Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
འཕགས་པ་སྤྱན་རས་གཟིགས་སེང་གེ་སྒྲ་ཡི་སྒོ་ནས་གདོན་ཁྲོལ་ཤིན་ཏུ་བསྡུས་པ་ཁྱེར་བདེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་སྤྱན་རས་གཟིགས་སེང་གེ་སྒྲ་ཡི་སྒོ་ནས་གདོན་ཁྲོལ་ཤིན་ཏུ་བསྡུས་པ་ཁྱེར་བདེ།next

འཕགས་པ་སྤྱན་རས་གཟིགས་སེང་གེ་སྒྲ་ཡི་སྒོ་ནས་གདོན་ཁྲོལ་ཤིན་ཏུ་བསྡུས་པ་ཁྱེར་བདེ།


CMR043_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་སེང་གེ་སྒྲ་ཡི་སྒོ་ནས་གདོན་ཁྲོལ་ཤིན་ཏུ་བསྡུས་པ་ཁྱེར་བདེ་བཞུགས་སོ།།


CMR043_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་སེང་ཧ་ནཱ་ད་ཡེ། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་འདུད། །གདོན་ཁྲོལ་གསེར་གྱི་ལྡེ་མིག་བསྡུས་པ་བྲི། །སྟེགས་བུ་ལེགས་པར་བཅས་པའི་སྟེང་དུའམ། །ཡང་ན་གཞི་དཀར་སྟེང་ན་ནས་ཚོམ་ལྔ། །དེ་དབུས་རིན་ཆེན་ལས་གྲུབ་བུམ་པ་གཅིག །མགུལ་ཆིངས་རས་དཀར་ཁ་ཚར་ཅན་གྱིས་བྱ། །ལྕག་མ་རྨ་བྱའི་མདོངས་དང་ཀུ་ཤ་དང་། །འོམ་བུ་བལ་བུ་ལ་སོགས་ཤིང་སྣ་ནི། །གང་འཛོམ་རྣམས་ཀྱི་ཁ་རྒྱན་བྱ་བ་ཤེས། །ཁྲུས་བུམ་ནང་དུ་གདོན་ཁྲོལ་རྫས་རྣམས་བླུགས། །དེ་མཐར་ལྷ་བཤོས་ལེགས་པ་ལྔ་ཡང་འགོད། །དེ་མཐར་དཀར་གཏོར་གཅིག་ལ་ཀླུ་བཤོས་བརྒྱན། །མཆོད་པ་སྣ་བདུན་ལ་སོགས་སྤྱི་ལྟར་བཤམས། །སྣོད་གཅིག་ནང་དུ་བགེགས་གཏོར་ཆངས་བུ་དང་། །མར་མེ་ཏིང་ལོས་


CMR043_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་གཅིག་ཀྱང་བྱ། །དེ་མཐར་བསྲུང་བྱ་གོས་དཀར་གྱོན་བྱས་ལ། །རང་ཉིད་ལ་ནི་ཁ་ནི་གྲུ་ནས་འདུག །རང་ཉིད་བདེ་བའི་སྟན་ལ་འདུག་བྱས་ནས། །རྡོར་དྲིལ་ཌ་མ་རུ་སོགས་ཚགས་བྱས་ནས། །དེ་ནས་བགེགས་གཏོར་དེ་ཉིད་བྲན་བྱས་ལ། །ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ་བྱ། །ཡི་དམ་ཏིང་འཛིན་གསལ་བས་འདི་སྐད་དོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་ལན་ཆགས་ཀྱི་གཏོར་མ་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར།


