Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
གནམ་ཆོས་ལས་བྱུང་བའི་རྣམ་འཇོམས་ལྗང་སྔོན་གྱི་བྱབ་ཁྲུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ལས་བྱུང་བའི་རྣམ་འཇོམས་ལྗང་སྔོན་གྱི་བྱབ་ཁྲུས།next

གནམ་ཆོས་ལས་བྱུང་བའི་རྣམ་འཇོམས་ལྗང་སྔོན་གྱི་བྱབ་ཁྲུས།


CMR043_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལས་བྱུང་བའི་རྣམ་འཇོམས་ལྗང་སྔོན་གྱི་བྱབ་ཁྲུས་ཞེས་བྱ་བ་བཞུགས་སོ༔


CMR043_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་བྱབ་ཁྲུས་ལ་གཞིའི་སྟེང་དུ་འབྲུའི་པདྨ་འདབ་བརྒྱད༔ དེའི་སྟེང་བུམ་པ་རྫས་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ༔ དེའི་མདུན་དུ་མཆོད་པ་སྤྱི་ལྟར་བཤམས༔ བྱབ་ཁྲུས་ཀྱི་རྫས་ཏིལ་ལམ་ཡུངས་ཀར་རམ་ཡུངས་གཞི༔ བལ་འདབ་དཀར་ནག༔ ལྕོག་རྡོག༔ ཆངས་བུ༔ ཏིང་ལོ༔ བྱབ་པའི་རྫས་ཀུ་ཤ༔ རྨ་བྱའི་མདོངས༔ ཡང་ན་རལ་གྲི༔ བཟང་ཤིང་གི་ཡལ་ག༔ བྱ་རོག་གི་སྒྲོ༔ ངར་མི༔ རྡོར་དྲིལ་སོགས་འཛོམ་པར་བྱས༔ སྐྱབས་སེམས་སྤྱི་ལྟར་སྔོན་དུ་སོང་ནས༔ མངོན་རྟོགས་གཅིག་གིས་བདག་དང་མདུན་བསྐྱེད་དང་བུམ་པའི་ནང་དུས་གཅིག་ལ་བསྐྱེད་པ་རྙིང་མའི་ཁྱད་ཆོས་སོ༔ ཨོཾ༔ ཆུཆུངྐུ༔ རྡོ་རྗེ་རྣམ་པར་འཇོམས་ལ་འདུད༔ འདི་ཉིད་བསྒྲུབ་པའི་རིམ་པ་ནི༔ རང་ཉིད་རྣམ་འཇོམས་


CMR043_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་སྔོན་ལ༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ སྣ་ཚོགས་རྡོ་རྗེ་ཐུགས་ཀར་གསོར༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ ཞལ་གཅིག་ལ་ནི་སྤྱན་གསུམ་པ༔ ཞལ་ནི་འཛུམ་ལ་སྤྱན་ནི་བགྲད༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ཐུགས་ཀའི་ཧཱུྃ་ལ་སྔགས་བསྐོར་བས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ རྡོ་རྗེ་རྣམ་འཇོམས་སྤྱན་དྲངས་བསྟིམ༔ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱཿ དེ་ཡིས་རྡོ་རྗེ་རྣམ་འཇོམས་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔


CMR043_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ཞལ་གདམས་ལ༔ དང་པོ་སྐད་ཅིག་གིས་བསྐྱེད༔ སྔགས་གྲངས་སོགས་མེད༔ འདི་ལ་གཟུངས་རིང་བཏགས་ནས་བཏོན་ན་ལེགས༔ ས་མ་ཡ༔ ཞེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ། མེ་སྤྲེའུ་ལོ་མགོ་ཟླ་བའི་ཚེས་བདུན་ནུབ་རྡོ་རྗེ་རྣམ་འཇོམས་མངོན་རྟོགས་དང་མཚུངས་པ་གཅིག་ཞལ་དངོས་སུ་གཟིགས་ནས་སྒྲུབ་པ་འདི་དངོས་སུ་བཀའ་སྩལ་ཏོ༔ ༈ དང་པོ་བདག་བསྐྱེད་ལ་དམིགས་ནས་གཟུངས་ཚར་གཅིག་དང་སྙིང་པོ་བརྒྱ༔ དེ་ནས་བུམ་བསྐྱེད་ལ་དམིགས་ནས་གཟུངས་ཚར་གཅིག་གམ་ཉེར་གཅིག་སྙིང་པོ་བརྒྱ་རྩ༔ དེ་ནས་བདག་མདུན་བུམ་པ་གསུམ་ཀ་ལ་རྒྱས་པར་འདོད་ན། རབ་འབྱམས་རྒྱ་མཚོ་སོགས་དང་༔ ཁ་དོག་དབྱིབས་ལེགས། རྒྱལ་སྲིད་མཆོད་པ་དང་༔ མཉམ་མེད་མ་དང་། སངས་རྒྱས་ཀུན་བས་སོགས་མཚན་བརྒྱས་བསྟོད་ཀྱང་རུང་ལ༔ བསྡུ་ན། ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཨརྒྷཾ་སོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད༔ ཐུགས་ཀྱི་རྣམ་འཕྲུལ་རྡོ་རྗེ་སེམས༔ རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད༔ ཤོ་ལོ་ཀ་གཅིག་གིས་བསྟོད་པས༔ བུམ་ལྷ་འོད་དུ་ཞུ་ནས་བདུད་རྩིའི་ཆུར་བསམ༔ དེ་ནས་ནད་པ་སོགས་སློབ་མ་མདུན་དུ་འདུག་བཅུག་ལ་འོ་ན་ད་ལམ་ཁྱེད་རྣམས་ལ་རྡོ་རྗེ་རྣམ་པར་འཇོམས་པའི་སྒོ་ནས་ཁྲུས་བྱབ་སྲུང་གསུམ་བྱེད་པ་ཡིན་


CMR043_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ༔ སྔོན་རྒྱལ་པོ་ལོག་པའི་སྙིང་པོ་ཅན་དེ་བདུད་ལྷས་བྱིན་གྱིས་བསླུས་ནས་སངས་རྒྱས་ལ་གླང་པོ་ཆེ་སྨྱོན་པ་དང་ཁྱི་གཏུམ་པོ་བཀྱེས༔ སྐྱོགས་སྟོབས་ཆེན་རྐང་དྲུག་བརྒྱབ༔ གཙུག་ལག་ཁང་བཤིགས༔ གླེགས་བམ་རྣམས་ཆུར་བསྐུར༔ རང་གི་ཕ་བསད་པ་སོགས་བྱས་པས་ཆོས་སྐྱོང་བའི་སྲུང་མ་རྣམས་འཁྲུགས་ནས༔ འཛམ་བུ་གླིང་དུ་མི་ནད་དང་ཕྱུགས་ནད་ཆེན་པོ་བྱུང་༔ རྒྱལ་པོ་ཉིད་ནད་རྐང་བཀྲ་བྱ་བའི་ཟུག་གཟེར་ཅན་བྱུང་བས༔ དེ་རྣམས་ཕན་ཕྱིར་རྒྱལ་པོ་སྡེ་བཞིས་ཞུས་ནས། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་རྣམ་འཇོམས་རྩ་རྒྱུད་ལེའུ་བརྒྱ་རྩ་བརྒྱད་གསུངས༔ རྒྱལ་ཆེན་སྡེ་བཞིས་རྒྱལ་པོ་ལོག་པའི་སྙིང་པོ་ལ་བཤད༔ རྒྱལ་པོས་ཁྲུས་བྱས་པས་ནད་ཕན༔ མི་ནད་ཕྱུགས་ནད་ཆད་དོ༔ དེ་ནས་རྒྱ་གར་དུ་འདིའི་སྒོ་ནས་གྲུབ་པ་ཐོབ་པ་ལྔ་བྱུང་སྟེ༔ རྒྱལ་པོ་གཟུགས་ཅན་སྙིང་པོའི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་མ་དག་ནས་སྤྱི་བོ་དང་ལྕེ་དང་སྙིང་ག་གསུམ་དུ་ཝ་ཊྛོབ་ཆེན་པོ་གསུམ་བྱུང་བ་ཡང་རྣམ་འཇོམས་ཀྱི་ཁྲུས་འདི་བྱས་པས་ཕན༔ ནཱ་རོ་པཎྜི་ཏ་གསུང་གི་དམ་ཚིག་ཉམས་ནས་ལྗགས་ལ་ཆུ་བུར་ཆེན་པོ་བྱུང་ནས་འདས་ལ་ཁད་དུ་ཡོད་པ་ལ་


