Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
ཕྱག་རྡོར་གཏུམ་ཆུང་གི་སྒྲུབ་ཐབས་བདག་བསྐྱེད་དཀོན་མཆོག་འབངས་ཀྱིས་མཛད་པ་དང་། མདུན་བསྐྱེད་དོན་ལྡན་ཞབསཀྱིས་མཛད་པ་བསྒྲིགས་པའི་བུ་ཡིག་ཟིན་བྲིས་མ་རུངས་ཚར་གཅོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་རྡོར་གཏུམ་ཆུང་གི་སྒྲུབ་ཐབས་བདག་བསྐྱེད་དཀོན་མཆོག་འབངས་ཀྱིས་མཛད་པ་དང་། མདུན་བསྐྱེད་དོན་ལྡན་ཞབསཀྱིས་མཛད་པ་བསྒྲིགས་པའི་བུ་ཡིག་ཟིན་བྲིས་མ་རུངས་ཚར་གཅོད།next

ཕྱག་རྡོར་གཏུམ་ཆུང་གི་སྒྲུབ་ཐབས་བདག་བསྐྱེད་དཀོན་མཆོག་འབངས་ཀྱིས་མཛད་པ་དང་། མདུན་བསྐྱེད་དོན་ལྡན་ཞབསཀྱིས་མཛད་པ་བསྒྲིགས་པའི་བུ་ཡིག་ཟིན་བྲིས་མ་རུངས་ཚར་གཅོད།


CMR043_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་གཏུམ་ཆུང་གི་སྒྲུབ་ཐབས་བདག་བསྐྱེད་དཀོན་མཆོག་འབངས་ཀྱིས་མཛད་པ་དང་། མདུན་བསྐྱེད་དོན་ལྡན་ཞབསཀྱིས་མཛད་པ་བསྒྲིགས་པའི་བུ་ཡིག་ཟིན་བྲིས་མ་རུངས་ཚར་གཅོད་ཅེས་བྱ་བ་བཞུགས་སོ།།


CMR043_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། །ཕྱག་ན་རྡོ་རྗེ་ཁྱུང་གི་ཤམ་བུ་ཅན། །གཏུམ་མོ་མེ་འབར་མགུལ་ཁུག་མ་ཞེས་པའི། །སྒྲུབ་ཐབས་དཀོན་མཆོག་འབངས་ཀྱིས་མཛད་པ་ཡི། །མན་ངག་ཉུང་བསྡུས་གོ་བདེའི་ཚིག་གིས་བཀོད། །གསང་བདག་བཀའ་འཁོར་བཅས་པས་བཀའ་གནང་སྩོལ། །རྡོ་རྗེ་འཆང་ལ་ཡེ་ཤེས་དབང་ཕྱུག་མས། །ཞུས་པས་ཕྱག་རྡོར་གསང་བ་བསྟན་པའི་རྒྱུད། །གསུངས་པ་བླ་མེད་ཕ་རྒྱུད་ཡིན་པར་བཤད། །སྔགས་རིང་འདི་དག་གསང་སྔགས་རྙིང་མའི་རྒྱུད། །གཏུམ་པོ་ནཱ་ག་བདུད་འདུལ་རྒྱུད་ནས་བྱུང་། །གསང་བའི་བདག་པོ་རྩི་ལུ་པཎྜི་


CMR043_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཏ། །སློབ་དཔོན་ལས་ཀྱི་རྡོ་རྗེ་ཐང་ལོ་པ། །ཤིང་ལོ་པ་དང་ཀཎྜ་རི་པ་དང་། །ཝ་ལ་ཙཎྜ་རས་ཆུང་རྡོར་གྲགས་ནས། །དེང་སང་བར་དུ་སྒྲུབ་བརྒྱུད་མ་ཆད་པ། །འདི་ཉིད་ཉམས་སུ་ལེན་ཚུལ་བསྒྲིགས་དགོས་ལྟར། །ཐུན་བཞིར་བདག་བསྐྱེད་བསྙེན་པ་བྱ་བ་དང་། །ཐུན་མཇུག་མདུན་བསྐྱེད་མཆོད་བསྟོད་གཏོར་མ་བསྔོ། །ཡིག་བརྒྱས་ཁ་བཀང་ཐུན་བསྡུ་གཞུང་ལྟར་རོ། །རྒྱུན་ཁྱེར་བྱེད་ན་ཉིན་རེ་ཐུན་རེར་བྱ། །སྔོན་དུ་ལྷ་གཞན་བསྙེན་པ་མ་སོང་ན། །ཨོཾ་བཛྲ་པཱ་ཎི་ཧཱུྃ། ཞི་བསྙེན་འདི་ཉིད་འབུམ་མམ་སུམ་འབུམ་བཟླ། །ལྷ་གཞན་བསྙེན་པ་སོང་ན་མི་དགོས་


CMR043_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་བསྙེན་པའི་དུས་ཀྱི་དམིགས་པ་ནི། །རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ནི། །སྔོན་པོ་ཤས་ཆེ་འོད་ལྔའི་མདངས་ལྡན་པ། །ཕྱོགས་བཅུའི་འཇིག་རྟེན་ཁྱབ་པར་འཕྲོས་པ་ཡིས། །ཕྱོགས་བཅུའི་དུས་གསུམ་སངས་རྒྱས་ཐམས་ཅད་ལ། །མཆོད་པའི་སྤྲིན་ཕུང་དཔག་མེད་གྱུར་པས་མཆོད། །དེ་ཀུན་རྡོ་རྗེ་གཏུམ་པོའི་སྐུར་གྱུར་ཏེ། །འོད་ཞུ་འོད་ཟེར་ཁ་དོག་རྣམ་ལྔར་གྱུར། །ཚུར་འདུས་རང་གི་སྤྱི་བོར་ཐིམ་པ་ཡིས། །ཡེ་ཤེས་ལྔ་ཡི་དབང་བསྐུར་ཐོབ་གྱུར་ཏེ། །དབང་རྟགས་དབུ་རྒྱན་ཐོད་སྐམ་ལྔ་ཡི་རྩེར། །ཨོཾ་ཧཱུྃ་ཏུཾ་ཧྲིཨཱཡིས་མཚན་པར་གྱུར། །དེ་ལ་རྡོ་རྗེ་ཕྲ་མོའི་ཆར་བབས་པས། །རང་ལུས་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་གསོལ། །སླར་ཡང་སྔགས་ཕྲེང་འོད་ཟེར་འཕྲོས་པ་ཡིས། །རྒྱལ་བ་ཀུན་མཆོད་ཐམས་ཅད་གཏུམ་པོར་གྱུར། །འོད་ཞུ་ཚུར་འདུས་སྤྱི་བོའི་གཙུག་ནས་ཐིམ། །འོད་འཕྲོས་འགྲོ་བ་ཀུན་གྱི་སྒྲིབ་གཉིས་སྦྱངས། །ཀུན་ཀྱང་གཏུམ་པོའི་སྐུར་གྱུར་སྔགས་སྒྲ་སྒྲོག །དེ་ལྟར་བསྒོམ་ཞིང་པཱ་ཎི་འབྲུ་དྲུག་བཟླ། །དེ་ནི་འདི་ཡི་བསྙེན་པ་ཡིན་པར་བཤད། །ཕྱག་གཡོན་སྡིགས་མཛུབ་བསྒྲེངས་བའི་རྩེ་ལ་ནི། །ཁྱུང་གཅིག་ཁྲ་ཐབས་ཚུལ་དུ་ལྡིང་


