Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨན་བླའི་ཤོག་བཀྲའི་དབང་གི་སྔོན་འགྲོའི་ཚབ་ལ་སྔོན་དུ་བྱ།


 
previousསྨན་བླའི་ཤོག་བཀྲའི་དབང་གི་སྔོན་འགྲོའི་ཚབ་ལ་སྔོན་དུ་བྱ།no next

སྨན་བླའི་ཤོག་བཀྲའི་དབང་གི་སྔོན་འགྲོའི་ཚབ་ལ་སྔོན་དུ་བྱ།


CMR042_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་བླའི་ཤོག་བཀྲའི་དབང་གི་སྔོན་འགྲོའི་ཚབ་ལ་སྔོན་དུ་བྱ༔ ད་ནད་གདོན་ཞི་བར་བྱེད་པའི་དོན་དུ་དམིགས་པ་འདི་བཞིན་མཛོད༔ དེ་ཡང་ཟླ་བ་སྒྲོན་མའི་མདོ་ལས༔ གང་ཞིག་སངས་རྒྱས་ཡིད་བྱེད་པ༔ དེ་ཡི་མདུན་ན་ཐུབ་པ་བཞུགས༔ ཞེས་གསུངས་པས༔ ཁྱེད་རང་ཐ་མལ་པར་གནས་པའི་མདུན་དུ་ངེད་བཅོམ་ལྡན་འདས་སངས་རྒྱས་སྨན་བླ་མཆེད་བརྒྱད་སེམས་དཔའ་བཅུ་དྲུག་ཚངས་པ་བརྒྱ་བྱིན་རྒྱལ་ཆེན་སྡེ་བཞི་གནོད་སྦྱིན་སྡེ་དཔོན་བཅུ་གཉིས་ལ་སོགས་པ་ཉི་མ་དང་འོད་ཟེར་ལྟར་བཞུགས་པའི་དྲུང་དུ༔ ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་འདྲེ་གདོན་བགེགས་ཐམས་ཅད་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་འདུག་པ་ལས༔ ནད་པ་འདི་བསླུ་བའི་ཡོན་དུ་འདོད་ཡོན་སྟོང་གསུམ་ལྷ་མིའི་ལོངས་སྤྱོད་དཔག་ཏུ་མེད་པར་བྱིན་གྱིས་བརླབ་ཅིང་༔ ནད་པའི་ནད་བདག་རྣམས་ལ་བུ་ལོན་ལན་ཆགས་ཀྱི་ཚུལ་དུ་སྦྱིན་པས་ནད་བདག་ཐམས་ཅད་དགྱེས་ཤིང་ཚིམས་ནས་བུ་ལོན་སོད་ལན་ཆགས་བྱང་ཤ་འཁོན་དང་བྲལ༔ ད་ཕྱིན་ཆད་གནོད་པ་མི་བྱེད་པར་ཁས་བླངས་པར་བསྒོམ༔ བྱིན་རླབས་ཤོག་བཀྲ་འདིར་བྱ༔ ཚར་ནས༔ འོ་ད་ནི་


CMR042_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་སྣ་ཚོགས་ཀྱིས་ཁྱེད་རྣམས་དགྱེས་ཤིང་ཚིམས་པར་གྱིས་བསྲུང་བྱ་འདིའི་ལུས་ངག་ཡིད་གསུམ་ལ་བཟུང་བ་ཡོད་ན་ཐོངས༔ བཅིངས་པ་ཡོད་ན་ཁྲོལ༔ བསྡམས་པ་ཡོད་ལ་ཀློད༔ མནན་པ་ཡོད་ན་ཁྱོགས༔ དེང་ཕྱིན་ཆད་འདིར་མ་གནས་པར་གཞན་དུ་སོང་ཞིག༔ གལ་ཏེ་མི་འགྲོ་བར་འདུག་ན༔ ཡེ་ཤེས་རྡོ་རྗེ་འབར་བས་བསྲེག་ཅིང་བརླག་པར་གདོན་མི་ཟའོ༔ ནས་ལྕག་བྲབ༔ སུཾ་བྷ་ནིས་བསྐྲད༔ གདོན་བགེགས་ཐམས་ཅད་ཚིམས་ནས་རང་གནས་སུ་སོང་བར་བསམ༔ ནད་པའི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གོན་པར་བསམ༔ སྲུང་འཁོར་བསྒོམ་ལ་དབང་བསྐུར་རོ༔ པདྨའི་རིག་སྔགས་འཛིན་པས་ལྷན་ཐབས་སུ་སྦྱར་བའོ། །


CMR042_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousསྨན་བླའི་ཤོག་བཀྲའི་དབང་གི་སྔོན་འགྲོའི་ཚབ་ལ་སྔོན་དུ་བྱ།no next