CMR043_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཇོམས་ཀྱི་ཁྲུས་འདི་བྱས་པས་ཕན། མཁའ་འགྲོ་མ་ཌོམ་བི་ཀཱ་ར་མས་རྣམ་འཇོམས་བསྒྲུབས་པས་ལོ་གཅིག་ནས་སྤྱི་བོར་བུམ་པ་དངོས་སུ་བབས༔ གསེར་གྱི་བུམ་པ་བདུན་སྟོང་ལྔ་བརྒྱའི་གཏེར་ཐོན༔ བྲམ་ཟེ་ཤི་ཀ་རས་བསྒྲུབས་པས་ཀླུ་རིགས་བཞི་བསྒྲལ༔ སློབ་དཔོན་བི་མ་ལས་བྱབ་ཁྲུས་མཛད་པས་ཤི་བ་གསོན་པོར་བསྒྱུར༔ དེ་བསྟན་པ་ལ་གནོད་པའི་མི་ཡིན་ཞུས་པས་རྣམ་ཤེས་རྣམ་འཇོམས་ཀྱི་སྐུ་ནས་འབྲུ་ཙམ་བྱས་ནས་འོག་མིན་དུ་སྤར་རོ༔ དེ་ལྔ་ནི་རྣམ་འཇོམས་ཀྱི་སྒོ་ནས་གྲུབ་པ་ཐོབ་པ་ཡིན་སྐད༔ དེ་ལ་བི་མ་ལ་མི་ཏྲ་ནས་བརྒྱུད་པའི་རྙིང་མ་དང་༔ བ་རི་ལོ་ཙཱ་ནས་བརྒྱུད་པའི་གསར་མ་དང་༔ གཏེར་ཁ་ཡང་མང་པོ་ནས་བྱུང་བའི་རྣམ་འཇོམས་རིགས་མང་ན་ཡང་༔ འདི་ནི་གནམ་ཆོས་ལས་བྱུང་བ་སྟེ་བརྒྱུད་པ་ཉེ་བའི་ཕྱིར་བྱིན་རླབས་མྱུར་བ་ཡིན་ནོ༔ འདིའི་ཕན་ཡོན་ནི༔ སྡིག་པ་ཐམས་ཅད་བྱང་བྱས་ནས༔ སྡུག་བསྔལ་ཐམས་ཅད་མེད་པར་བྱེད་རྒྱུད་དོ་ཅོག་གི་རྩ་བ་སྟེ༔ དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན༔ སེམས་ཅན་དབང་པོ་ཉམས་པ་དང་༔ ཚེ་ཟད་པ་དང་ཚེ་ཉམས་དང་༔ ཕུན་སུམ་ཚོགས་མིན་གང་ཆགས་དང་༔


CMR043_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་༔ མཛའ་སྡུག་སྐྱེ་བོ་སྡང་བ་དང་༔ བྲན་བཟའ་ལ་སོགས་གཙེས་པ་དང་༔ ཕན་ཚུན་མཐུན་པ་མ་ཡིན་དང་༔ ནོར་གྲིབ་པས་ནི་གནོད་པ་དང་༔ མྱ་ངན་ངལ་དང་གནོད་པ་དང་༔ འཇིགས་པ་དང་ནི་ཕོངས་པ་དང་༔ གཟའ་དང་རྒྱུ་སྐར་བྱད་སྟེམས་དང་༔ མི་བཟད་གདོན་གྱིས་ཉེས་པ་དང་༔ མྱ་ངན་ངལ་ལས་བྱུང་བ་ཡི༔ རྨི་ལམ་སྡིག་པ་མཐོང་ན་ཡང་༔ དེ་ནི་རབ་བཀྲུས་གཙང་མ་ཡིན༔ མདོ་སྡེ་དམ་པ་མཉན་པར་བྱ༔ གང་དག་ཡིད་དགེ་སེམས་དང་ཞིང་༔་གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ༔ ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ༔ མདོ་སྡེ་འདི་ནི་ཉན་བྱེད་ན༔ མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས༔ སྲོག་ཆགས་དག་ནི་ཐམས་ཅད་ཀྱི༔ མི་བཟད་པ་ཡི་ནད་རྣམས་ཀྱང་༔ དེ་དག་ཐམས་ཅད་ཞི་བ་ལྟར༔ ཚེ་དང་བསོད་ནམས་འཕེལ་བར་གྱུར༔ སྡིག་པ་ཀུན་ལས་རྣམ་པར་ཐར༔ ཞེས་སོགས་རྒྱུད་ཀྱི་ཕན་ཡོན་ཀུན་གྱི་ཚིག་ཐུགས་ལ་མངའ་བ་ལྟར་ཡིན་པས་དེའི་དོན་དུ་མཎྜལ་ཕུལ༔ ས་གཞི་སྤོས་སོགས། འདི་མན་ཆད་ཚིགས་བཅད་ཡིན་པས་དབྱངས་འདེབས་ཐུང་གིས་བྱའོ༔ ཧཱུྃ༔ མདུན་གྱི་ནམ་མཁར་རྣམ་འཇོམས་


CMR043_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་བཞུགས༔ ཁྱེད་རྣམས་བྱབ་ཁྲུས་ཞུ་བའི་ངོ་ཆེན་ཚུལ༔ བདག་གིས་གསོལ་བ་འདེབས་རོགས་བྱས་པར་བསྒོམ༔ དྲིལ་བུ་འཁྲོལ་ཞིང་༔ སྔོན་ཚེ་བདེ་གཤེགས་ཕོ་བྲང་སྤྱན་སྔ་རུ༔ གདུག་པ་འདུལ་ཕྱིར་རྡོ་རྗེ་ཅན་གྱིས་ནི༔ རྗེས་མཐུན་ཕྲིན་ལས་ཁྱད་པར་གང་བསྒོམས་པ༔ དམ་བཅས་ཕྲིན་ལས་དེ་ནི་རྗེས་དགོངས་ལ། དེ་ཕྱིར་བགེགས་དང་ལོག་འདྲེན་ཚར་ཆོད་ཅིག༔ འགྲོ་བ་འདི་དག་རྗེས་སུ་བཟུང་བའི་ཕྱིར༔ སྡུག་བསྔལ་ངེས་བསལ་བདེ་ལེགས་འབྱོར་ལ་སོགས༔ ཁྲོ་རྒྱལ་ཁྱེད་ཀྱིས་དེང་འདིར་བྱིན་རླབས་མཛོད༔ ལན་གསུམ་མམ་གཅིག་ཀྱང་རུང་ངོ༔ དེ་ནས་ལྕོག་རྡོག་གསུམ་མམ་གཅིག་༔ ཆངས་བུ་ཏིང་ལོ་གསུམ་རེའམ་གཅིག་བཤམས་ལ་བྲན་ནས༔ ཨ་ཀཱ་རོ་སོགས་བརྗོད་ལ་བྱིན་བརླབས་ནས༔ ན་མོ་སངས་རྒྱས་ཆོས་དང་དགེ་འདུན་དང་༔ བདེན་སྨྲ་ཀུན་གྱི་བདེན་ཚིག་དང་༔ སྙིང་པོ་སྔགས་དང་ཕྱག་རྒྱ་དང་༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ རྡོ་རྗེ་རྣམ་འཇོམས་བདེན་པའི་མཐུས༔ བསྲུང་བྱ་འདི་ལ་གནོད་བྱེད་པའི༔ བགེགས་དང་ལན་ཚོགས་འབྱུང་པོ་རྣམས༔ གཏོར་མ་འདི་ཡིས་ཚིམ་པར་གྱིས༔ བུ་ལོན་ལན་ཆགས་འཇལ་ཟིན་