CMR043_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །བ་སྤུ་ཀུན་ཏུ་ཁྱུང་ཕྲུག་ཕྲ་མོས་གཏམས། །དེ་མིན་དམིགས་པ་གོང་དང་མཚུངས་པར་བསྒོམས། །ཙཎྜ་མ་བཟླས་འདི་ཡི་ཉེ་བསྙེན་ཡིན། །རང་གི་ཐུགས་ཀར་རྡོ་རྗེ་མཐིང་ནག་ནི། །ཚོན་གང་ཙམ་ཞིག་གྱེན་དུ་འགྲེང་བའི་ལྟེར། །ཉི་ཟླའི་གདན་ལ་ཧཱུྃ་མཐིང་ནས་འབྲུ་ཙམ། །དེ་མཐར་རྩ་སྔགས་གཡས་སུ་འཁོར་བ་ལས། །མེ་འབར་ལུས་ཀྱི་ནད་གདོན་ཐམས་ཅད་བསྲེགས། །འོད་ཟེར་ཕྱིར་འཕྲོས་ཁྲོ་བོ་ཁྱུང་གི་ཚོགས། །མཚོན་ཆ་མེ་དཔུང་འཚུབ་མ་ཆེར་འཕྲོས་པས། །སྟོང་གསུམ་ཁམས་གང་གནོད་བྱེད་ཐམས་ཅད་བསྲེགས། །དེ་ལྟར་བསྒོམ་ཞིང་ཙཎཱའི་སྔགས་བཟླས་པས། །འདི་ཡི་སྒྲུབ་པའི་དམིགས་པའི་གཙོ་བོ་ཡིན། །རབ་ཀྱིས་སུམ་འབུམ་འབྲིང་གིས་བདུན་འབུམ་དང་། །ཐ་མས་འབྲུ་འབུམ་ཡང་མཐའ་སུམ་འགྱུར་བཟླ། །གྲངས་ལ་མི་ངེས་རྟགས་ལ་གཙོ་ཆེ་བས། །གཞུང་ནས་གསུངས་པའི་གཏུམ་པོའི་རྟགས་བརྒྱད་སྒྲུབ། །དེ་ནས་རང་ཉིད་གཏུམ་པོའི་གནས་ལྔ་རུ། །རིགས་ལྔའི་ཁྱུང་ནི་དཀར་དམར་མཐིང་སེར་ལྗང་། །འཁོར་ལོ་པདྨ་རྡོ་རྗེ་རིན་ཆེན་དང་། །རལ་གྲི་རྣམས་ནི་གཡས་ཀྱི་ཕྱག་ན་བསྣམས། །གཡོན་པས་རང་མདོག་


CMR043_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ནི་ཞལ་དུ་གསོལ། །ཐུགས་ཀའི་ཁྱུང་སྔོན་ཐུགས་ཀར་ཡེ་ཤེས་སེམས། །གཏུམ་པོ་རང་འདྲའི་ཐུགས་ཀར་ཉི་ཟླའི་སྟེང་། །བཟླ་བྱའི་སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འཕྲོས་པའི་འོད་ཟེར་ཁྱུང་གིས་སྟོང་གསུམ་གང་། །འཕུར་འབབ་ལྡིང་འཇུམ་གཤོག་སྒྲ་འབྲུག་ལྟར་གྲག །གནོད་ཅིང་འཚེ་བའི་ཀླུ་གཉན་ས་བདག་རྣམས། །མིག་བྲུ་སྙིང་དང་ནང་གྲོལ་འདྲེན་ཅིང་ཟ། །སྤུ་གསེབ་བྱེ་ཚན་ཆར་གྱིས་ཤ་རུས་ཕྱེ། །གཤོག་པ་བརྡབས་པས་མེ་རླུང་འཚུབ་མ་ཡིས། །གནོད་བྱེད་ཐམས་ཅད་བྱ་སྒྲོ་མེར་བསྲེགས་ལྟར། །དེ་དག་ཀུན་གྱི་མཐུ་སྟོབས་གཟི་བརྗིད་ཀུན། །ཁྱུང་རྣམས་ལ་ཐིམ་ཁྱུང་རྣམས་བདག་ལ་ཐིམ། །བདག་ཉིད་མཐུ་སྟོབས་གཟི་བརྗིད་ཆེར་འབར་བསྒོམས། །ཐུང་འདོགས་ག་རུ་ཊ་ཡི་སྔགས་ཤམ་དེ། །འབུམ་ཕྲག་གཅིག་གམ་གཉིས་སམ་གསུམ་བཟླས་ཏེ། །མང་ཉུང་རང་ལ་གནོད་འཚེ་ཡོད་མེད་བསྟུན། །འདི་ནི་སྒྲུབ་པ་ཆེན་པོ་ཡིན་པ་སྟེ། །རྣོ་ཕྱིར་སོ་འདྲའི་བསྙེན་པ་ཞེས་ཀྱང་གྲགས། །དེས་མ་ཐུལ་ན་སྔགས་ཐུང་གཉིས་པོའི་མཐར། །གཏུམ་པོ་གློག་གི་དྲག་སྔགས་ཉེར་བརྒྱད་པ། །ཅི་ལ་བཏབ་ཀྱང་ཐོགས་པ་མེད་དེ་བཏགས།། །གལ་ཏེ་དེས་ཀྱང་ཐུལ་


