལ་བའི་གཟུངས་སྔགས་ཉི་མའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།


CMR042_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། ན་མོ་རཏྣ་ཏྲ་ཡཱ་ཡ། སྤྱན་རྒྱས་ཨུཏྤ་ལ་ཡི་དྲི། །ཏོག་གི་རྒྱལ་པོ་ཞེས་བྱ་བའི། །དེ་བཞིན་གཤེགས་ལ་གསོལ་བ་འདེབས། །མིག་ནད་ཞི་བར་བྱིན་གྱིས་རློབས། །ཕྱག་སྟོང་མཐིལ་དུ་སྤྱན་སྟོང་ལྡན། །སྤྱན་སྟོང་སངས་རྒྱས་སྟོང་དུ་སྤྲུལ། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། །མིག་ནད་ཞི་བར་བྱིན་གྱིས་རློབས། །དབུ་སྟོང་མངའ་ཞིང་སྤྱན་སྟོང་ལྡན། །བྱེ་བ་བརྒྱ་ཡིས་སྤྱན་མངའ་མ། །གདུགས་དཀར་མོ་ལ་གསོལ་བ་འདེབས། །མིག་ནད་ཞི་བར་བྱིན་གྱིས་རློབས། །དབུ་སྟོང་མ་ལ་ཕྱག་སྟོང་མ། །སངས་རྒྱས་


CMR042_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ཡེ་ཤེས་སྤྱན། །ཕག་མོ་མཆོག་ལ་གསོལ་བ་འདེབས། །ཡེ་ཤེས་སྤྱན་དུ་བྱིན་གྱིས་རློབས། །མིག་གི་རྣམ་པར་ཤེས་པ་དང་། །མིག་གི་དབང་པོ་གནས་དག་པའི། །རྣམ་སྣང་མཛད་ལ་གསོལ་བ་འདེབས། །མིག་གི་ནད་གདོན་ཞི་བར་མཛོད། །མིག་གི་འབྲུ་ཡི་ནང་སྙིང་ན། །རྒུན་འབྲུམ་ཚད་ཙམ་གནས་དག་པ། །མི་བསྐྱོད་པ་ལ་གསོལ་བ་འདེབས། །མིག་གི་ནད་གདོན་ཞི་བར་མཛོད། །མིག་འབྲས་དཀར་པོ་གནས་དག་པའི། །རིན་ཆེན་འབྱུང་ལྡན་བཅོམ་ལྡན་འདས། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །མིག་གི་ནད་གདོན་


CMR042_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་མཛོད། །མིག་སྤྱན་མིག་ཤ་དམར་པོ་ནི། །རྣམ་པར་དག་པའི་བཅོམ་ལྡན་འདས། །འོད་དཔག་མེད་ལ་གསོལ་བ་འདེབས། །མིག་གི་ནད་གདོན་ཞི་བར་མཛོད། །མིག་གི་འབྱེད་འཛུམ་གཡོ་བ་རྣམས། །རྣམ་པར་དག་པའི་བཅོམ་ལྡན་འདས། །དོན་ཡོད་གྲུབ་ལ་གསོལ་བ་འདེབས། །མིག་གི་ནད་གདོན་ཞི་བར་མཛོད། །མིག་གི་སྐྱེ་མཆེད་གནས་དག་པའི། །སེམས་དཔའ་ས་ཡི་སྙིང་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །མིག་གི་ནད་གདོན་ཞི་བར་མཛོད། །མིག་གཉིས་བྱིན་གྱིས་བརླབ་མཛད་ཅིང་། །བཅོམ་ལྡན་གཏི་མུག་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །མིག་གི་ནད་གདོན་ཞི་བར་མཛོད། །མིག་གཉིས་དེ་ཝི་ཀོ་ཊི་གནས། །རྡོར་འོད་ཌཱ་ཀི་དབང་ཕྱུག་མ། །ཡབ་ཡུམ་གཉིས་ལ་གསོལ་བ་འདེབས། །མིག་གི་ནད་གདོན་ཞི་བར་མཛོད། །མིག་གཡས་གཤིན་རྗེའི་མཆེ་བ་དང་། །མིག་གཡོན་གཤིན་རྗེ་འཇོམས་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །མིག་གི་ནད་གདོན་ཞི་བར་མཛོད། །མིག་གཉིས་ཧཱུྃ་ཧཱུྃ་ཧོ་ཡིག་ལས། །བྱུང་བའི་རྡོ་རྗེ་ཉི་མ་ལ། །གསོལ་བ་འདེབས་སོ་