CMR043_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས༔ ཕྱིན་ཆད་གནོད་པའི་སེམས་སྤོངས་ཤིག༔ ལྕོག་རྡོག་ཐེབ་ཙེ་གཡས་སུ་བསྐོར་ཞིང་༔ ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་སོགས་ལན་གསུམ་བྱ་ཞིང་ངར་མིའི་ནང་དུ་བླུགས་བསྲུང་བྱ་འདི་ལ་གནོད་བྱེད་རྣམས༔ ཆངས་བུ་འདི་ཡིས་ལམ་བརྒྱགས་དང་༔ ཏིང་ལོ་འདི་ཡིས་ལམ་སྒྲོན་གྱིས༔ གནོད་ཅིང་འཚེ་བའི་རིག་སྤངས་ནས༔ ཕྱི་ཡི་ལྕགས་རི་ནག་པོའི་རྒྱབ༔ གླིང་བར་མུན་པའི་ནང་དུ་སོང་༔ ཐེབ་ཙེར་ཆངས་བུ་ཏིང་ལོ་བཞག་པས་གཡོན་བསྐོར་བྱ་ཞིང་༔ ཨོཾ་སུམ་བྷ་ནི་སོགས་བརྗོད་པས་ལན་གསུམ་ངར་མིའི་ནང་དུ་བླུགས་སོ༔ དེ་ནས་མདུན་དུ་ཏིལ༔ གཡས་སུ་མེ༔ གཡོན་དུ་ཆུ་བཞག་ལ༔ ཧཱུྃ༔ སྦྱིན་བདག་སྙིང་གར་པཾ་ཡིག་ལ༔ ལུས་ངག་ཡིད་ཀྱི་སྡིག་སྒྲིབ་ཐིམ༔ རྐང་མཐིལ་ཡཾ་ལས་རླུང་གཡོས་པས༔ ལྟེ་བའི་རཾ་ལས་མེ་འབར་བས༔ པཾ་ཡིག་དེད་ནས་སྣ་གཡས་ནས༔ སྡིག་པ་རྭ་ཅན་རྣམ་པར་ཐོན༔ མདུན་གྱི་ཏིལ་ལ་ཐིམ་པར་གྱུར༔ མེ་ནང་ཞི་བའི་ཐབ་ཁུང་ནང་༔ ཁྲོ་བོ་ཧཱུྃ་མཛད་ཞལ་གདངས་བའི༔ ནང་དུ་སྡིག་པ་བསྲེགས་པར་གྱུར༔ ཨོཾ་བཛྲ་ཊཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་ཏི་ལ་མེར་བསྲེགས་ཆུར་དོར་ཏེ་ཁྲུས་སྡེར་དུ་


CMR043_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བླུགས་པར་བྱའོ༔ དང་པོ་མཆོད་གཞིའི་དྲུང་དུ་རིན་པོ་ཆེའི་སྡེར་རམ་སྣོད་གཙང་མ་བཞག༔ བུམ་པ་རྡོར་དྲིལ་ཐོགས་ནས་མེ་ལོང་ངོས་ནས་ལྷ་ལ་ཁྲུས་གསོལ་ཏེ། ན་མོ་སྲིད་ཞུའི་མགྲོན་གྱུར་དཀོན་མཆོག་གསུམ་བླ་མ་ཡི་དམ་མཁའ་འགྲོ་དང་༔ ཡེ་ཤེས་ཆོས་སྐྱོང་སྲུང་མ་རྣམས༔ ཁྲུས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྡིག་སྒྲིབ་དམ་ཚིག་ཉམས་ཆག་གིས༔ ཡེ་ཤེས་ལྷ་ཚོགས་མ་མཉེས་ནས༔ བཀའ་ཡི་ཆད་པས་སྡིག་གྱུར་ན༔ ལྷ་ལ་དྲི་མ་མི་མངའ་ཡང་༔ ཡོན་བདག་སྡིག་སྒྲིབ་དག་པའི་ཕྱིར༔ ཡེ་ཤེས་བདུད་རྩིས་སྐུ་ཁྲུས་གསོལ༔ ཕན་བྱེད་ལྷ་ཡི་བཀྲ་ཤིས་དེས༔ ཡོན་བདག་འདི་ལ་བདེ་ལེགས་ཤོག༔ ཛ་ཡེ་ཛ་ཡེ་རྒྱལ་གྱུར་ཅིག༔ མེ་ལོང་ངོས་སུ་བུམ་ཆུ་བླུགས་སོ༔ དྲིལ་བུ་འཁྲོལ་ལ་འགྲེས་སོ༔ ཡོན་ཏན་མགྲོན་གྱུར་དཔལ་མགོན་ཚོགས༔ ཚངས་དབང་བརྒྱ་བྱིན་ཕྱོགས་སྐྱོང་བཅུ༔ ལྷ་བརྒྱད་ཀླུ་བརྒྱད་གནོད་སྦྱིན་བརྒྱད༔ གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད༔ ཁྲུས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕོག་ཐུག་འགྲམས་འཁྲུགས་ཉེས་པ་ཡིས༔ འཇིག་རྟེན་ལྷ་རྣམས་མ་མཉེས་ན༔ ཡེ་ཤེས་བདུད་རྩིས་སྐུ་ཁྲུས་གསོལ༔ ཐུགས་དགྱེས་འགྲམས་འཁྲུགས་ཞི་གྱུར་ཅིག༔ ཕན་


CMR043_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལྷ་ཡི་བཀྲ་ཤིས་གང་༔ ཡོན་བདག་འདི་ལ་བདེ་ལེགས་ཤོག༔ ཛ་ཡེ་ཛ་ཡེ་རྒྱལ་གྱུར་ཅིག༔ ཡུལ་ལྷ་ཕོ་ལྷ་དགྲ་བླ་དང་༔ མ་ལྷ་ཞང་ལྷ་ཕ་ལྷ་དང་༔ ཁྱིམ་ལྷ་མཁར་ལྷ་ཐབ་ལྷ་སོགས༔ འཇིག་རྟེན་སྲིད་པའི་ལྷ་དགུ་དང་༔ སྐྱོབ་པར་བྱེད་པའི་ལྷ་ལྔ་རྣམས༔ ཁྲུས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མནའ་དང་ཐབ་གཞོབ་དམེ་བཙོག་གིས༔ ལྷ་ལ་གྲིབ་ཕོག་རྨུགས་འཐིབ་ན༔ ཡེ་ཤེས་བདུད་རྩིས་སྐུ་ཁྲུས་གསོལ༔ ཉམས་དང་རྒུད་པ་སོས་གྱུར་ཅིག༔ བྱིང་དང་རྨུགས་གབ་སངས་གྱུར་ཅིག །བཀྲག་དང་གཟི་བརྗིད་ལྡན་གྱུར་ཅིག༔ ལྷ་ཞལ་དུང་བས་དཀར་བར་ཤོག༔ ཕན་བྱེད་ལྷ་ཡི་བཀྲ་ཤིས་གང་༔ ཡོན་བདག་འདི་ལ་བདེ་ལེགས་ཤོག༔ ཛ་ཡེ་ཛ་ཡེ་རྒྱལ་གྱུར་ཅིག༔ ཨོཾ་ཨཱཿབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ སརྦ་དེ་ཝ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱཿ ཁྲུས་ཆུ་དེ་ཡར་ཁང་ཁ་ན་བསྐྱལ་ལོ༔ དེ་ནས་ནད་པའི་རྐང་ཞབས་སུ་བལ་འདབ་ནག་པོ་བཞག༔ རང་གིས་རྡོར་དྲིལ་དང་བུམ་པ་ཐོགས་ལ༔ ཧཱུྃ༔ རིན་ཆེན་ལས་གྲུབ་བུམ་པའི་ནང་༔ རྣམ་པར་འཇོམས་པ་འོད་ཞུ་བའི༔ ལྷ་ཡི་བདུད་རྩི་དཀར་ལ་འཚེར༔ ནད་རྣམས་ཞི་བའི་སྨན་ཆེན་པོ༔ གདོན་