CMR043_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་གྱུར་ན། །དེ་མཐར་དྲག་སྔགས་ཞེ་དགུ་པ་ཉིད་བཏགས། །དེ་ཚེ་རང་གི་ཐུགས་ཀའི་འོད་ཟེར་གྱིས། །སྣོད་བཅུད་མེ་འོད་འབར་བའི་གཏུམ་པོས་གང་། །ཟླ་གདན་ཞབས་གཡོན་བརྡབས་པས་འཁོར་ཀུན་འདར། །འཁོར་རྣམས་གནོད་བྱེད་གཅུན་པས་འདར་ཞིང་འདུད། །དེ་ནི་ཞབས་ཀྱི་ཕྲིན་ལས་ཞེས་བྱའོ། །བ་སྤུའི་ཁུང་ནས་མེ་དཔུང་འབར་མཆེད་འཚུབ། །འཁྱིལ་བས་གནོད་བྱེད་བྱ་སྒྲོ་ལྟ་བུར་བསྲེགས། །དེ་ནི་སྐུ་ཡི་ཕྲིན་ལས་ཞེས་བྱའོ། །རང་ལྕེ་ཟླ་སྟེང་རྡོ་རྗེ་རྩེ་གསུམ་པ། །རྩེ་མོ་རེ་ལ་སྔགས་ནི་ཚན་གསུམ་རེ། །སྔགས་མཇུག་ཕྱིར་བསྟན་ཕཊ་གསུམ་བྲུལ་ལ་ཁད། །སྔགས་ཀྱི་རང་སྒྲ་འབྲུག་ལྟར་སྒྲོག་བྱེད་ཅིང་། །ཕཊ་གསུམ་ལས་ནི་རྡོ་རྗེའི་སེར་ཆེན་འཕྲོས། །གནོད་བྱེད་ཤོ་མང་སེར་བས་གཏོར་བ་བཞིན། །དེ་ནི་གསུང་གི་ཕྲིན་ལས་ཞེས་བྱའོ། །སྐུ་ལ་བརྒྱན་པའི་ཀླུ་བརྒྱད་སྦྲུལ་ཆེན་བརྒྱད། །དེ་དག་ཁ་ནི་ཕྱིར་ལ་ཕྱོགས་པ་ལས། །མཐོང་དུག་རེག་དུག་ཁ་རླངས་མཆེ་བའི་དུག །བསམ་ངན་དུག་ལྔ་ན་བུན་བཞིན་དུ་འཕྲོས། །དགྲ་བགེགས་མེ་ཏོག་སད་ཀྱིས་ཁྱེར་ལྟར་བཅོམ། །དེ་ནི་རྒྱན་གྱི་ཕྲིན་ལས་ཞེས་བྱའོ། །རང་གི་ཐུགས་ཀར་རྡོ་རྗེ་ཧཱུྃ་


CMR043_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ལས། །ཁྲོ་བོའི་རྡོ་རྗེ་རྩེ་མོ་གསུམ་པ་དང་། །ཁྲོ་བོའི་དམག་ཚོགས་ཆེན་པོ་སྤྲོས་པ་ཡིས། །གནོད་བྱེད་བྱ་སྤུ་རླུང་གིས་གཏོར་བ་ལྟར། །ཕྱི་ཡི་རྒྱ་མཚོ་ཆེན་པོའི་ཕ་མཐར་བསྐྲད། །གང་དག་འགྲོ་བར་མི་བྱེད་པ་རྣམས་ནི། །མྱོས་བརྒྱལ་རེངས་འབོག་ཡིད་དབྱུང་ལ་ལ་བསད། །ཟོས་ཤིང་སྙིང་ཕྱུངས་གཏུབས་དང་རྒྱ་མཚོར་བསྒྱུར། །དེ་ཉིད་ཐུགས་ཀྱི་ཕྲིན་ལས་ཞེས་བྱའོ། །ཕྱག་གཡས་རྡོ་རྗེ་ཕྱར་ཞིང་བསྣུན་པ་ལས། །རྡོ་རྗེའི་ཐོག་ཆེན་གྲངས་མེད་ཚག་ཁྲོབ་འཕྲོས། །ཁང་རུལ་སྐྱོགས་ལྟར་གནོད་བྱེད་རྡུལ་ཧྲུལ་སོང་། །རྡོ་རྗེ་གསོར་བས་རང་འདྲའི་ཁྲོ་བོའི་ཆར། །དེ་དག་ཀུན་གྱི་ཕྱག་གཡས་རྡོ་རྗེ་ཡི། །ཐོ་བེ་བཟུང་ནས་གནོད་བྱེད་དམྱལ་དམྱལ་བརྡུངས། །ཐམས་ཅད་ཕྱེ་མ་ཐལ་བ་རྡུལ་དུ་བརླགས། །དེ་ལ་དག་གཏུམ་པོའི་ལས་དྲུག་དམིགས་པའོ། །ཐུན་མཐར་སྤྲུལ་པ་ཐམས་ཅད་བདག་ལ་ཐིམ། །སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ། །པདྨ་འདབ་བཞི་རྒྱ་སྲན་ཙམ་གྱི་དབུས། །ཉི་ཟླའི་གའུ་ནང་དུ་རང་གི་སེམས། །ཨ་ཤད་དམར་པོ་སྤྱི་ཡི་རྩེ་མོ་ཙམ། །མར་མེ་ལྟ་བུར་གསལ་ལ་དམིགས་པ་གཏད། །མ་ཡེངས་རྩེ་གཅིག་གནས་པ་ཞི་གནས་ཏེ། །


CMR043_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡིད་ལ་ཅི་ཡང་མི་བསམ་པར། །གང་ཤར་ངོ་བོ་སྐྱོང་བ་ལྷག་མཐོང་ཡིན། །དེ་ནི་འདི་ཡི་ལུགས་ཀྱི་ལྷག་མཐོང་སྟེ། །དེ་དོན་ཕྱག་རྡོར་གསང་བསྟན་རྒྱུད་ཉིད་ལས། །བསྐྱེད་པའི་རིམ་པ་དམིགས་པ་ཐོབ་ནས་ནི། །རང་གི་སྙིང་གར་ཡེ་ཤེས་སེམས་དཔའ་བསྒོམ། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ནི། །པདྨ་འདབ་བཞི་རྒྱ་སྲན་ཙམ། །དབུས་སུ་ཉི་ཟླའི་གཞལ་ཡས་ཁང་། །གཞལ་ཡས་ཁང་གི་ནང་དུ་ནི། །ཨ་ཤད་མར་མེའི་རྩེ་ལྟར་བསྒོམ། །དེ་ལ་དམིགས་པ་ཐོབ་ནས་ནི། །ཅི་ཡང་བསམ་པར་མི་བྱ་སྟེ། །བསམ་གྱིས་མི་ཁྱབ་དེ་བསམས་ནས། །དེ་ལས་ཡེ་ཤེས་ཐོབ་པར་འགྱུར། །གསལ་ལ་རྟོག་མེད་རིག་པའི་སྐུ། །ཡེ་ཤེས་ཞེས་ནི་དེ་ལ་བྱའོ། །ཞེས་གསུངས་པ་ཡི་དོན་ཡིན་ནོ། །རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་ལས། །རང་འདྲའི་ཁྲོ་བོ་ཕྱོགས་བཅུར་ཁྱབ་པར་འཕྲོས། །གནོད་བྱེད་གདུག་པ་ཅན་རྣམས་དཔའ་བཀོང་སྟེ། །ཚར་བཅད་ཚུར་འདུས་འཁོར་ལོའི་ཕྱི་རོལ་དུ། །རྡོ་རྗེའི་གུར་ཁང་མེ་རི་འབར་བར་གྱུར། །འཁོར་ལོའི་ནང་དུ་བསྲུང་བྱ་ཐམས་ཅད་ཚུད། །གལ་ཆེན་ཐུགས་སྲོག་ཧཱུྃ་གི་ནང་དུ་སྦ། །རྩ་སྔགས་ཤམ་བུར་སྔགས་འདི་