CMR043_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་སརྦ་ཏ་ཐཱ་ག་ཏ་བློ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐ་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས། །ཚེ་རབས་ལས་ཀྱིས་མནར་བའི་ལན་ཆགས་རྣམས། །འདིར་གཤེགས་བརྒྱན་པའི་གླུད་གཏོར་འདི་བཞེས་ལ། །དེང་འདིར་སྦྱིན་བདག་འདི་ཡི་ལུས་ངག་ལ། །གནོད་ཅིང་འཚེ་བར་ད་རང་གནས་དེངས། །གལ་ཏེ་མི་འགྲོ་བར་ཆད་བྱེད་པ་ན། །བདག་ཉིད་དབང་ཆེན་འབར་བ་ཐུགས་ཁྲོས་ནས། །ལུས་ངག་ཐལ་བ་བཞིན་དུ་རླག་པར་བྱེད། །དེ་བས་ཚོད་ལྟ་ཉིད་དུ་ཕྱིར་དེངས་ཤིག །ཨོཾ་ཧིབཛྲ་ཀྲོ་དྷ་ཧྱ་གྲི་ཝ་གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་མཆོད་པ་ཐམས་ཅད་བྲན་ལ། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེ་ལས་བྱུང་བའི་སྣོད་དུ་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་པྲ་ར་ནི་ཏ། སཾ་པྲ་ར་ནི་ཏ། སརྦ་བུདྡྷ་ཀྵེ་ཊ་པྲ་ཙ་ལི་ཏི། པྲཛྙཱ་པ་ར་མི་ཏ་ན་ད་སཾ་བྷ་ཝ་བཛྲ་དྷརྨཱ་ཧྲི་ད་ཡ་སནྟོ་


CMR043_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ༔ ཨ་ཁཾ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབས། དེ་ནས། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཁམས་གསུམ་སྲིད་གསུམ་གྱི་བཅུད་ཐམས་ཅད་བསྡུས་པའི་སེང་གེའི་གདན་ལ་འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་སེང་གེའི་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི། གཡས་རྩེ་གསུམ་དང་རལ་གྲི། གཡོན་པདྨ་དང་ཨུཏྤལ་འཛིན་པ་རལ་པ་ཐོད་དུ་བཅིངས་པ། སྐུ་ལ་རིན་པོ་ཆེས་བརྒྱན་པ། ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན་པ། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཐུགས་ཀའི་ཧཱུྃལས་འོད་ཟེར་འཕྲོས་པས་པོ་ཊ་ལ་ནས་འཕགས་པ་སྤྱན་རས་གཟིགས་སེང་གེ་སྒྲ་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བ་བཛྲ་ས་མཱ་ཡ་ཛ་ཛཿ པདྨ་ཀ་མ་ལཱ་ཧཱུྃ། ཨོཾ་ལོ་ཀི་ཤྭ་ར་སེང་ཧཱ་ན་ད་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ཨཱཿཧཱུྃ། པཱདྱཾ༴ པུཥྤེ༴ དྷཱུཔེ༴ ཨཱ་ལོ་ཀེ༴ གྷནྡྷེ༴ ནཻ་ཝིདྱེ༴ ཤབྟ་ཨཱཿཧཱུྃ༔ སླར་ཡང་ཐུགས་ཀར་ཧཱུྃལས་འོད་ཟེར་འཕྲོས་དབང་ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་


CMR043_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསྩལ་དུ་གསོལ་ལོ། །ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱི་ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་དབང་བསྐུར་བས་སྐུ་གང་དྲི་མ་ཆུ་ཡི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་དང་འཇམ་དཔལ་གྱིས་དབུ་བརྒྱན་པར་གྱུར། ཐུགས་ཀའི་ཧཱིཝཡིག་ལ་སེང་ཧ་ན་དའི་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་སེང་ཧ་ན་ད་ཧཱུྃ་ཕཊ༔ ཞེས་སྟོང་ལས་མི་ཉུང་བར་བཟླའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཏཾ་ཀ་ཊེ། ཀ་རོ་ཊེ། ཙིཏྟ་ཛྭ་ལ་ཀ་རོ་ཀཾ་ཌ་བིད་སྭཱ་ཧཱ། ཞེས་པ་སུམ་བརྒྱ་ཙམ་བཟླ། ཨོཾ་སེང་ཧཱ་ན་དཱ་ཨཱཙཱཧིཧཱུྃ། སུམ་བརྒྱ་ཙམ་བཟླ། སྔགས་ཕྲེང་དེ་ལས་འོད་ཟེར་འཕྲོས་པ། འཇིག་རྟེན་དབང་ཕྱུག་གི་སྐུ་ལ་ཕོག་པས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། དེ་ནས་བསྟོད་པ་ནི། ཧི༔ སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས། །རང་གི་གྲོགས་ཀྱིས་སྤང་བས་གཅིག་པུར་ལུས། །ཀླུ་དང་གདོན་གྱི་ཚོགས་རྣམས་བཅིངས་བར་མཛད། །འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་བསྟོད། །ཞེས་པས་