CMR043_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འདུལ་བའི་གཉན་པོ་སྟེ༔ སྤྱི་བོ་ཚངས་པའི་ལམ་ནས་ཞུགས༔ ལུས་ཀུན་ཡེ་ཤེས་བདུད་རྩིས་གང་༔ ནད་གདོན་སྡིག་དང་གྲིབ་རྣམས་ཀུན༔ འོག་སྒོ་རྐང་པའི་མཐིལ་རྣམས་ནས༔ དུད་ཁུ་སོལ་ཁུ་བཞིན་དུ་ཐོན༔ ནང་ཁྲུས་མཆོང་བས་དམར་བར་ཤོག༔ ཕྱི་ཡི་ལུས་ལ་བུམ་ཆུས་བཀྲུ༔ གངས་ལ་ཉི་མ་ཤར་བ་བཞིན༔ ཕྱི་ཁྲུས་དུང་བས་དཀར་བར་ཤོག༔ ཅེས་རྣམ་འཇོམས་ཚར་གཅིག་འདོན་ཞིང་ཆབ་གསུམ་ལེན་པ་དང་༔ བུམ་ཆུ་ཐིགས་གཅིག་འཐུང་༔ ཡན་ལག་ལྔ་ཁྲུས་བྱེད་བཅུག་ལ༔ དེ་ནས་མེ་ལོང་ངོས་ལ་ནད་པའི་གཟུགས་འཆར་བ་ལ་ཁྲུས་བྱེད་དོ༔ སརྦ་པཱ་པཾ་སོགས་རྒྱ་སྐད་ལ་བོད་སྐད་དུ་བསྒྱུར་བ་འདི་དག་པར་ངེས་པས་ལེགས་ཏེ༔ ཧཱུྃ༔ རྣམ་པར་འཇོམས་པའི་བདུད་རྩིས་ཆུས༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ ལོག་ལྟ་བརྒྱད་དང་ལྕི་བ་བཞི༔ བཀྲུའོ་སྡིག་སྒྲིབ་ཐམས་ཅད་བཀྲུ༔ སོ་སོར་ཐར་བའི་སྡོམ་པ་དང་༔ བྱང་ཆུབ་སེམས་དཔའི་བསླབ་པ་དང་༔ རིག་འཛིན་སྔགས་ཀྱི་དམ་ཚིག་ལས༔ ཉམས་ཆག་ཉེས་ལྟུང་གང་བྱུང་བ༔ བཀྲུའོ་དག་ཅིང་བྱང་གྱུར་ཅིག༔ དམ་ཚིག་ཉམས་ཆག་བསྐང་གྱུར་ཅིག༔ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་


CMR043_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་རུ་ཡེ་སྭཱ་ཧཱཿ ཞེས་མེ་ལོང་ངོས་སུ་ཁྲུས་བྱའོ༔ དེ་བཞིན་དུ༔ ཧཱུྃ༔ བགེགས་ཆེན་བཞི་དང་བཅོ་བརྒྱད་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཡོན་བདག་ཚེ་དང་བསོད་ནམས་དང་༔ ཁ་རྗེ་དང་ནི་དབང་ཐང་ལ༔ བར་དུ་གཅོད་པའི་བགེགས་རྣམས་ཀྱི༔ བསམ་ངན་སྦྱོར་རྩུབ་གདུག་སེམས་རྣམས༔ བཀྲུའོ་བདུད་རྩིའི་ཆུ་ཡིས་བཀྲུ༔ གངས་རྒྱུན་བཞིན་དུ་དག་གྱུར་ཅིག༔ ཤེལ་དཀར་བཞིན་དུ་དྭངས་གྱུར་ཅིག༔ བགེགས་ཀྱི་བར་ཆད་མེད་པར་ཤོག༔ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔་བགེགས་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱཿ ཧཱུྃ༔ རླུང་ནད་ཉི་ཁྲི་ཆིག་སྟོང་དང་༔ མཁྲིས་ནད་ཉི་ཁྲི་ཆིག་སྟོང་དང་༔ བད་ཀན་ཉི་ཁྲི་ཆིག་སྟོང་དང་༔ འདུས་པ་ཉི་ཁྲི་ཆིག་སྟོང་དང་༔ འབྱུང་བཞི་འཁྲུགས་པའི་ནད་རྣམས་ཀུན༔ བཀྲུའོ་བདུད་རྩིའི་ཆུ་ཡིས་བཀྲུ༔ བ་མོ་ལ་ནི་ཉི་ཟེར་བཞིན༔ ནད་ཀུན་མྱུར་དུ་ཞི་གྱུར་ཅིག༔ ཨོཾ་ཨཱཿབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ནད་ཐམས་ཅད་ཤཱན་ཀུ་རུ་ཡེ་སྭཱ་ཧི༔ ཧཱུྃ༔ ཟ་བའི་འདྲེ་དང་ཤི་བའི་གཤེད༔ འགབ་འདྲེ་ཡུལ་འདྲེ་འཁྱམས་པོ་དང་༔ རྒྱལ་འགོང་དམ་སྲི་དཀོར་གྱི་འདྲེ༔ ལ་


CMR043_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཁའི་བཙན་དང་ལུང་ཁུང་བདུད༔ ཤི་འདྲེ་མོ་དང་གསོན་འདྲེ་མོ༔ བསེ་རག་ལྟོགས་འགོང་དབུལ་བའི་སྲི༔ མ་རུངས་གདུག་པ་ཅན་རྣམས་ཀུན༔ བཀྲུའོ་བདུད་རྩིའི་ཆུ་ཡིས་་བཀྲུ༔ མུན་པ་ལ་ནི་ཉི་ཤར་ལྟར༔ ཐམས་ཅད་སངས་ཤིང་དག་གྱུར་ཅིག༔ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ གདུག་པ་ཅན་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱཿ ཧཱུྃ༔ མ་མོ་མཁའ་འགྲོའི་ཁ་རླངས་རིམས༔ ཉིན་གཅིག་པ་དང་ཉིན་གཉིས་པ༔ ཉིན་གསུམ་པ་དང་ཉིན་བཞི་པ༔ ཉིན་བདུན་པ་དང་རྟགས་པའི་རིམས༔ མི་ནད་ཕྱུགས་ནད་ཡམས་ཀྱི་ནད༔ འགོས་ནས་གློ་བུར་འཆི་བའི་རྐྱེན༔ ཐམས་ཅད་ཡེ་ཤེས་ཆུ་ཡིས་བཀྲུ༔ བྱང་ཞིང་དག་ནས་ཡམས་ནད་ཀུན༔ ཐམས་ཅད་རྒྱུན་ཆད་ཞི་བར་ཤོག༔ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ རིམས་ནད་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ ཧཱུྃ༔ ཕོ་གདོན་ཉི་ཁྲི་ཆིག་སྟོང་དང་༔ མོ་གདོན་ཉི་ཁྲི་ཆིག་སྟོང་དང་༔ ཀླུ་གདོན་ཉི་ཁྲི་ཆིག་སྟོང་དང་༔ འདུས་གདོན་ཉི་ཁྲི་ཆིག་སྟོང་དང་༔ སྔོན་ལས་འཕྲལ་རྐྱེན་ལས་བྱུང་བའི་གདོན་རིགས་སྟོང་ཕྲག་བརྒྱད་ཅུ་ཡི༔ བསམ་ངན་སྦྱོར་རྩུབ་ངན་པ་ཀུན༔ བཀྲུའོ་ཡེ་ཤེས་བདུད་


CMR043_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་བཀྲུ༔ ནད་དང་གདོན་ལས་ཐར་གྱུར་ཅིག༔ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ གདོན་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ ཧཱུྃ༔ རྒྱུ་ནི་སྔོན་གྱི་ལས་ལས་བྱུང་༔ གདོན་དང་བགེགས་ཀྱིས་རྐྱེན་བྱས་ནས༔ འབྲས་བུ་འབྱུང་བཞི་འཁྲུགས་པའི་ནད་ཚོར་བ་སྡུག་བསྔལ་ཉིད་དུ་སྨིན༔ རྣམ་པར་འཇོམས་པའི་མཐུ་སྟོབས་དང་༔ གཟུངས་སྔགས་ཟབ་མོའི་བྱིན་རླབས་དང་༔ ཁྲུས་མཆོག་རྟེན་འབྲེལ་ནུས་པ་ཡིས༔ ད་ལྟ་རྒྱུ་སྦྱོར་ཡོན་བདག་ཉེ་བར་འཚེ་བ་བྱེད་པ་རྣམས༔ བཀྲུའོ་གནོད་འཚེ་ཐམས་ཅད་བཀུ༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཨོཾ་བཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ཉེར་བར་འཚེ་བ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱཿ འདི་མན་ཆད་སྔགས་མི་དགོས༔ དྲིལ་བུ་འཁྲོལ་ཞིང་ཚིག་མཚམས་སུ་མེ་ལོང་ངོས་སུ་བུམ་ཆུ་བླུག་པར་བྱའོ༔ ཧཱུྃ༔ མེ་དང་ཆུ་དང་དུག་དང་མཚོན༔ གཡང་ས་གཅན་གཟན་ལ་སོགས་པ་དུས་མིན་འཆི་བ་བཅོ་བརྒྱད་རྣམས༔ བཀྲུའོ་ཡེ་ཤེས་ཆུ་ཡིས་བཀྲུ༔ ཚེ་ཡི་བར་ཆད་ཞི་གྱུར་ཅིག༔ མེ་ལོང་ངོས་སུ་བུམ་ཆུ་གཏིགས་སོ༔ དེ་འགྲེའོ༔ ཧཱུྃ༔ དངངས་སྐག་གྲིབ་ཀྱིས་ནོན་པ་དང་༔ གཉིད་རྡོལ་སད་ལངས་