CMR043_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ལ་བཟླ། །བསྲུང་བྱ་ངོས་འཛིན་ཡོད་ན་མིང་སྦྱར་ཞིང་། །རང་ཉིད་ཡིན་ན་མ་མ་སྦྱར་བ་ཡིན། །གཉིས་ཀར་བསྲུང་བྱ་མ་མ་ཀཱ་ཡ་ཝཱཀ་ཙིཏྟ་རཀྵ་རཀྵ་ཀུ་རུ་ཧཱུྃ་མཾ་སྭཱ་ཧཱ། ཅི་ནུས་བཟླས་པས་རང་གཞན་བསྲུང་བའི་མཆོག །ཕྱི་རོལ་སྣོད་བཅུད་འོད་ཞུ་བདག་ལ་ཐིམ། །བདག་ཉིད་འོད་ཞུ་ཐུགས་ཀའི་ཧཱུྃ་ལ་ཐིམ། །ཧཱུྃ་གི་ཞབས་ཀྱུ་ཡར་ཐིམ་ཧཾ་དུ་གྱུར། །དེ་ལས་མེ་འབར་རང་གི་གནས་ཁང་བསྲེགས། །ཆེར་མཆེད་མེ་འབར་ཡུལ་ཁམས་ཐམས་ཅད་བསྲེགས། །མེ་སྒྲ་འབྲུག་བཞིན་སྔགས་སྒྲ་སྒྲོག་པར་བསམ། །རྩ་སྔགས་ཤམ་བུ་འདི་ཉིད་བཏགས་ལ་བཟླ། །གནོད་བྱེད་ཨུ་ཙ་ཏ་ཕཊ། ཁྱིམ་དུ་གདོན་ཆེན་ཞུགས་པ་འཕུད་ཐབས་སོ། །རང་ལ་གཟའ་ཡི་གནོད་པ་བྱུང་གྱུར་ན། །གཟའ་ཆེན་བརྒྱད་པོ་སྐུ་སྟོད་དྲང་སྲོང་གཟུགས། །ཐལ་མོ་སྦྱར་ཞིང་བདག་ལ་གུས་པའི་ཚུལ། །སྐུ་སྨད་སྦྲུལ་མཇུག་རང་གི་གདན་འོག་མནན། །རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་གྱིས། །རང་ལུས་གཟའ་ནད་བ་མོར་ཉི་ཕོག་བཞིན། །རང་གི་ཐུགས་ལས་གསང་བདག་ཚོན་གང་པ། །བརྒྱད་སྤྲོས་གཟའ་བརྒྱད་སྤྱི་བོ་ནས་ཞུགས་ཏེ། །སྙིང་གར་ཐིམ་པར་དམ་བཏགས་བྱིན་གྱིས་བརླབས། །


CMR043_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་མི་བྱེད་ཁས་བླངས་དམ་བཅས་བསམ། །རཀྵ་རཱ་ཧུ་ལ་བཏགས་སྔགས་དེ་ནི། །བརྒྱའམ་སྟོང་སོགས་གནོད་ཚབ་དང་བསྟུན་བཟླ། །རྐང་ལག་ན་ས་སོགས་སུ་སྔགས་མཆིལ་བཏབ། །གཞན་དག་གཟའ་ཡི་ནད་ཀྱིས་ཟིན་པ་ལ། །རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །ལྕང་ལོ་ཅན་ནས་གསང་བདག་རང་འདྲ་བ། །གཟའ་བརྒྱད་ཞབས་ཀྱིས་མནན་པ་དང་བཅས་པ། །དཔག་མེད་སྤྱན་དྲངས་ནད་པའི་རྣ་བར་ཐིམ། །ཁ་ཏྲ་རུ་ཏྲ་ལ་སོགས་སྔགས་བཏགས་པ། །བརྒྱ་རྩ་བརྒྱད་བཟླས་ཕུ་མཆིལ་བཏབ་པས་ཕན། །གཏུམ་པོ་རིགས་བཞིའི་སྔགས་ནི་དཀྱིལ་ཆོག་ལ། །གསུངས་ཀྱི་འདི་རུ་དགོས་པ་མ་ཡིན་ནོ། །བུམ་པ་སྤྱི་མཐུན་གཞུང་ལྟར་བཅས་བྱས་ལ། །མཚན་ཉིད་ཡོངས་རྫོགས་རྣམ་རྒྱལ་བུམ་པའི་དབུས། །མདུན་བསྐྱེད་བཞིན་དུ་གཙོ་འཁོར་ཡོངས་རྫོགས་བསྐྱེད། །ཡོད་ན་ཡུངས་ཀར་འབྲུ་བདུན་སྔགས་ལ་བླུགས། །རྩ་སྔགས་མཇུག་ཏུ་སྔགས་འདི་བཏགས་ལ་བཟླ། ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ། སརྦ་པཱ་པ་བྷི་ན་ས་ཨ་ཨཱ༔ ཞེས་པ་ཅི་མང་བཟླས་རྗེས་


CMR043_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འདི་བརྗོད། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཀཱ་ཡ་ཝཱཀ་ཙིཏྟ་སྭ་བྷ་ཝ་ཤུདྡྷོཉཧཾ། བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་པ་གང་བའི་ཆུའི་རྡུལ་ཕྲན་རེའང་། །ཁྲོ་ཆུང་དང་ནི་ཁྱུང་གི་རང་བཞིན་བསྒོམས། །ཆུ་དེས་བདག་ཉིད་ཐོ་རངས་ཁྲུས་ཆབ་བྱ། །མི་གཙང་གྲིབ་ཀྱིས་ཚུགས་པར་མི་འགྱུར་ཞིང་། །བུམ་ཆུ་བཏུང་དང་བཀྲུས་པས་འགོས་ནད་བསྲུང་། །མི་ཕྱུགས་གློ་བུར་ན་བ་རྣམས་ལ་ཡང་། །བུམ་ཆུ་བཏུང་དང་བཀྲུས་པས་འཕྲལ་དུ་བདེ། །རྟག་ཏུ་བཏུང་དང་བཀྲུས་པས་སྲིའུ་སོས། །སྨྱོན་པ་ལ་སོགས་ནད་པ་གདོན་ཆེན་ལ། །དང་པོ་ཆ་གསུམ་བྱིན་ལ་བདེན་སྟོབས་བརྗོད། །དེ་ནས་བུམ་ཆུས་བྱབ་ཁྲུས་སྤྱི་ལྟར་བྱ། །དེ་ནས་བུམ་པ་གཏོར་མ་ལ་སོགས་པས། །དབང་བསྐུར་སྤྱི་ལྟར་བྱས་པས་ནད་པ་སོས། །ནད་གདོན་སྨྱོ་འབོག་ཀླུ་དང་ས་བདག་ནད། །དུག་གི་རིགས་དང་མཛེ་རིགས་བཅོ་བརྒྱད་སེལ། །མཇུག་ཏུ་གཏོར་ཟན་ཁམ་གསུམ་བཟའ་རུ་འཇུག །སྲིའུ་ཡིན་ན་གཏོར་མ་སྔས་སྲུང་བཞག །དེ་དག་ཉེར་མཁོའི་ལས་ཚོགས་མདོར་བསྡུས་ཡིན། །ཀླུ་སོགས་གདོན་ཆེན་ངེས་པར་གསོད་པ་ནི། །རང་ལ་ཙི་ཙི་ཛཱ་ལའི་ནད་བྱུང་ན། །གང་གནོད་ལིང་གི་