CMR042_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་ཟུང་། །མིག་གི་ནད་གདོན་ཞི་བར་མཛོད།། །མིག་གི་རྩ་ཁམས་གནས་དག་པའི། །རྩ་རི་ཡེ་ཤེས་འཁོར་ལོ་ལ། །གསོལ་བ་འདེབས་སོ་ཌཱ་ཀིའི་། ཚོགས། །མིག་གི་ནད་གདོན་ཞི་བར་མཛོད། །ལོང་བ་མིག་དང་འཕྲད་པའི་ལྷ། །སྒྲོལ་མ་ཉི་ཤུ་རྩ་གཅིག་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །མིག་གི་ནད་གདོན་ཞི་བར་མཛོད། །མིག་གི་ཁམས་ནི་གནས་དག་པའི། །རྡོ་རྗེ་མྱུ་གུ་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །མིག་གི་ནད་གདོན་ཞི་བར་མཛོད། །མིག་གི་རླུང་ཁམས་གནས་དག་པའི། །མ་མོ་ཆེན་མོ་ཀོའུ་རི་མ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །མིག་གི་ནད་གདོན་ཞི་བར་མཛོད། །མིག་གི་རང་བཞིན་གནས་༔ དག་པའི། །སྲིན་མོ་གཡག་གི་མགོ་ཅན་གྱིས། །དཔལ་ཆེན་བཀའ་ལས་མ་འདའ་བར། །མིག་གི་ནད་གདོན་ཞི་བར་མཛོད། །མིག་གི་རྣམ་ཤེས་གནས་དག་པའི། །བཀའ་སྲུང་བདུད་ཀྱི་རྒྱལ་པོ་ཁྱོད། །བཀའ་དང་དེམ་ལས་མ་འདའ་བར། །མིག་གི་ནད་གདོན་ཞི་བར་མཛོད། །མིག་གི་རྣམ་ཤེས་གནས་དག་པའི། །སྲིན་མོ་ཁྱི་ཡི་མགོ་ཅན་


CMR042_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མ། །ཁྲག་འཐུང་རྒྱལ་པོའི་བཀའ་བཞིན་དུ། །མིག་ལ་སྲུང་སྐྱོབ་མེལ་ཚེ་གྱིས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །མིག་གི་སྒོ་ནས་གང་བསགས་པའི། །སྡིག་སྒྲིབ་བདག་ལ་སྨིན་གྱུར་ནས། །འགྲོ་ཀུན་སྤྱན་ལྔ་ཐོབ་པར་ཤོག །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །མིག་ལ་གནོད་པའི་ནད་གདོནཀུན། །བདག་གི་མིག་ལ་ཐིམ་གྱུར་རྫུནས། །འགྲོ་བའི་མིག་རྣམས་བདེ་ལེགས་ཤོག །དེ་ཡི་བདེན་སྟོབས་ནུས་པ་ཡིས། །བདག་གི་མིག་གི་དབང་པོ་ཡིས། །ཕན་ཐོགས་རྒྱ་ཆེར་ནུས་པར་ཤོག །བདེ་གཤེགས་བཀའ་ཡི་བླ་མ་མཆོག །ཕྱོགས་མེད་རྒྱ་ཆེན་བསྟེན་པ་ལ། །རབ་རིབ་བར་ཆད་མི་ལྡང་ཞིང་། །མ་རིག་མུན་པ་སངས་བར་ཤོག །དབང་ལུང་ཁྲིད་ཁ་གདམས་དགུ་ཡིས། །སྣོད་ལྡན་ཐར་ལམ་སྟོན་པ་ལ། །ལོང་བའི་བར་ཆད་མི་ལྡང་ཞིང་། །ཆོས་རྒྱུད་རྒྱ་ཆེན་འཕེལ་བར་ཤོག་།རྒྱང་ཞགས་ཆུ་ཡི་སྒྲོན་མ་ལ། །བརྟེན་ནས་ཡེ་ཤེས་ལྟ་བ་ལ། །མིག་ནད་བར་ཆད་མི་ལྡང་ཞིང་། །སྐུ་གསུམ་མངོན་དུ་མཐོང་བར་ཤོག །སྨན་གྱི་ལྷ་དང་དབྱེར་མེད་པའི། །དཔལ་ལྡན་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་བདེན་པའི་


CMR042_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས། །སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །ཅེས་པ་འདི་རང་གི་མིག་མི་བདེ་བས་ཟླ་གསུམ་ཙམ་ན་ནས་དཔྱད་དང་སྨན་སོགས་ཅི་ནུས་བྱས་རུང་མ་དྲག་ཅིང་བདག་གིས་གསོལ་འདེབས་འདི་བྱས་པ་དེ་ནས་བཟུང་སྟེ་གྲགས་མགོ་བརྩམས་སོ། །ཞེས་པ་དགེ་སློང་རཱ་ག་ཨ་སྱས་མཛད་པའོ།། །། ༈ མིག་གཟུངས་བཞུགས་སོ། །བྱམས་མགོན་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་། །གསལ་བྱེད་མིག་གི་དབང་པོ་འཇམ་པའི་དབྱངས། །གྲིབ་གདོན་འཇོམས་མཛད་རྡོ་རྗེ་འཛིན་ལ་སོགས། །རིགས་གསུམ་མགོན་པོའི་བརྩེ་བའི་ཐུགས་རྗེ་ཡིས། །གྲིབ་དང་བད་ཀན་ཁྲག་སྲིན་གནོད་པ་ཞི། །གསལ་བྱེད་མིག་གིས་ཚེ་འདི་མཐོང་བར་ཤོག །ཨོཾ་དཀར་རྒྱལ་སྭཱ་ཧཱ། ཨོཾ་གསལ་བྱེད་སྭཱ་ཧཱ། ཞེས་རཱ་ག་ཨ་སྱས་མཛད་པའོ། །དགེའོ། །བཀྲ་ཤིས། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousམིག་ནད་སེལ་བའི་གཟུངས་སྔགས་ཉི་མའི་སྒྲོན་མེ།next