CMR043_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་པ་དང་༔ མགོ་བཅད་སྙིང་ཕྱུང་རྨི་བ་དང་༔ མེ་དོང་ལྟུང་དང་ཆུ་ཡི་ས་ཁྱེར༔ དགྲ་དང་གཅན་གཟན་གདོང་དགུས་དེར༔ ས་ཞབས་བྱིངས་དང་རི་ཡིས་མནན༔ རྨི་ལམ་ངན་པ་ཐམས་ཅད་ཀུན༔ བཀྲུའོ་ཡེ་ཤེས་ཆུ་ཡིས་བཀྲུ༔ དེ་དག་འབྲས་བུ་མེད་གྱུར་ཅིག༔ བུམ་ཆུ༔ རོ་གཉན་ཁུར་དང་མནའ་གཉན་བསྐྱལ༔ ཤིང་གཉན་བཅད་དང་རྡོ་གཉན་རློག༔ ས་གཉན་བརྐོས་དང་ཁང་གཉན་བཤུས༔ སྤར་ཁ་གཟའ་སྐར་མི་རུང་བྱས༔ བྱ་བྱེད་ངན་པ་ཐམས་ཅད་ཀུན༔ བཀྲུའོ་ཡེ་ཤེས་ཆུ་ཡིས་བཀྲུ༔ ཉེས་བྱས་ཐམས་ཅད་དག་གྱུར་ཅིག༔ བུམ་ཆུ་ཧཱུྃ༔ ལས་ནི་སེམས་པ་དང་དེས་བྱས༔ སེམས་པ་ཡིད་ཀྱི་ལས་ཡིན་ཏེ༔ མི་རུང་བསམ་ངན་སྣ་ཚོགས་དང་༔ མི་དགེ་མཚམས་མེད་ཡིད་ལ་དྲན༔ འདོད་ཆགས་ཞེ་སྡང་གཏི་མུག་དང་༔ ང་རྒྱལ་ཕྲག་དོག་བསམ་པ་ཤར༔ རང་སྐྱོན་མེ་ལོང་གཟུགས་བརྙན་ལྟར༔ བསམ་པ་དུག་ལྔས་རྐྱེན་བྱས་པས༔ ཕྱི་ནས་ནད་གདོན་དགྲ་བགེགས་ལངས༔ སེམས་ཀྱི་གཡེང་བ་ངན་པ་རྣམས༔ བཀྲུའོ་ཡེ་ཤེས་ཆུ་ཡིས་བཀྲུ༔ མེ་ལོང་ཕྱིས་པ་ལྟ་བུར་ཤོག༔ སེམས་ཀྱི་ཉེས་པ་དག་གྱུར་ཅིག༔ བུམ་


CMR043_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ༔ གཞན་ཡང་བྱུར་དང་སྐལ་པ་ངན༔ བཀྲ་མི་ཤིས་པ་ཐམས་ཅད་བཀྲུ༔ ཕ་རོལ་ཆོད་གཏོང་བྱད་ཁ་དང་༔ ཟོར་ཁ་ཕུར་ཁ་ཐམས་ཅད་བཀྲུ༔ བཟའ་ཉེས་པ་དང་བསྒོམས་ཉེས་དང་༔ དྲི་ཉེས་བཤད་ཉེས་ཐམས་ཅད་དང་༔ བཟླས་བརྗོད་མ་དག་སྐྱོན་རྣམས་བཀྲུ༔ གཟའ་དང་རྒྱུ་སྐར་གནོད་པ་ཡི༔ གཟའ་ནད་ལྐུགས་རེངས་ཐམས་ཅད་བཀྲུ༔ འཆི་བདག་གཤིན་རྗེའི་ཕོ་ཉ་དང་༔ བདུད་ཀྱི་ཞགས་པ་ཁྲམ་འདེབས་བཀྲུ༔ མཚན་མོ་ནག་མོའི་གནོད་པ་དང་༔ མོ་འདྲེ་བསེན་མོའི་གནོད་པ་བཀྲུ་ནད་རིགས་བཞི་བརྒྱ་རྩ་བཞི་བཀྲུ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཀུ༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་བཀྲུ༔ གློ་བུར་དགུ་བཅུ་རྩ་གཅིག་བཀྲུ༔ ཕ་ཚན་ནང་གི་རྒྱབ་འདྲེ་བཀྲུ༔ མ་ཚན་ནང་གི་སྟོང་འདྲེ་བཀྲུ༔ མ་བུ་གཉིས་ཀྱི་བྱུར་འདྲེ་བཀྲུ༔ བྱད་དང་འཁོན་གྲིབ་ཐམས་ཅད་བཀྲུ༔ ཟས་ངན་ལྟོ་རུ་ཟོས་པ་བཀྲུ༔ གོས་ངན་ལུས་ལ་གྱོན་པ་བཀྲུ༔ མི་གཙང་ཕྱོགས་ངན་བདུད་གཅོད་བཀྲུ༔ དམེ་དང་ཁྲེལ་དང་བྱུར་རྣམས་བཀྲུ༔ མི་གཙང་མནོལ་གྲིབ་ཕོག་པ་བཀྲུ༔ ལུས་ཀྱི་ན་ཚ་ཐམས་ཅད་བཀྲུ༔ སེམས་ཀྱི་


CMR043_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཐམས་ཅད་བཀྲུ༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་བཀྲུ༔ གངས་རི་བཞིན་དུ་དཀར་གྱུར་ཅིག༔ ཤེལ་དཀར་བཞིན་དུ་དྭངས་གྱུར་ཅིག༔ ནད་མེད་བདེ་བ་ཐོབ་གྱུར་ཅིག༔ འཆི་མེད་རིག་འཛིན་ཐོབ་གྱུར་ཅིག༔ ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་སོགས་ཉེ་སྙིང་བརྗོད་ལ་བུམ་ཆུ་མགོ་ལ་བླུག་གོ༔ ངག་ཏུ་བླུད་དོ༔ དེ་ནས་ལག་ཏུ་ཀུ་ཤའམ་རལ་གྲི་སོགས་བྱབ་རྫས་གང་རུང་ཐོགས༔ རང་གི་གཡས་རྡོ་རྗེ་དང་༔ གཡོན་མཐེ་བོང་གི་མཛུབ་ཆུང་མནན༔ གཞན་གསུམ་བརྐྱང་བ་རྡོ་རྗེ་རྩེ་གསུམ་གྱི་ཕྱག་རྒྱས་རྨ་བྱའི་སྒྲོ་སོགས་གང་འཛོམ་བཟུང་༔ མདུན་དུ་ངར་མི་བཞག་ལ༔ ཧཱུྃ༔ ང་ནི་རྡོ་རྗེ་རྣམ་པར་འཇོམས༔ ཕྱག་གཡས་སྣ་ཚོགས་རྡོ་རྗེ་འཛིན༔ གཡོན་པས་རྡོ་རྗེ་རྩེ་གསུམ་གྱི༔ ཕྱག་རྒྱས་བྱབ་པའི་རྫས་འཛིན་པའི༔ དབུས་སུ་ཟླ་བའི་དཀྱིལ་འཁོར་སྟེང་༔ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར༔ ཡིག་འབྲུ་རྣམས་ལས་འོད་བྱུང་ནས༔ ནད་དང་གདོན་དང་གྲིབ་རྣམས་ཀུན༔ འོད་དེས་བསྡུས་ནས་ངར་མི་ལ༔ སྤོ་བའི་ཚུལ་དུ་ཐིམ་པར་གྱུར༔ ཧཱུྃ༔ བྱབ་རྫས་རྩ་མཆོག་ཀུ་ཤ་འདི༔ ཚངས་པ་ལྷ་ཡི་བྱིན་གྱིས་བརླབས༔ དག་ཅིང་གཙང་བར་བྱེད་པའི་རྫས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ཚེ་རབས་