CMR043_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་མཐུན་ལྟར་བྲིས་ལ། །དྲིལ་ལ་སྤྲ་ཚིལ་བག་ཟན་སྙིང་ཁར་བཅུག །ཁྲག་སྣ་དུག་སྣ་དྲག་པོའི་ས་སྣས་བྱུགས། །སྔོན་དམར་སྐུད་པས་བཅིངས་པ་གཟུངས་ཐག་སྣར། །དེ་སྟེང་རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲི། །མཚམས་བཞིར་ནན་བཞི་ལྟེ་བར་ཛཡིག་དང་། །རྭ་གདེངས་བར་དུ་མཱ་ར་ཡ་ཕཊ་དང་། །སྟེང་དུ་རི་རབ་གླིང་བཞི་བཅས་པ་བྲི། །ཧོམ་ཁུང་ལིང་ག་བཅུག་སྟེ་དེ་ཡིས་མནན། །དེ་སྟེང་ཨོཾམ་བྱས་སྒྲུབ་གཏོར་ཟུར་གསུམ་བཞག །སྟོད་ནི་མདུན་བསྐྱེད་སྨད་ནི་མཆོད་པར་དམིགས། །བགེགས་རིགས་འདུལ་ལ་མི་ཡི་རྗེ་ངར་དང་། །ཀླུ་ལ་སེང་ལྡེང་དགྲ་ལ་གྲི་ལྕགས་མཆོག །མ་རྙེད་དྲག་པོའི་ཤིང་ནི་གང་ཡང་རུང་། །ཕུར་པ་སོར་བཞི་དར་སྔོན་ཅོད་པན་བཏགས། །སྟོད་ནི་གསང་བདག་སྐུ་སྨད་ཕུར་པར་བསྒོམས། །ལིང་གའི་གཟུངས་ཐག་ཕུར་པ་དེ་ལ་བཏགས། །ཡུངས་ཀར་ལ་སོགས་ཐུན་རྫས་གང་འཛོམ་དང་། །ཕུར་པ་དེ་ལ་རྒྱུན་དུ་ཕུ་བཏབ་སྔགས། །དུས་བཞིར་བདག་མདུན་མངོན་རྟོགས་མཆོད་བསྟོད་རྗེས། །ཧོམ་ཁུང་ལྕགས་ཁང་ནང་དུ་གནོད་བྱེད་བཀུག །སྔགས་རིང་སྦྲེལ་མ་ཁོ་ན་བཟླ་བྱ་ཞིང་། །དམིགས་པ་གོང་གི་ལས་དྲུག་ཁོ་ན་བསྒོམས། །


CMR043_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རིང་སྦྲེལ་མཇུག་ཕུར་སྔགས་འདི་ཉིད་བཏགས། །བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་སརྦ་ཤ་ཏྲ་ཧུར་ཐུམ་ཛམཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཕུར་པ་བཏབ་ཅིང་ཐུན་གྱིས་བྲབ། །ཆུ་ལྟཡི་ཕ་རོལ་བརྒལ་དང་ལམ་བུ་བཅོས། །རི་གཟར་རྦབ་འདྲིལ་བྱ་ཆེན་བྱ་བྲན་བསད། །ར་གཡག་ཤ་བ་མ་ཐུབ་རྨིས་ནི་ངན། །རང་ལས་མཐོ་ཞིང་འཇིགས་པ་རྒྱབ་རྟེན་ཡོད། །ཁོ་ཡི་རྒྱབ་རྟེན་ལྷ་ལ་གཏོར་མ་བསྔོ། །རྩ་སྔགས་ཤམ་ལ་འདི་ཉིད་ཅུང་ཟད་བཟླ། །དགྲ་བགེགས་ལྷ་སྲུང་དང་ཤག་ཕྱེས་ཤག་ཕྱེས་མ་མ་ཏྲག་རུ་དྲ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཁོ་ཡི་ལྷ་སྲུང་། བྱེར་བར་བསྒོམས། །མི་སྡུག་འཇིགས་གཟུགས་བསྟན་ཡང་སྐྲག་མི་བྱ། །སྙན་པའི་ཚིག་གིས་བྲིད་ཀྱང་བདེན་མི་བཟུང་། །ཉི་ཟླ་དུས་གཅིག་ཤར་དང་རང་ཉིད་ཀྱི། །ཁྲག་དང་ནང་གྲོལ་ཕྱི་རུ་ཕྱུང་རྨིས་བཟང་། །ལིང་ག་འཚག་དང་སྐད་ངན་ཙིར་ཙིར་འདོན། །བྲུབ་ཁུང་ནང་དུ་སྒྲ་གྲག་འོད་འཁྱུག་དང་། །བྲུབ་ཁུང་འོག་གམ་རང་འོག་ས་འབུར་འོང་། །དེ་ནི་ཁུག་པའི་རྟགས་ཡིན་བཟང་བ་སྟེ། །མི་གནོད་ཁས་ལེན་དམ་བཅའ་ཞུ་འབུལ་དང་། །བརྡུངས་བསད་ཤ་ཁྲག་དམར་ཉོབ་ཐུབ་པའི་རྟགས། །ལིང་གའི་མགོ་བཅད་མཆོད་རྟེན་ཞབས་འོག་


