Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་བཟླ་དུས་དམིགས་རིམ་ཟིན་བྲིས་ཤིན་ཏུ་གསལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་བཟླ་དུས་དམིགས་རིམ་ཟིན་བྲིས་ཤིན་ཏུ་གསལ་བ།next

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་བཟླ་དུས་དམིགས་རིམ་ཟིན་བྲིས་ཤིན་ཏུ་གསལ་བ།


CMR043_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་བཟླ་དུས་དམིགས་རིམ་ཟིན་བྲིས་ཤིན་ཏུ་གསལ་བ་བཞུགས་སོ།


CMR043_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་བི་དཱ་ར་ཎ་ཡེ། རྣམ་འཇོམས་འདི་ནི་བྱ་རྒྱུད་ཡིན་པ་ཡིས། །ཤ་ཆང་སྤངས་ནས་གཙང་སྦྲ་ཆེ་བར་དགོས། །འོན་ཀྱང་རྒྱུད་དོ་ཅོག་གི་རྩ་བ་སྟེ། །རྒྱུད་སྡེ་བཞི་ཀ་ལྟར་དུ་ཉམས་ལེན་རུང་། །བི་མ་མི་ཏྲ་ནས་བརྒྱུད་དཀར་པོ་འདི། །ཤ་ཆང་ལ་སོགས་སྤངས་ཡང་མི་དགོས་ཤིང་། །དྲན་རྫོགས་སྒོམ་ཆོག་སྤྱན་འདྲེན་མེད་ཀྱང་རུང་། །དེ་ཕྱིར་ཀུན་ལ་ཕན་ཆེ་འདི་ཉིད་བཤད། །མངོན་རྟོགས་ངག་ཏུ་བརྗོད་ནི་མི་དགོས་ཏེ། །གཟུངས་ཉིད་འདོན་ཚེ་ཡིད་ཀྱིས་བསྒོམས་པས་ཆོག །སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་དམ་ཚིག་ཡེ་ཤེས་དབྱེར་


CMR043_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི། །བདག་ཉིད་རྣམ་པར་འཇོམས་པ་སྟོན་ཟླའི་མདོག །དཀར་ལ་ཅུང་ཟད་སྔོ་བའི་མདངས་ཆགས་པ། །ཞལ་གཅིག་སྤྱན་གསུམ་ཅུང་ཟད་ཁྲོ་ཞིང་འཛུམ། །དབུ་སྐྲ་ཐོར་ཚུགས་རིན་ཆེན་དབུ་བརྒྱན་དང་། །དབུ་གཙུག་རིགས་བདག་རང་ཆས་རྡོར་སེམས་མཚོན། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན། །གཡོན་པས་བུམ་པ་ལྟེ་བའི་ཐད་དུ་བསྣམས། །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ནི། །པདྨ་ཉི་ཟླ་བརྩེགས་པའི་གདན་ལ་བཞུགས། །ཡེ་ཤེས་རང་འོད་འཁྲུགས་པའི་དབུས་ན་གསལ། །དེ་ཡི་ཐུགས་


CMR043_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །ཧཱུྃ་ཡིག་དཀར་ལ་སྔོ་བའི་མདངས་ཆགས་པ། །དེ་མཐར་གཟུངས་སྔགས་གཡས་སུ་འཁོར་བ་ལས། །འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས། །བདག་དང་སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས། །དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །ཐུགས་རྗེ་བྱིན་རླབས་འོད་ཟེར་རྣམ་པར་བསྡུས། །ཐུགས་ཀའི་ཧཱུྃ་དང་སྔགས་ཕྲེང་ལ་ཐིམ་པས། །སྔགས་ཕྲེང་དེ་ལས་ཡེ་ཤེས་བདུད་རྩི་བབ། །བདག་ལུས་ཡེ་ཤེས་བདུད་རྩིས་ལྟེམ་གྱིས་གང་། །སྡིག་སྒྲིབ་མི་གཙང་གྲིབ་དང་ནད་གདོན་རྣམས། །འོག་སྒོ་རྐང་མཐིལ་བ་སྤུའི་བུ་ག་ནས། །ནག་མདངས་ཉིལ་ཉིལ་ཕྱིར་ཐོན་རང་གི་ལུས། །དྲི་མེད་ཤེལ་སྒོང་ལྟ་བུ་གྱུར་བསྒོམ་ཞིང་། །གཟུངས་སྔགས་བཟླ་བ་རང་དོན་དམིགས་རིམ་ཡིན། །གཞན་གྱི་རིམ་གྲོའི་དོན་དུ་འདོན་པའི་ཚེ། །རང་ཉིད་རྣམ་འཇོམས་སྐུ་ཆེ་རི་བོ་ཙམ། །ཕྱག་གཡོན་བུམ་པ་དཀར་པོ་མཆུ་ཡོད་པ། །ཁ་རྒྱན་ཁྲོ་ཞལ་དཀར་པོས་མཚན་པ་འཛིན། །བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་སྟེང་། །ཧཱུྃ་ཡིག་དཀར་ལ་སྔོ་མདངས་ཆགས་པའི་མཐར། །གཟུངས་སྔགས་གཡས་སུ་འཁོར་བའི་འོད་ཟེར་གྱིས། །རྣམ་འཇོམས་