CMR043_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ཐོག་མེད་ནས༔ བསགས་པའི་སྡིག་པ་སྒྲིབ་པ་དང་༔ དམ་ཚིག་ཉམས་ཆག་ཐམས་ཅད་ཀུན༔ བྱབ་བོ་ཀུ་ཤའི་རྫས་ཀྱིས་བྱབ༔ སྤོའོ་ངར་མི་ཁྱོད་ལ་སྤོ༔ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཞེས་བྱབ་ཅིང་འོག་མ་རྣམས་ལ་ཡང་སྔགས་འདི་འགྲེའོ༔ ཧཱུྃ༔ བྱབ་རྗེས་ཡུངས་ཀར་གང་བུ་འདི༔ བསྐལ་པ་བརྒྱད་ཀྱི་ཕ་རོལ་ན༔ ཁྲོ་བོ་བརྒྱད་ཀྱིས་བསྒྲུབས་པ་ཡིན༔ ཏ་ཀྲྀཏ་བརྒྱད་ཀྱིས་རྨོས་པ་ཡིན༔ ཕྲ་མེན་བརྒྱད་ཀྱིས་བརྩམས་པ་ཡིན༔ དབང་ཕྱུག་མ་ཡི་ཕོ་ཉ་ཡིན༔ ཕྱག་ན་རྡོ་རྗེས་ཕུལ་བ་ཡིན༔ ཐུབ་པ་ཆེན་པོས་བྱིན་གྱིས་བརླབས༔ བགེགས་རྣམས་འཇོམས་པའི་རྫ་ས་མཆོག་ཡིན༔ ཡོན་བདག་འདི་ལ་གནོད་པའི་བགེགས༔ བྱབ་བོ་ཡུངས་ཀར་གང་བུས་བྱབ་སྤོའོ་ངར་མི་ཁྱོད་ལ་སྤོ༔ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ བགེགས་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཧཱུྃ༔ བྱབ་རྫ་ས་ཕོ་རོག་ནག་པོའི་སྒོ༔ ཡེ་ཤེས་མགོན་པོ་ནག་པོ་ཡིས༔ བྱ་རོག་ནག་པོ་གཅིག་ཏུ་སྤྲུལ༔ དཔག་བསམ་ཤིང་གི་རྩེ་ལ་བབ༔ བྱ་རོག་སྤྲུག་སིལ་ལན་གསུམ་བྱས༔ བྱ་རོག་སྤྲུལ་པས་ནམ་


CMR043_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་གང་༔ ལྷ་མིན་དམག་ཚོགས་ཁྲག་ཏུ་སྐྱུགས༔ བྱ་རོག་གཤོག་པ་བརྡབས་པ་ཡིས༔ ཁ་ནས་མེ་འབར་རྒྱ་མཚོ་ཁོསིང་ག་གླིང་གི་སྲིན་མོ་བཏུལ༔ བྱ་རོག་ཀྲོག་ཁྲོག་ལན་གསུམ་གྱིས་གཤིན་རྗེ་བེ་བྷ་སྭ་ཏ་ཡི༔ ཀླད་པ་དྲངས་ནས་དམ་ལ་བཏགས༔ དེ་ཕྱིར་ཕོ་རོག་ནག་པོའི་སྒོ༔ ནད་དང་གྲིབ་རྣམས་འཇོམས་པའི་རྫས༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རིམས་ནད་ཡམས་ནད་དལ་ཡམས་དང་༔ ཟས་གྲིབ་གོས་གྲིབ་བཙོག་གྲིབ་རྣམས༔ གྲིབ་བྱ་ཕོ་རོག་སྒོ་ཡིས་བྱབ༔ སྤོའོ་ངར་མི་ཁྱོད་ལ་སྤྲོ་ཨོཾ་ཨཱཿབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ ནད་དང་རིམས་དང་གྲིབ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཧཱུྃ༔ བྱབ་རྫས་རལ་གྲི་འབར་བ་འདི༔ འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས༔ དཔལ་ལྡན་ལྷ་མོའི་ཐུགས་ཀྱི་རྟགས༔ ཤེས་རབ་རལ་གྲི་འབར་བ་ཡིས༔ བདག་འཛིན་འཁོར་བའི་རྩ་བ་གཅོད༔ མཚོན་ཆས་མི་འཇིགས་གང་ཡང་མེད་འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ༔ ནད་པ་འདི་ལ་གནོད་བྱེད་པའི༔ བྱིངས་ཆེན་གདོན་དང་ཚབ་ཆེན་བགེགས་མ་རུངས་མི་བསྲུན་གདུག་པའི་ཚོགས༔ བྱབ་བོ་རལ་གྲི་སོ་ཡིས་


CMR043_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བྱབ༔ སྤོའོ་ངར་མི་ཁྱོད་ལ་སྤོ༔ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ གདོན་གདུག་པ་ཅན་ཉེ་བར་འཚེ་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཧཱུྃ༔ དཔག་བསམ་ལྗོན་ཤིང་བྱབ་རྫས་འདི༔ སངས་རྒྱས་རྣམ་པར་སྣང་མཛད་ཀྱི༔ འོད་ཟེར་བྱང་ཆུབ་ཤིང་དུ་འཁྲུངས༔ ཤིང་གི་ལྷ་མོ་འོད་ཟེར་ཅན༔ མཁའ་འགྲོ་ཞིང་སྐྱོང་ཐམས་ཅད་བསྟེན༔ ལྗོན་ཤིང་ལྕུག་མ་གསར་པ་འདི༔ བཀྲ་ཤིས་ལྷ་རྣམས་མཉེས་པའི་རྫ་ས༔ བྱུར་དང་སྐལ་བ་ངན་པ་དང་༔ བཀྲ་མི་ཤིས་པ་ཐམས་ཅད་དང་༔ རྨི་ལམ་མཚན་མ་ངན་། པ་དང་༔ བྱ་བྱེད་ངན་པ་ཐམས་ཅད་ཀུན༔ བྱབ་བོ་ཤིང་གི་ལྕུག་མས་བྱབ༔ སྤོའོ་ངར་མི་ཁྱོད་ལ་སྤོ༔ ཨོཾ་ཨཱཿབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ བཀྲ་མི་ཤེས་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཧཱུྃ༔ བྱབ་རྫས་རྨ་བྱའི་སྒྲོ་མདོངས་འདི༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི༔ བཞུགས་གདན་མཛེས་བྱེད་རྨ་བྱ་སྟེ༔ ལྷ་ཆེན་གཞོན་ནུའི་ཆིབས་ཀྱི་བྱ༔ དུག་རྣམས་འཇོམས་པ་རྨ་བྱ་སྟེ༔ ཁ་དོག་ལྔ་ནི་ཡེ་ཤེས་ལྔ༔ དུག་ལྔའི་ནད་གདོན་འཇོམས་པའི་རྫས༔ དུས་མིན་འཆི་དང་རྦོད་གཏོང་དང་༔ སེམས་ཀྱི་གཡེང་བ་བྱ་བྱེད་ངན༔