CMR043_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མནན། །ལིང་གའི་སྨད་བཅད་གཏོར་མའི་ནང་དུ་བླུགས། །གཏུམ་པོ་འཁོར་བཅས་ཞལ་དུ་གསོལ་བར་དམིགས། །སྐེད་པ་དྲག་པོའི་སྦྱིན་སྲེག་སྤྱི་ལྟར་བྱ། །ལིང་གའི་ཚད་ནི་སོར་བཞི་འམ་སོར་བཅུ་གཉིས། །མནན་སྣོད་གཅན་གཟན་ཐོད་པ་ཡོད་ན་ལེགས། །ས་འོག་ཆུ་སྲིན་ཁ་རུ་བཅུག་པར་དམིགས། །རོ་གཡམ་རྒྱ་གྲམ་བྲིས་པས་སྟེང་། །ནས་མནན། །རྐང་པས་བརྫིས་སོགས་བྲོ་མནན་སྤྱི་དང་མཚུངས། །དེ་བྱས་ནག་པོའི་ཀླུ་ཡང་སོད་གྱུར་ན། །གདོན་བགེགས་གཞན་ལ་སྨོས་ཀྱང་ཅི་དགོས་གསུངས། །ཕུར་པ་དེ་ཉིད་བསྒྲུབ་པའི་རྟེན་དུ་འཆང་། །སྨྱོན་པ་སེར་བ་སོགས་ལ་གདེངས་པས་ཐུལ། །གསང་བ་ཐུགས་ཀྱི་ཕུར་གཅིག་མ་ཞེས་བྱ། །གཏོར་མ་བྲུབ་ཁུང་ལིང་གར་བརྡེག་གསུངས་ཀྱང་། །དང་པོ་གནས་གསུམ་གཏུག་ལ་དངོས་གྲུབ་བླངས། །རྩ་སྔགས་ཤམ་ལ་དངོས་གྲུབ་ལེན་པའི་སྔགས། །ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ། །སྒྲུབ་པ་ཡིན་ན་བསྒྲུབ་པ་མ་གྲོལ་བར། གཞུང་གི་གཏོར་མགྲོན་གཤེགས་པའི་ཚིག་དེ་བསྐྱུར། །དངོས་གྲུབ་བླངས་རྗེས་གཏོར་ལྷ་ནམ་མཁར་བཏེག །ལིང་གའི་སྨད་བཅུག་ཤ་ཁྲག་དམིགས་ལ་བསྔོ། །དེ་ལྷག་གཏོར་མ་མེ་


CMR043_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་ཆེན་པོར་དམིགས། །བྲུབ་ཁུང་ནང་གི་ལིང་རོའི་སྟེང་དུ་བརྡེག །བསྲེག་མནན་ལ་སོགས་ཐམས་ཅད་ཚར་བའི་རྗེས། །མཆོད་གཏོར་བཟང་བཤམས་བདག་མདུན་ཚར་གཅིག་བཏང་། །གཏང་རག་ཚུལ་དུ་གཏོར་བསྔོས་གཞུང་ལྟར་བྱ། །གཏོར་མགྲོན་གཤེགས་དང་ཐུན་བསྡུ་གཞུང་ལྟར་རོ། །དེ་ནི་རྗེས་ཆོག་ཡིན་ཞིང་མཚམས་གྲོལ་བྱ། །དེ་ཡིས་གཞུང་གི་སྒྲུབ་པའི་དོན་རྣམས་ཚང་། །དེ་ནས་སྒྲུབ་པའི་རྗེས་སམ་ནམ་ཡང་རུང་། །ལས་བཞིའི་སྦྱིན་སྲེག་སྤྱི་ལྟར་ཤེས་པའི་མིས། །ཐེབ་ཙེའི་ནང་དུ་ཏིལ་ནི་ནག་པོ་བླུགས། །རང་གི་སྙིང་གར་པཾ་ཡིག་ནག་པོ་ལ། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་ཐིམ་པར་བསམ། །རང་གི་རྐང་མཐིལ་ཡཾ་ལས་རླུང་གཡོས་པས། །ལྟེ་བའི་རཾ་ལས་གཏུམ་མོའི་མེ་ལྕེ་འབར། །སྙིང་གའི་བཻ་ཡིག་སྡིག་པ་རྭ་ཅན་གྱི། །རྣམ་པར་སྣ་བུག་གཡས་ནས་ཏིལ་ལ་ཐིམ། །དེ་འདྲའི་དམིགས་པ་བདུན་ནམ་ཉེར་གཅིག་བྱ། །དེ་ནས་ཡམ་ཤིང་མར་ཁུ་ཕུལ་བའི་རྗེས། །ཏིལ་ནག་བརྒྱ་དང་རྩ་བརྒྱད་སྔགས་འདིས་ཕུལ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་སརྦ་པཱ་པཾ་ད་ཧ་ན་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། སྡིག་པ་ཆེ་ན་ཉིས་བརྒྱ་སུམ་བརྒྱ་བསྲེགས། །ཤིན་ཏུ་ཆེ་ན་སྟོང་སོགས་


CMR043_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དང་བསྟུན། །མེ་ཏོག་དཀར་པོ་དཀར་གསུམ་ལ་སོགས་པ། །ཞི་བའི་བསྲེག་རྫས་ཅི་འབྱོར་ཙམ་ཞིག་འབུལ། །མདུན་བསྐྱེད་མེ་ལྷ་ཕྱག་རྡོར་ཐུགས་ཀ་ནས། །འོད་ཟེར་དཀར་པོ་རང་གི་སྤྱི་གཙུག་ཞུགས། །སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུ་ལྟར། །བཤང་ལམ་ནས་ཐོན་ས་འོག་སོང་བར་དམིགས། །འདི་ནི་རང་གི་སྒྲིབ་སྦྱོང་མཆོག་ཡིན་པར། །རྒྱ་གཞུང་ཉིད་ནས་ཤིན་ཏུ་རྒྱ་ཆེར་གསུངས། །ནད་པ་གསོ་ན་ནད་པའི་མིང་གཟུགས་བྲིས། །དགྲ་བགེགས་ཞི་འདོད་དེ་ཡི་མིང་གཟུགས་བྲིས། །མེ་ལྷ་ཕྱག་རྡོར་འོད་ཟེར་དམར་པོ་ནི། །མེ་ཡི་རང་བཞིན་འཕྲོས་པས་ནད་པའི་ནད། །དགྲ་དང་བགེགས་ཀྱི་གདུག་རྩུབ་བསམ་ངན་རྣམས། །ཐམས་ཅད་འོད་ཟེར་དེ་ཡིས་གཞོབ་ཐུལ་བསྲེགས། །སླར་ཡང་འོད་ཟེར་དཀར་པོ་འཕྲོས་པ་ཡིས། །ནད་དང་གདུག་རྩུབ་ཐམས་ཅད་ཞི་བར་དམིགས། །གཟུགས་མིང་དེ་ཡང་སྦྱིན་སྲེག་ནང་དུ་བཞུ། །ནད་ལ་གྲོ་དང་བགེགས་ལ་ཡུངས་ཀར་འབུལ། །གོང་ལྟར་ཕཊ་སྤངས་པ་ཡི་སྔགས་དེ་ལ། །ཆེ་གེའི་ནད་གདོན་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། བརྒྱ་སྟོང་ལ་སོགས་སྐབས་དང་བསྟུན་པར་བྱ། །དེ་བཞིན་མེ་ཏོག་སེར་པོ་རིན་