CMR043_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་བཅུ་སོགས་སངས་རྒྱས་དང་། །བྱང་སེམས་ཀུན་གྱི་བྱིན་རླབས་འོད་དེས་བསྡུས། །བུམ་ལྷའི་ཧཱུྃ་དང་སྔགས་ཕྲེང་ལ་ཐིམ་པས། །བདུད་རྩིའི་རྒྱུན་བབས་བུམ་པ་ལྟེམ་གྱིས་གང་། །བུམ་པའི་མཆུ་ནས་བདུད་རྩིའི་ཆུ་རྒྱུན་ནི། །རྐྱལ་པའི་ཁ་ནས་འོ་མ་བྱོ་བཞིན་བབ། །ནད་པ་ལ་སོགས་བསྲུང་བྱ་གང་ཡིན་གྱི། །སྤྱི་བོར་བབས་ནས་འགའ་ཞིག་ཚངས་བུག་ཞུགས། །ལུས་ཀྱི་ཕྱི་ནང་གཉིས་ཀ་བཀྲུས་པ་ཡིས། །སྡིག་སྒྲིབ་ནད་གདོན་གྲིབ་དང་མི་གཙང་དག །ལུས་ཀུན་དྲི་མེད་ཤེལ་སྒོང་ལྟར་གྱུར་བསྒོམ། །དེ་དག་ལན་བ་གཅིག་བསྒོམས་པ་མ་ཡིན་ཏེ། །གཟུངས་ནི་ཇི་ཙམ་འདོན་པའི་ཡུན་དེ་ཡིས། །ཕྱེད་ཡན་རང་དོན་ཕྱེད་མན་གཞན་དོན་བསྒོམ། །རང་དོན་དམིགས་པར་བསྙེན་སྒྲུབ་གཉིས་འདུས་ཏེ། །ལྷ་སྒོམ་བསྙེན་པ་འཕྲོ་འདུས་སྒྲུབ་པ་ཡིན། །གཞན་དོན་དམིགས་པ་ལས་སྦྱོར་ཡིན་པའོ། །དེ་ནས་བསྐྱེད་རིམ་བསྡུ་སོགས་མི་དགོས་ཏེ། །སྒོམ་མཁན་ངོ་བོ་ལྟ་བ་རང་གིས་འཐུས། །རྡོ་རྗེ་ཞེས་བྱ་མི་ཆོད་མི་ཤིགས་པ། །སེམས་ཉིད་ངོ་བོ་འགྱུར་བ་མེད་པ་ཡིན། །དམྱལ་བའི་མེས་ཀྱང་བསྲེགས་པར་མི་ནུས་ཏེ། །དེ་ཕྱིར་སྲ་བ་བརྟན་པ་ཞེས་བྱའོ། །དེ་


CMR043_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྟོགས་ན་འཁོར་བའི་སྡུག་བསྔལ་ཀུན། །རྣམ་པར་འཇོམས་པར་བྱེད་པས་རྣམ་འཇོམས་ཟེར། །དེ་ཕྱིར་རང་སེམས་ངོ་བོ་ཉིད་ལ་བལྟ། །དེ་ལྟར་བལྟ་ཞིང་བཟླས་ཀྱང་ལེགས་པ་ཡིན། །བགེགས་རིགས་སྟོང་ཕྲག་ཞི་བ་ལ་སོགས་པའི། །སྨོན་ལམ་ཤེས་བརྗོད་སྤྱི་ལྟར་བྱ་བའོ། །པདྨ་མཐར་ཕྱིན་ཞེས་བྱས་བསྐུལ་བའི་ངོར། །རཱ་ག་ཨ་སྱས་ཉུང་ལ་ཟབ་པར་གདམས་།ཉེས་པ་མཆིས་ན་ཡེ་ཤེས་ལྷ་ལ་བཤགས། །དགེ་བས་གཞན་ཕན་དཔག་མེད་འབྱུང་བར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousརྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་བཟླ་དུས་དམིགས་རིམ་ཟིན་བྲིས་ཤིན་ཏུ་གསལ་བ།next