CMR043_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བྱབ་བོ་རྨ་བྱའི་སྒྲོ་ཡིས་བྱབ༔ སྤོའོ་ངར་མི་ཁྱོད་ལ་སྤོ༔ གཟའ་དང་རྒྱུ་སྐར་གནོད་པ་དང་༔ བདུད་ཀྱི་ཞགས་པ་མཚན་མོ་གདོན༔ བྱབ་བོ་རྨ་བྱའི་སྒྲོ་ཡིས་བྱབ༔ སྤོའོ་ངར་མི་ཁྱོད་ལ་སྤོ༔ བཟའ་ཉེས་བསྒོམས་ཉེས་སྐལ་བ་ངན༔ བྱུར་དང་མི་ཁ་བྲ་མཆུ་རྣམས༔ བྱབ་བོ་རྨ་བྱའི་སྒྲོ་ཡིས་བྱབ༔་སྤོའོ་ངར་མི་ཁྱོད་ལ་སྤོ་ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་རྣམས༔ བྱབ་བོ་རྨ་བྱའི་སྒྲོ་ཡིས་བྱབ༔ སྤོའོ་ངར་མི་ཁྱོད་ལ་སྤོ༔ གློ་བུར་དགུ་བཅུ་རྩ་གཅིག་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་རྣམས༔ བྱབ་བོ་རྨ་བྱའི་སྒོ་ཡིས་བྱབ༔ སྤྲོའོ་ངར་མི་ཁྱོད་ལ་སྤོ༔ ཕ་ཚན་ནང་གི་རྒྱབ་འདྲེ་དང་༔ མ་ཚན་ནང་གི་སྟོང་འདྲེ་རྣམས༔ བྱབ་བོ་རྨ་བྱའི་སྒོ་ཡིས་བྱབ༔ སྤོའོ་ངར་མི་ཁྱོད་ལ་སྤོ༔ འཁོན་དང་གྲིབ་དང་མི་གཙང་བ༔ མི་མཐུན་གནོད་པའི་ཕྱོགས་རྣམས་ཀུན༔ བྱབ་བོ་རྨ་བྱའི་སྒོ་ཡིས་བྱབ༔ སྤོའོ་ངར་མི་ཁྱོད་ལ་སྤོ༔ ན་མཉྩནྡྷ་བཛྲ་ཀྲོ་དྷ་ཡ་དང་། མི་མཐུན་པའི་ཕྱོགས་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ དེ་ནས་རྐང་ཞབས་ཀྱི་བལ་འདབ་ནག་པོ་དེ་ངར་མི་ལ་བསྐོན༔ རྐང་ཞབས་སུ་བལ་འདབ་དཀར་


CMR043_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཞག༔ ཧཱུྃ༔ དེ་ལྟར་ཁྲུས་ཀྱི་ཆོ་གས་བཀྲིས༔ བྱབ་པའི་ཆོ་གས་བྱབ་པ་ཡིས༔ སྡུག་བསྔལ་འཁོར་བའི་གདན་ནག་པོ༔ སྤངས་ནས་བདེ་བ་ཐར་པ་ཡི༔ གདན་ནི་དཀར་པོའི་སྟེང་དུ་ཕྱིན༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས༔ ཕྱག་ན་རྡོ་རྗེའི་ཞབས་དྲུང་དུ༔ ཕྱིན་པས་ནད་གདོན་བགེགས་ལས་ཐར༔ དེ་ལྟར་བསྒོམས་ལ་ཐལ་སྦྱར་ནས༔ རྡོ་རྗེའི་རྩེ་མོ་འདི་ལ་འཇུས༔ དེ་ནས་འདི་ཡི་རྗེས་ཟློས་མཛོད༔ སྡིག་པ་ཐམས་ཅད་བྱང་བྱས་ནས༔ སྡུག་བསྔལ་ཐམས་ཅད་མེད་པར་བྱེད༔ རྒྱུད་དོ་ཅོག་གི་རྩ་བ་སྟེ༔ དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན༔ ལན་གསུམ༔ དེ་ནས་ངར་མི་བྲན་ལ༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་དང་༔ རིན་ཆེན་མང་དང་གཟུགས་མཛེས་དང་༔ འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི༔ དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ༔ གླུད་གཏོར་འདོད་པའི་ཡོན་ཏན་ལྔ༔ ངར་མི་མི་བས་གླུད་བཟང་བ༔ ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས༔ གཅིག་ལས་བརྒྱ་སྟོང་གྲངས་མེད་འཕྲོ༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་དང་༔ སྟོང་གསུམ་བདག་པོ་སྤྲིན་གྱི་སྒྲོན༔ རྡོ་རྗེ་མཆུ་དང་བི་ན་ཡ༔ བགེགས་རིགས་སྟོང་


CMR043_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བརྒྱད་ཅུ་དང་་ཟ་འདྲེ་ཤི་འདྲེའི་གྲི་བོ་དང་༔ འགོང་པོ་འདྲེ་མོ་བསེ་རག་སོགས༔ ལན་ཆགས་བདག་པོ་ཐམས་ཅད་ལ༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི་ཚེ་སྐྱིན་སྲོག་་གླུད་འདི་འབུལ་ལོ༔ དགའ་མགུ་ཡི་རང་ལྡན་གྱུར་ནས༔ བུ་ལོན་ལན་ཆགས་བྱང་གྱུར་ཅིག༔ མ་གནོད་མ་འཚེ་རང་གནས་དེངས༔ ཨོཾ་སརྦ་བིགྷཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་ཁྲུས་ཆུ་དང་ངར་མི་གཅིག་གིས་བཟུང་བཅུག་ལ༔ ཧཱུྃ༔ ང་ནི་རྡོ་རྗེ་རྣམ་པར་འཇོམས༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག༔ ཡོན་བདག་འདི་ལ་གནོད་བྱེད་བགེགས༔ འདི་རུ་མ་འདུག་གཞན་དུ་དེངས༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ རྡོ་རྗེ་རྣམ་འཇོམས་ཐུགས་ཁྲོས་ནས༔ ས་གས་རྒྱ་མཚོ་གནམ་དུ་འཕྱུར༔ གནམ་གྲུམ་འབྲུག་སྒྲས་ཀླད་ཁྲག་འགེམས༔ སྲིད་རྩེ་མནར་མེད་ཡན་ཆད་ཀྱི༔ བདུད་དང་བགེགས་ཀྱི་གནས་རྣམས་ཀུན༔ ཡེ་ཤེས་མེ་ཆེན་མཆེད་ཅིང་འབར་སྐད་ཅིག་ཉིད་ལ་སྲེག་པར་བྱེད༔ དེ་བས་མྱུར་དུ་ཕྱིར་དེངས་ཤིག༔ ཨོཾ་སུཾ་བྷ་ནི་སོགས། དྲག་སྔགས་བརྗོད༔ རོལ་མོ་བྱ༔ ནས་ལྕག་བྲབ༔ བགེགས་གནས་པའི་ཕྱོགས་བྱང་ཤར་དུ་བསྐྱལ་བཅུག་གོ༔ དེ་ནས་གཡོན་དྲིལ་བུ་འཁྲོལ་གཡས་རྡོ་རྗེ་གསོར་


CMR043_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་༔ ཧཱུྃ༔ བདག་མདུན་རྣམ་པར་འཇོམས་པ་ཡི༔ སྐུ་ལས་སྣ་ཚོགས་རྡོ་རྗེ་ཡི༔ ཆར་བབས་བསྲུང་བྱའི་ལུས་ལ་ནི༔ རྡོ་རྗེའི་གོ་ཁྲབ་ཞུ་ལུབས་གྱུར༔ སུས་ཀྱང་ཚུགས་པར་མི་འགྱུར་བ༔ རྡོ་རྗེ་ཕ་ལམ་ལྟ་བུར་གྱུར༔ ན་མཤྩཎྜ་བཛྲ་སོགས། བཛྲ་རཀྵ་རཀྵ༔ ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག༔ དེ་བཞིན་དུ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་སྔགས་དང་ཕྱག་རྒྱ་དང་༔ རྡོ་རྗེ་རྣམ་འཇོམས་བདེན་པའི་མཐུས༔ ཡོན་བདག་བསྲུང་བྱ་འདི་ཉིད་ལ༔ སྡིག་སྒྲིབ་བགེགས་དང་བར་ཆད་རྣམས༔ སྲུངས་ཤིག་སྲུངས་ཤིག་བསྐྱབ་ཏུ་གསོལ༔ ཨོཾ་ཨཱཿབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ སྡིག་པ་ཐམས་ཅད་ལས་སྲུངས་ཤིག༔ བགེགས་ཐམས་ཅད་ལས་སྲུངས་ཤིག༔ བར་ཆད་ཐམས་ཅད་ལས་སྲུངས་ཤིག༔ རཀྵ་རཀྵ་སྭཱ་ཧཱཿ ཞེས་སྙིང་གར་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་བཞག༔ གདུག་པ་ཅན་དང་རིམས་ཀྱི་ནད༔ ཉེ་བར་འཚེ་དང་གདོན་གྱི་ཚོགས༔ དུས་མིན་འཆི་དང་རྨི་ལམ་ངན༔ མཚན་མ་ངན་དང་བྱ་བྱེད་ངན༔ སེམས་ཀྱི་གཡེང་བ་ལ་སོགས་པ༔ སྲུངས་ཤིག་སྐྱོབས་ཤིག་