CMR043_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འབྲུ། །བརྒྱ་རྩ་བརྒྱད་བསྲེགས་འོད་ཟེར་སེར་པོ་ཡིས། །རང་གཞིན་ཚེ་དང་བསོད་ནམས་རྒྱས་པར་དམིགས། །ཆྒེ་པུཥྚིཾཀུ་རུ་བྷྱོ་ཤད། །མེ་ཏོག་དམར་པོ་སྨན་སྣ་བརྒྱ་རྩ་བསྲེགས། །འོད་ཟེར་དམར་པོས་སྣང་སྲིད་དབང་བསྡུས་བསམ། །གང་འདོད་ཆེ་གེ་ཛ་ཛཿཧོཿ །མེ་ཏོག་སྔོན་པོ་དུག་སྣ་ཤ་ཁྲག་ཚོགས། །ཐུན་རྫ་ས་ལིང་གར་བཏབ་པ་བརྒྱ་རྩ་བསྲེགས། །སྔགས་རིང་ཉེར་བརྒྱད་པའམ་གཉིས་ཀའི་མཇུག །གནོད་བྱེད་མཱ་ར་ཡ་ཕཊ། ཚངས་པའི་ཚེ་དང་ལྡན་ཡང་བརླག་པར་གསུངས། །འདི་ཡི་སྔགས་རིང་ནཱ་ག་ཞེས་པ་རྣམས། །ཀླུ་ཡི་གནོད་དང་ཀླུ་ཉིད་འདུལ་སྔགས་ཏེ། །དེ་མིན་དགྲ་བགེགས་གཞན་ལ་ཡིན་ན་ནི། །ཀླུ་ཉིད་ལས་མཁན་གྱུར་ནས་དེ་གསོད་བྱེད། །དེ་ནི་སློབ་དཔོན་རྣམས་ཀྱི་ཞལ་ཁྲིད་ཡིན། །རང་ཉིད་གཏུམ་པོའི་བ་སྤུའི་བུ་ག་ནས། །ཁྲོ་ཆུང་མཚོན་ཆ་ཐོགས་པ་སྐར་ལྟར་འཁྲུགས། །རང་ཉིད་བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །ཀླུ་ལས་འཕྲོས་པའི་མེ་དཔུང་ཁྲོ་ཚོགས་ཀྱིས། །གནོད་བྱེད་གང་ཡིན་ནམ་མཁའི་མཐར་བསྐྱེད་བསྒོམ། །རྩ་སྔགས་མཇུག་ཏུ་འདི་བཏགས་ཅུང་ཟད་བཟླ། །ཨོཾ་ར་ཙ་སྟེ་བྷ་ཡ་ཆིང་ཆིང་སྭཱ་ཧཱ། །དེ་ཡིས་ཕོ་


CMR043_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་རྒྱལ་པོའི་གནོད་པ་ཟློག །བྷྱོ་མ་མ་ཏྲག་རཀྵ། མ་མ་ཏྲག་རུ་སྭཱ་ཧཱ། དེ་ཡིས་མོ་གདོན་རིགས་ཀྱི་གནོད་པ་ཟློག །དེ་ཡིས་ལས་ཚོགས་ཉེར་མཁོ་ཐམས་ཅད་ཚང་། །དེ་ནས་དེ་དག་ཕན་ཡོན་བསྟན་པ་ནི། །ཕྱག་རྡོར་གསང་བ་བསྟན་པའི་རྒྱུད་དང་ནི། །གཏུམ་པོ་ནཱ་ག་ཀླུ་འདུལ་ནག་པོའི་རྒྱུད་གཉིས་ཀ་ནས་རྩ་སྔགས་ཙཎྜ་མ་གསུངས། འཕགས་པ་བར་དུ་གཅོད་པ་སེལ་བའི་གཟུངས་ལས་ཀྱང་ཙཎྜ་མ་གསུངས་ནས། གཤིས་ངན་དུ་འཆི་བ་བཅུ་གསུམ་སྟེ། དུག །མཚོན། ལྷོག་པ། མཚོན་བརྒྱབ་པ། གཅན་གཟན་གྱིས་ཟ་བ། མེས་ཚིག་པ། ཆུས་འཆི་བ། འགོ་བའི་རིམས་གཞན་ཡ་ང་བ། མཛེ་ནད། གསོར་མི་རུང་བའི་ནད་ཡ་ང་བ། གཡང་ལ་ལྟུང་བ། གཞན་གྱི་བྱད་དང་། ཟས་ཀྱིས་བརྣངས་བ་དང་། བདག་རང་གིས་གསོད་པ་སྟེ། གཤིས་ངན་དུ་འཆི་བ་བཅུ་གསུམ་གྱིས་རྐྱེན་བྱེད་པར་མི་འགྱུར་རོ། །འདི་འཛིན་པ་དང་། འཆང་བ་དང་། །བཟླས་བརྗོད་བྱེད་པ་ལ་ནི། ས་དང་ནམ་མཁའ་ལ་གནས་པའི་བགེགས་དྲེགས་པ་ཅན་མ་རུངས་པ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་རོ། །དེ་ལ་ལས་ཀྱི་སྒྲིབ་པ་དང་། ཉོན་


CMR043_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་སྟེ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །ནཱ་ག་ཀླུ་འདུལ་གཏུམ་པོའི་རྒྱུད་ལས། ཀླུ་རྣམས་ཀྱིས་གསོལ་པ། གཏུམ་པོ་ཁྱུང་གི་ཚོགས་རྣམས་ཀྱི། །བཀའ་ལས་མི་འདའ་ཚུལ་བཞིན་སྒྲུབས། །གལ་ཏེ་བཀའ་ལས་འདས་གྱུར་ན། །བདག་ཅག་ཀླུ་རྣམས་རྡུལ་དུ་བརླག་གྱུར་ཅིག །ཅེས་ཀླུ་རྣམས་ཀྱིས་དམ་བཅས་སོ། །གཏད་མནན་བྱས་པ་རང་ལ་ལོག་དོག་གམ། །རང་ཉིད་གཞན་གྱི་གཏད་ཞབས་སོང་བའམ། །ཀླུ་དང་ས་བདག་ནད་གདོན་ལུས་ཞུགས་ན། །རང་གི་ལུས་ནི་བུད་ཤིང་ཕུང་པོར་བསམས། །རང་སེམས་རཾ་ལས་ཡེ་ཤེས་མེ་འབར་བས། །རང་ལུས་བུད་ཤིང་ཀླུ་དང་བཅས་པ་ཚིག །ཙཎཱའི་སྔགས་མཇུག་འདི་ཉིད་བཏགས་ལ་བཟླ། །ༀ་བཛྲ་མ་ཧཱ་ཀྲོ་དྷ་པད་མ་ཀྲོ་ཏཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ། ནཱ་ག་དུ་ཙནྡ་ཙནྡྲ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱཿ །སྙིང་མི་དགའ་དང་བརྒྱལ་དང་འདར་ན་བཟླ། །དེ་མིན་སྔགས་རིང་དེ་ཉིད་བཟླ་མི་དགོས། །དེ་ནས་རང་ལུས་སྟོང་པར་གྱུར་པ་དེ། །སྐད་ཅིག་དྲན་རྫོགས་རྡོ་རྗེ་གཏུམ་པོར་


