Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུན་ཁྱེར་ཡིད་ཀྱི་ཟླ་ཟེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་རྣམ་པར་འཇོམས་པའི་རྒྱུན་ཁྱེར་ཡིད་ཀྱི་ཟླ་ཟེར།next

རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུན་ཁྱེར་ཡིད་ཀྱི་ཟླ་ཟེར།


CMR043_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུན་ཁྱེར་ཡིད་ཀྱི་ཟླ་ཟེར་ཞེས་བྱ་བ་བི་ཛ་ཧ་ར། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་ཀུན་དོན་དུ་རྣམ་པར་འཇོམས་པ་བསྒྲུབ། །རང་ཉིད་ལྷར་གསལ་འོད་ཀྱིས་ཚོགས་ཞིང་རྣམས། །ནམ་མཁའ་སྤྱན་དྲངས་ཕྱག་འཚལ་མཆོད་ཚོགས་འབུལ། །སྡིག་པ་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་རྟག་པར་བཞུགས་གསོལ་འདེབས། །དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་ཀུན་བྲལ་ཞིང་། །བདེ་དང་མི་འབྲལ་བཏང་སྙོམས་ལ་གནས་ཤོག །ཚོགས་ཞིང་རང་ཐིམ་མི་དམིགས་སྟོང་ཉིད་ངང་། །རྡོ་རྗེའི་རྭ་གུར་མེ་རི་འབར་བའི་ནང་། །པད་ཉི་ཧཱུྃ་ལས་རྒྱ་གྲམ་ཧཱུྃ་མཚན་ལས། །འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པས། །རང་ཉིད་རྣམ་འཇོམས་ལྗང་སྔོན་ཁྲོ་ཞིང་འཛུམ། །དབུ་སྐྲ་ཁམ་སེར་གྱེན་བརྫེས་སྤྱན་གསུམ་ལྡན། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་གསོལ། །གཡོན་པས་དྲིལ་བུ་དཀུར་བརྟེན་སྐྱིལ་ཀྲུང་བཞུགས། །དར་དང་རིན་ཆེན་རྒྱུན་ལྡན་མེ་དཔུང་འབར། །གནས་གསུམ་འབྲུ་གསུམ་ཧཱུྃ་ལས་འོད་འཕྲོས་པས། །ཡེ་


CMR043_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྤྱན་དྲངས་དམ་ཡེ་དབྱེར་མེད་ཅིང་། །དབང་ལྷས་དབང་བསྐུར་རྡོར་སེམས་དབུ་བརྒྱན་གྱུར། །ཐུགས་ཀར་ཉི་སྟེང་སྣ་ཚོགས་རྡོ་རྗེའི་ལྟེར། །ཧཱུྃ་མཐར་གཟུངས་སྔགས་གཡས་སུ་འཁོར་བ་ཡི། །འོད་ཀྱིས་གྲིབ་དང་སྔགས་ཀྱི་ལྷག་ཆད་སྦྱངས། །རིག་སྔགས་ནུས་མཐུ་དཔག་མེད་འཕེལ་བར་གྱུར། །རྒྱ་གར་སྐད་དུ་བཛྲ་བི་དཱ་ར་ཎ་སོགས་གཞུང་ཅི་ནུས་བཟླ། དེ་ནས། རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་ཡིས། །རྡོ་རྗེ་རྣམ་པར་འཇོམས་ལ་མཆོད་ཅིང་བསྟོད། །ཨོཾ་བཛྲ་བི་དཱ་ར་ན་ཨརྒྷཾ་སོགས་ཤབྟ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་པ་གཤེགས་དམ་ཚིག་མི་དམིགས་གྱུར། །དགེ་བས་རྡོ་རྗེ་རྣམ་འཇོམས་བདག་འགྲུབ་ཤོག །ཅེས་ཨོཾ་རྒྱན་རིག་འཛིན་རྒྱུན་ཁྱེར་དུ། ཨ་རྭ་གིས་བྲིས་པ་ཉེས་བཤགས་དགེ་བ་བྱང་ཆུབ་རྒྱུ་བསྔོའོ། །སརྦ་མངྒ་ལཾ།། །།


previousརྡོ་རྗེ་རྣམ་པར་འཇོམས་པའི་རྒྱུན་ཁྱེར་ཡིད་ཀྱི་ཟླ་ཟེར།next