CMR043_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་དོ། །དེ་ནས་བསྲུང་བྱ་ལ་ཁྲུས་བྱ་བ་ནི། སླ་ངའམ་སྣོད་ཅིག་གི་ནང་དུ་ཆངས་བུ་ལོ་གྲངས་སམ་གང་འཛོམ་བཞག་ལ། དེའི་སྟེང་དུ་བསྲུང་བྱ་རྣམས་ཀྱི་ཁ་ལག་བཤལ་ལ། ཧཱུྃ། རིན་ཆེན་ལས་གྲུབ་བུམ་པ་རྒྱན་ལྡན་འདི། །ཕྱི་ནི་བུམ་པ་གསང་བ་གཞལ་ཡས་ཁང་། །ནང་ནི་ཡེ་ཤེས་གདན་ཁྲོལ་རྫས་ཀྱིས་གང་། །དེང་འདིར་བསྲུང་བྱ་འདི་ལ་ཁྲུས་གསོལ་བས། །འཇིག་རྟེན་སྲིད་པའི་གདོན་གྱིས་བཅིངས་བ་ཁྲོལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་རྒྱ་གྲི་ཝ་ཡ། ན་མོ་ལོ་ཀི་ཤྭ་ར་ཡ། ཏདྱ་ཐཱ། ཨོཾ་ཧཱི༔ ཀུ་ལུ་མུ་ལུ་ནི་ལ་ཀཎྜ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནྡྷ་བནྡྷ། མཱ་ར་ཡ་ཧ་ཧ་ཧ་ཧ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧྲཱི༔ཧཱུྃ་ཕཊ༔ ལྷ་ཡི་གདོན་གྱིས་བཅིངས་བ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ལྷ་མ་ཡིན་གྱི་གདོན་གྱིས་བཅིངས་པ་ཐམས་ཅད་བཅིངས་བ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཀླུ་ཡི་གདོན་གྱིས་བཅིངས་བ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། མིའམ་ཅི་ཡི་བཅིངས་བ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ལྟོ་འཕྱེའི་གདོན་གྱིས་བཅིངས་བ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། གནོད་སྦྱིན་གྱི་གདོན་བཅིངས་བ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། བཙན་གྱི་གདོན་བཅིངས་བ་ཐམས་ཅད་


CMR043_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཨ་པ་ན་ཡེ་སྭཱ་ཧཱ། དམུ་ཡི་གདོན་བཅིངས་བ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། མ་མོའི་གདོན་བཅིངས་བ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཐེའུ་རང་གི་གདོན་བཅིངས་བ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། རྒྱལ་པོ་དང་བསེན་མོའི་གདོན་གྱིས་བཅིངས་བ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། བགེགས་ཀྱིས་བཅིངས་བའི་གདོན་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། བསྲུང་བྱ་འདི་ཡི་ལུས་བཅིངས་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ངག་བཅིངས་བ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཡིད་བཅིངས་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཨོཾ་ཝ་རུ་ཎ་སྭཱ་ཧཱ། ཨོཾ་ཨ་ནནྟ་སྭཱ་ཧཱ། ཨོཾ་བཱ་སུ་ཀི་ཡེ་སྭཱ་ཧཱ། ཨོཾ་ནཀྵ་ཡེ་སྭཱ་ཧཱ། ཨོཾ་ཀརྐོ་ཊ་ཡ་སྭཱ་ཧཱ། ཨོཾ་པདྨ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་པདྨ་སྭཱ་ཧཱ། ཨོཾ་ཤང་ཁ་པ་ལ་སྭཱ་ཧཱ། ཀླུ་རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བྲམ་ཟེ་དང་གདོལ་པ་རྣམས་ཀྱིས་བཅིངས་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། བསྲུང་བྱ་འདི་ཡི་ལུས་ངག་ཡིད་གསུམ་བཅིངས་པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། བསྲུང་བྱ་འདི་ཡི་ལུས་ངག་ཡིད་གསུམ་བཅིངས་བ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། བཅིངས་པ་དང་བསྡམས་