CMR043_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བར་མཛོད༔ ཨོཾ་ཨཱབཛྲ་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ གདུག་པ་ཅན་ཐམས་ཅད་སྲུངས་ཤིག༔ རིམས་ཐམས་ཅད་ལས་སྲུངས་ཤིག༔ གདོན་དང་ཉེར་བར་འཚེ་བ་དང་དུས་མིན་འཆི་བ་སྲུངས་ཤིག༔ རྨི་ལམ་མཚན་མ་ངན་པ་དང་བྱ་བྱེད་ངན་པ་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱཿ ཞེས་དཔུང་གཡས་དང་༔ བྱུར་དང་སྐལ་བ་ངན་པ་དང་༔ བཀྲ་མི་ཤིས་དང་རྗོད་གཏོང་མཐུ༔ བཟའ་ཉེས་དང་ནི་བསྒོམས་ཉེས་དང་༔ གཟའ་དང་རྒྱུ་སྐར་གནོད་པ་དང་༔ བདུད་ཀྱི་ཞགས་པ་གཤིན་རྗེ་ཡི༔ ཕོ་ཉ་ཐོམས་ཅད་སྲུང་ཞིང་སྐྱོབས༔ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ བྱུར་དང་སྐལ་ངན་བཀྲ་མི་ཤིས་པ་ཐམས་ཅད་སྲུངས་ཤིག༔ བཟའ་ཉེས་བསྒོམས་ཉེས་གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད་སྲུངས་ཤིག་ཞགས་པ་གཤིན་རྗེའི་ཕོ་ཉ་ཐམས་ཅད་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱཿ ཞེས་ཕྲག་པ་གཡོན་དུ་བཞག་གོ༔ མཚན་མོའི་གདོན་དང་བྱད་འཁོན་གྲིབ༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ གློ་བུར་ཡེ་འདྲོག་སུམ་བརྒྱ་དང་༔ དྲུག་ཅུ་ཐམས་ཅད་བསྲུང་དུ་གསོལ༔ ཕ་ཚན་རྒྱབ་འདྲེ་མ་བུ་ཡི༔ བྱུར་འདྲེ་མི་གཙང་


CMR043_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་ལ་སོགས༔ མི་མཐུན་ཕྱོགས་ཀུན་བསྲུང་དུ་གསོལ༔ ཨོཾ་ཨཱབཛྲ་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ མི་མཐུན་པའི་ཕྱོགས་ཐམས་ཅད་རཀྵ་རཀྵ་སྭཱ་ཧཱཿ ཞེས་རྒྱབ་ཏུ་བཞག༔ སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་༔ ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་༔ དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་དང་༔ རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང་༔ རྡོ་རྗེ་རྣམ་པ་འཇོམས་པའི་མཐུ་སྟོབས་ཀྱིས༔ འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས༔ འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག༔ ཨོཾ་ཨཱབཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་རཀྵ་རཀྟ་ཧཱུྃ་སྭཱ་ཧཱཿ ཞེས་སྤྱི་བོར་བཞག༔ དེ་ནས་རབ་གནས་ཀྱི་ཚུལ་དུ་མེ་ཏོག་འཐོར་ཞིང་༔ ཧཱུྃ༔ སྔོན་ཚེ་བཅོམ་ལྡན་ཐུབ་པའི་དབང་པོ་ཡིས༔ རྡོ་རྗེ་རྣམ་འཇོམས་རྩ་བའི་རྒྱུད་གསུངས་པས༔ རྒྱལ་པོའི་སྡིག་བྱང་མི་ནད་ཕྱུགས་ནད་ཆད༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ རིན་ཆེན་ཁང་བུ་བརྩེགས་པའི་གཞལ་ཡས་སུ༔ བཤད་པའི་རྒྱུད་གསུངས་དགའ་རབ་དབང་ཕྱུག་བཏུལ༔ དེ་བཞིན་དེང་འདིར་བདུད་དང་ལོག་འདྲེན་ཐུལ༔ བར་ཆད་རྐྱེན་རྣམས་ཞི་བའི་བཀྲ་ཤིས་ཤོག༔ དེང་


CMR043_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རྒྱུ་སྦྱོར་སྦྱིན་པའི་བདག་པོ་ཡི༔ ཚེ་དང་བསོད་ནམས་དབང་ཐང་ཆོས་སྲིད་རྣམས༔ ཡར་ངོའི་ཟླ་བཞིན་འཕེལ་བའི་བཀྲ་ཤིས་ཤོག༔ ནད་གདོན་བར་ཆད་རྐྱེན་དང་སྡིག་སྒྲིབ་རྣམས༔ མྱུར་དུ་ཟད་ཅིང་སྟོང་པའི་བཀྲ་ཤིས་ཤོག༔ སློབ་དཔོན་ཚེ་རིང་བུམ་པ་བཀྲ་ཤིས་ཤིང་༔ ཡོན་བདག་ནད་མེད་བདེ་བའི་བཀྲ་ཤིས་ཤོག༔ ཡུལ་ཁམས་མི་ནད་ཕྱུགས་ནད་རྒྱུན་ཆད་ཅིང་༔ ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་ཕུན་སུམ་ཚོགས༔ ལྷམ་མེ་ལྷན་ནེ་ལྷང་ངེ་གསལ་གྱུར་ནས༔ གསང་སྔགས་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔ འོ་དེས་རྡོ་རྗེ་རྣམ་པར་འཇོམས་པའི་བྱབ་ཁྲུས་ཀྱི་ཆོ་ག་ལེགས་པར་གྲུབ་པས་གཏང་རག་གི་མཎྜལ་ཕུལ༔ ས་གཞི་སྤོས་སོགས༔ ཞེས་པ་འདི་ནི་གནམ་ཆོས་སྒྲུབ་ཐབས་ལས་བྱུང་བའི་ལྷན་ཐབས་ཁ་སྐོང་གི་ཚུལ་དུ༔ གསང་སྔགས་རྙིང་མའི་སློབ་དཔོན་བི་མ་ལའི་ལུགས་ཀྱི་བྱབ་ཁྲུས་རྗེ་རང་བྱུང་བས་བསྒྲིགས་པར་མཛད་པའི་དོན་བསྡུས་ཏེ་ཚིགས་བཅད་དུ་ཕབ་ནས་བྲིས་པ་ཡིན་ཏེ༔ འདི་བྱ་རྒྱུད་གསར་མའི་ལུགས་ལྟར་ཤ་ཆང་སྤང་དགོས་པ་སོགས་མིན་པས་ཕྲག་ཡངས་པ་དང་༔ གསར་མའི་ལུགས་ལ་རྣམ་འཇོམས་གཟུངས་རིང་འབུམ་ཕྲག་གཅིག་བསྙེན་ཚད་དེ༔ དུས་ཀྱི་དབང་གིས་འབུམ་ཕྲག་བཞི་དགོས་ལ༔ བསྙེན་པ་མ་ཐོན་པའི་བྱབ་ཁྲུས་བྱིན་རླབས་ཆུང་


CMR043_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་༔ དེའི་བསྙེན་པ་ཐོན་པ་དཀོན་ལ༔ གནམ་ཆོས་འདིའི་སྔགས་ཉུང་ངུ་དེ་སུམ་འབུམ་མམ་དུས་ནི་ཞག་བདུན་བཟླས་ཀྱང་ཆོག་པས་འགྲུབ་སླའོ༔ ཞེས་གོ་འཇོ་བླ་མ་ལྷུན་གྲུབ་བས་བསྐུལ་ནས༔ དུ་སྦྱར་བས་སེམས་ཅན་མང་པོ་ལ་ཕན་པར་གྱུར་ཅིག༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགནམ་ཆོས་ལས་བྱུང་བའི་རྣམ་འཇོམས་ལྗང་སྔོན་གྱི་བྱབ་ཁྲུས།next