CMR043_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །གནས་ལྔ་ཁྱུང་ལྔ་ཡེ་ཤེས་སེམས་དཔའ་བཅས། །སྤྱི་གཙུག་རྒྱལ་རིགས་འདུལ་བྱེད་ཁྱུང་ནི་དཀར། །དཔུང་གཡས་དམངས་རིགས་འདུལ་བའི་ཁྱུང་ནི་སྔོ། །བརླ་གཡས་བྲམ་ཟེ་འདུལ་བའི་ཁྱུང་ནི་དམར། །བརླ་གཡོན་གདོལ་པ་འདུལ་བའི་ཁྱུང་ནི་ལྗང་། །དཔུང་གཡོན་རྗེའུ་རིགས་འདུལ་བའི་ཁྱུང་ནི་སེར། །རྒྱབ་ཏུ་ཀླུ་མོ་འདུལ་བའི་ཁྱུང་མོ་བཞི། །སོག་གཡས་མེ་ཏོག་འཛིན་པའི་ཁྱུང་མོ་དཀར། །སོག་གཡོན་བདུག་སྤོས་འཛིན་པའི་ཁྱུང་མོ་སེར། །དཔྱི་གཡོན་མར་མེ་འཛིན་པའི་ཁྱུང་ནི་དམར། །དཔྱི་གཡས་དྲི་ཆབ་འཛིན་པའི་ཁྱུང་མོ་ལྗང་། །བ་སྤུ་ཐམས་ཅད་ཁྱུང་ཕྲུག་སྔོན་པོས་གཏམས། །སྐུ་ལས་སྤྲུལ་པའི་ཁྱུང་ཆེན་སྣ་ཚོགས་འཕྲོ། །ཡང་སྤྲུལ་ཁྱུང་ནི་བུ་ཡུག་བཞིན་དུ་འཚུབ། །སུམ་སྤྲུལ་ཁྱུང་གིས་སྟོང་གསུམ་འཇིག་རྟེན་གང་། །ཀུན་ཀྱང་གཡུ་ཡི་སྨིན་མ་མེ་ལྕེ་འབར། །སྤྱན་ནི་ཁྲག་གི་རང་བཞིན་རྦ་རླབས་འཁྲུགས། །གནམ་ལྕགས་འབར་བའི་རྭ་ལ་དུད་པ་ཐུལ། །སྤྱི་གཙུག་ནོར་བུ་དགོས་འདོད་ཆར་པ་འབེབས། །རྡོ་རྗེ་ཕ་ལམ་མཆུ་སྡེར་རྣོ་ཞིང་མཁྲེགས། །རལ་གྲིའི་གཤོག་པ་ཆུ་གྲིའི་མཇུག་སྒྲོ་ཅན། །སྤུ་གྲིའི་ཐིལ་ཕྲན་གསེབ་ནས་


CMR043_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་ཚན་འབེབས། །ཀྲང་ཀྲིང་སྒྲ་སྒྲོག་འཕུར་ལྡིང་སྣ་ཚོགས་བྱེད། །གནོད་བྱེད་རང་མདོག་སྦྲུལ་གྱི་རྣམ་པར་ཟ། །དེ་ལྟར་ཁྱུང་ཆེན་ཉེར་གཅིག་གོ་ཆ་འདི། །ལས་སྐྱོགས་དྲག་པོ་ནམ་ཕྱེད་བསྒོམ་པར་གསུངས། །དེ་ནས་མཚམས་གཅོད་བསྲུང་བའི་དམིགས་རིམ་ནི། །བསྲུང་བྱ་ཐམས་ཅད་རང་གི་གཡས་གཡོན་བསམ། །སྐུ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་པས། །སྟེང་འོག་ཕྱོགས་མཚམས་བར་མཚམས་སྲུབ་མེད་པར། །འོད་ཟེར་དཀར་པོ་རྡོ་རྗེ་དཀར་པོའི་གུར། །སེར་པོ་ནོར་བུས་མཚན་པའི་ཕུར་པའི་གུར། །དམར་པོ་པདྨས་མཚན་པའི་གྲི་གུག་གུར། །ལྗང་གུ་རྒྱ་གྲམ་མཚན་པའི་རལ་གྲིའི་གུར། །མཐིང་ཀ་སྟེང་འོག་གནམ་ལྕགས་འཁོར་ལོ་ནི། །རྩིབས་སྟོང་སོ་འཐབས་གཡས་གཡོན་འཁོར་བའི་གུར། །དེ་རྒྱབ་འོད་ལྔ་འཁྲུགས་པའི་ཡེ་ཤེས་ཀྱི། །མེ་རི་ཁ་དོག་ལྔ་ལྡན་འབར་བར་བསྒོམ། །ཡེ་ནས་དམ་ཚིག་ཡེ་ཤེས་དབྱེར་མེད་དེ། །སྤྱན་འདྲེན་དབང་བསྐུར་མི་དགོས་དྲན་རྫོགས་ཡིན། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་གནོད་བྱེད་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། །འདི་ནི་རྒྱུན་ཁྱེར་རང་གཞན་བསྲུང་བའི་མཆོག །དེ་ལྟར་སེམས་དཔའ་རང་བྱུང་རྡོ་རྗེ་ཡི། །ཁྱད་ཆོས་ཤམ་བུ་ཅན་གྱི་ཆོས་བཞི་


CMR043_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཕྱག་ན་རྡོ་རྗེ་ཁྱུང་གི་ཤམ་བུ་ཅན། །རྒྱ་ཆེན་རྒྱུད་གཞུང་རྣམས་ནས་འབྱུང་བ་དང་། །མན་ངག་སློབ་དཔོན་རྣམས་ཀྱི་ཞལ་གདམས་དང་། །རང་ལོ་བཅོ་བརྒྱད་ལོན་ནས་ད་ཡི་བར། །ཉམས་སུ་བླངས་བའི་མྱོང་བ་དང་བསྟུན་ནས། །རིག་སྔགས་འཆང་བ་མཐར་ཕྱིན་ཞེས་བྱ་བས། །ཡང་ཡང་ནན་གྱིས་བསྐུལ་བ་དོན་ཡོད་ཕྱིར། །ལུག་ལོ་ས་གའི་དམར་པོའི་ཚེས་གཅིག་གི་།སྔ་དྲོའི་ཆ་ལ་རཱ་ག་ཨ་སྱས་གདམས། །ཡི་གེ་པ་ཡང་ཞུ་བ་པོ་དེས་བྱས། །ཉེས་འགལ་གང་མཆིས་ཡི་དམ་ལྷ་ལ་བཤགས། །དགེ་བས་འགྲོ་ཀུན་རྡོ་རྗེ་འཛིན་ཐོབ་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཕྱག་རྡོར་གཏུམ་ཆུང་གི་སྒྲུབ་ཐབས་བདག་བསྐྱེད་དཀོན་མཆོག་འབངས་ཀྱིས་མཛད་པ་དང་། མདུན་བསྐྱེད་དོན་ལྡན་ཞབསཀྱིས་མཛད་པ་བསྒྲིགས་པའི་བུ་ཡིག་ཟིན་བྲིས་མ་རུངས་ཚར་གཅོད།next