CMR043_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། དེ་ནས་རྨ་བྱའི་སྒྲོ་དང་ཀུ་ཤ་སྤེན་མ་འོམ་བུ་བལ་བུ་རྣམས་ཀྱི་ལྕུག་མ་རྣམས་བཟུང་ནས་ལག་པས་གཡབ་ཚུལ་བྱ་ཞིང་། ཧྲཱི༔ མཛེས་བྱེད་རྨ་བྱའི་ལྕག་མ་འདི། །དུག་འཇོམས་འབྱུང་ལྔའི་ཐིག་ལེ་བཀྲ། །རྒྱལ་བ་རིགས་ལྔས་བྱིན་གྱིས་བརླབས། །ཀུ་ཤའི་ལྷུག་མ་གཙང་ཞིང་དག །ཡིད་འོང་མདངས་ལྡན་ཀུ་ཤ་ལ། །འདོད་ཡོན་ལྔ་ཡི་སྙེ་མ་འཁྲུངས། །ཀླུ་ཤིང་འོམ་བུའི་ལྕག་མ་འདི། །དངོས་གྲུབ་ལྷ་ལུང་སྨན་གྱི་ལྷ། །ཡེ་ཤེས་སྟོན་ཕྱིར་འབྱུང་ལྔ་སྐྱེད། །ཐུགས་རྗེས་ཡོན་ཏན་ས་ཡི་དྲོད་ལས་འཁྲུངས། །དམ་ཚིག་གཙང་ཕྱིར་སྨན་གྱི་ཤིང་། །བལ་བུ་སྨན་གྱི་ལྕག་མ་འདི། །དངོས་གྲུབ་སྩོལ་ཕྱིར་མེ་ཏོག་རྒྱས། །གཏི་མུག་ཞི་ཕྱིར་ལོ་མ་ནག །ཞེ་སྡང་ཞི་ཕྱིར་སྡོང་བུ་ཡོ་ཕྲ། །ང་རྒྱལ་ཞི་ཕྱིར་རྟིང་པ་ཟླུམ། །བཀྲ་ཤིས་ཚུལ་དུ་ཡལ་ག་འཕེལ། །སྤེན་མ་ཤིང་མཆོག་ལྷུག་མ་འདི། །འབྱུང་བ་ལྔ་གསལ་ཡེ་ཤེས་ཤིང་། །ཐུགས་རྗེ་སྟོན་ཕྱིར་རྩ་བ་དཀར། བཀྲ་ཤིས་འཕེལ་ཕྱིར་མེ་ཏོག་དཀར། །འདི་ལྔ་ཚེ་སྔོན་གདོན་ཁྲོལ་རྫས། །དེ་རིང་བསྲུང་བྱ་འདི་དག་ལ། །གདོན་གྱིས་བཅིངས་པ་ཁྲོལ་བར་མཛོད། །ཨོཾ་


CMR043_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ཧྲཱི༔ སེང་ཧ་ནཱ་ད་ཧཱུྃ་ཕཊ༔ ཧཱིནཱ་ད་ལ་དུམ་པ་ལེ་པ་ལེ་ནཱ་ག་པུ་ཏ། ཧ་ལེ་ཧ་ལེ་ཧ་ལེ། སྤུ་ཊ་སྤུ་ཊ་ནཱ་ག་ཁྲོལ་ཁྲོལ་ཤིག་ཤིག་སྭཱ་ཧཱ། ལྷ་ཡི་རྒྱལ་པོ་ཚངས་པ་ལ་སོགས་པ་ལྷའི་གདོན་གྱིས་བཅིངས་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། ཀླུ་ཡི་རྒྱལ་པོ་ཝ་རུ་ཎ་ལ་སོགས་པའི་ཀླུ་ཡི་གདོན་གྱིས་བཅིངས་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ལ་སོགས་པའི་དྲི་ཟའི་གདོན་གྱིས་བཅིངས་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། གནོད་སྦྱིན་རྒྱལ་པོ་རྣམ་ཐོས་བུ་ལ་སོགས་པའི་གནོད་སྦྱིན་གྱི་གདོན་གྱིས་བཅིངས་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། ལྷ་མིན་རྒྱལ་པོ་ཐགས་ཟངས་རིས་ལ་སོགས་པའི་ལྷ་མིན་གྱི་གདོན་གྱིས་བཅིངས་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། མིའམ་ཅི་ཡི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་ལ་སོགས་པའི་གདོན་གྱིས་བཅིངས་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། གྲུལ་བུམ་རྒྱལ་པོ་སྦྲུལ་མགོ་དགུ་པ་ལ་སོགས་གྲུལ་བུམ་གྱི་གདོན་གྱིས་བཅིངས་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་ལ་སོགས་ནམ་མཁའ་ལྡིང་གི་གདོན་གྱིས་བཅིངས་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། ས་བདག་གི་རྒྱལ་པོ་


CMR043_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་སེ་ལ་སོགས་པའི་ས་བདག་གི་གདོན་གྱིས་བཅིངས་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། གཞན་ཡང་ལྷ་དང་མི་དང་ལྷ་མ་ཡིན་གྱི་གདོན་གྱིས་བཅིངས་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། རྒྱལ་པོ་དང་བསེན་མོའི་གདོན་གྱིས་བཅིངས་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། བཙན་དང་དམུ་དང་ཐེའུ་རང་གི་གདོན་གྱིས་བཅིངས་པ་ཐམས་ཅད། ཕྱེས་ཕྱེས་ཁྲོལ་ཁྲོལ། བསྲུང་བྱ་འདི་ཡི་ལུས་ངག་ཡིད་གསུམ་ལ་བན་བོན་གྱིས་མནན་གཏད་དུ་བཅུག་པའི་གདོན་གྱིས་བཅིངས་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། ཟོར་ཁ་ཕུར་ཁ་རྦད་འདྲེ་དྲོད་གཏོང་། ཐམས་ཅད་ཕྱེས་ཕྱེས་ཁྲོལ་ཁྲོལ། བསྡམས་པ་དང་མནན་པ་ཐམས་ཅད་ཕྱེས་ཕྱེས་ཁྲོལ་སོལ་སརྦ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་པ་འདི་ཉིད་ཚར་མང་བྱས་པ་ན། །འདི་ཡན་རྣམས་ནི་ཚར་གྱི་གྲངས་གསོག་དགོས། །གཏོར་མ་ལྕུག་མ་སྔོན་གྱི་དེས་ཆོག་གོ །ཁྲུས་ཆུ་ཆངས་བུ་རྣམས་བསྲུང་བྱའི་ལོ་བདུད་ཐོག་ཏུ་ཚར་རེ་ཐོན་ནས་རེ་རེ་བསྐྱལ་དགོས། ཆངས་བུ་ལྕུག་མ་ལྷོའི་ཕྱོགས་སུ་བཅུག །དེ་ནས་རྗེས་ཆོག་ནི། ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་


CMR043_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཡིག་བརྒྱས་ཁ་བཀང་། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་གྲུབ་ཅིང་ཕུན་སུམ་ཚོགས་གྱུར་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །སེང་གེ་སྒྲ་ནི་འགྲུབ་གྱུར་ནས། །བྱེད་དང་གདོན་གྱིས་བཅིངས་བ་ཀུན། །སྐད་ཅིག་ཉིད་ལ་གྲོལ་བར་མཛོད། །ཅེས་པ་འདི་ཡང་དབོན་པོ་གཅོད་པ་ཆོས་འཕེལ་གྱིས་བསྐུལ་ངོར་༧ རཱ་ག་ཨ་སྱས་དཔེ་རྙིང་ཀཿཐོག་ལུགས་འགའ་ཟུང་ནས་། འཕྲལ་དུ་ཞུན་མར་ངོག་ནས་བྲིས། དགེ་བས་འགྲོ་ཀུན་གདོན་ལས་གྲོལ་བར་ཤོག །ཤུ་བྷཾ། མངྒ་ལཾ།། །།༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousའཕགས་པ་སྤྱན་རས་གཟིགས་སེང་གེ་སྒྲ་ཡི་སྒོ་ནས་གདོན་ཁྲོལ་ཤིན་ཏུ་བསྡུས་པ་ཁྱེར་བདེ།next