Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་སྨེ་བརྩེགས་སྒྲུབ་ཐབས་ཀྱི་ཟུར་རྒྱན་བྱབ་ཁྲུས་ཤེལ་གྱི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་སྨེ་བརྩེགས་སྒྲུབ་ཐབས་ཀྱི་ཟུར་རྒྱན་བྱབ་ཁྲུས་ཤེལ་གྱི་མེ་ལོང་།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་སྨེ་བརྩེགས་སྒྲུབ་ཐབས་ཀྱི་ཟུར་རྒྱན་བྱབ་ཁྲུས་ཤེལ་གྱི་མེ་ལོང་།


CMR043_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ སྨེ་བརྩེགས་སྒྲུབ་ཐབས་ཀྱི་ཟུར་རྒྱན་བྱབ་ཁྲུས་ཤེལ་གྱི་མེ་ལོང་ཡོད༔


CMR043_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ གནམ་ཆོས་སྨེ་བརྩེགས་བྱབ་ཁྲུས་ནི༔ བུམ་པ་རྫས་ལྡན་སྤྱི་ལྟར་བཤམས༔ དམ་ཡེ་དབྱེར་མེད་དྲན་རྫོགས་བསྒོམ༔ བདག་དང་མདུན་གྱི་བར་སྣང་དང་༔ བུམ་ནང་སྨེ་བ་བརྩེགས་པ་སྨུག༔ ཞལ་གཅིག་ཕྱག་གཉིས་ཁྲུས་བུམ་དང་༔ ལས་ཀུན་སྒྲུབ་པའི་ཐིག་ལེ་བཞི༔ གཡས་གཡོན་པདྨའི་སྟེང་ན་འཛིན༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་རྫོགས༔ འདོར་ཐབས་པད་ཉིའི་གདན་ལ་བཞུགས༔ སྐུ་ལས་ཡེ་ཤེས་མེ་དཔུང་འབར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ ཐུགས་ཀར་ཉི་སྟེང་ཧཱུྃ་སྨུག་ལ༔ སྔགས་ཀྱིས་གཡས་སུ་འཁོར་བ་ལས༔ འོད་


CMR043_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ སྨེ་བརྩེགས་དཔག་མེད་སྤྱན་དྲངས་ནས༔ བདག་མདུན་བུམ་པའི་ལྷ་ལ་ཐིམ༔ བདག་བསྐྱེད་ཐུགས་ཀའི་ཧཱུྃ་ཡིག་ལས༔ མེ་འབར་གྲིབ་དང་མི་གཙང་བསྲེག༔ བུམ་བསྐྱེད་སྐུ་ལས་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་གྱུར༔ ཨོཾ་བྷཆུང་དྷིས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱཿ ཞེས་པ་བརྒྱ་སྟོང་ཅི་འགྲུབ་བཟླས༔ ཨརྒྷཾ་སོགས། ཧཱུྃ༔ རབ་འཇིགས་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་༔ གདུག་པ་འདུལ་ཕྱིར་རབ་ཏུ་ཁྲོས་པའི་སྐུ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ༔ ཁྲོ་རྒྱལ་སྨེ་བ་བརྩེགས་ལ་ཕྱག་འཚལ་བསྟོད༔


CMR043_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ནད་པ་སོགས་མདུན་དུ་འཁོད་རྐང་ཞབས་སུ་བལ་འདབ་ནག་པོ་གཅིག་བཞག་ལ༔ མེ་ལོང་ཁྲུས་སྡེར་སོགས་འཛོམ་པར་བྱ་སྟེ༔ འོ་ན་རང་རེ་རྣམས་ཐོབ་དཀའ་བའི་མི་ལུས་རིན་པོ་ཆེ་འདི༔ སྐྱེ་བ་གཏན་གྱི་སོ་ནམ་མ་འགྲུབ་ཀྱི་བར་དུ་ཆུད་མི་ཟ་བའི་ཕྱིར༔ འདུལ་བ་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས༔ ལུས་བསྲུང་བའི་ཐབས་དུ་མ་གསུངས་ཤིང་། ཁྱད་པར་དུ་ལུས་ངག་ལ་གནོད་པ་ནི་གྲིབ་དང་མི་གཙང་བ་ཡིན་ཏེ༔ དམ་ཚིག་དང་ཚུལ་ཁྲིམས་ཉམས་པའི་གྲིབ་ཀྱིས་ས་ལམ་ལ་སྒྲིབ༔ མཁའ་འགྲོ་ཆོས་སྐྱོང་འཁྲུག་པའི་གྲིབ་ཀྱིས་ཚེ་དང་བསོད་ནམས་ལ་གནོད༔ སྡེ་བརྒྱད་མི་མ་ཡིན་འཁྲུག་པའི་གྲིབ་ཀྱིས་ལུས་སྲོག་ལ་གནོད་དེ༔ བདུད་གྲིབ་ལྕི་ཞིང་འཐིབས་པ་དང་༔ རྒྱལ་པོའི་གྲིབ་སྨོ་ཞིང་འབོག་པ་དང་༔ བཙན་གྱི་གྲིབ་གློ་བུར་དུ་གཟེར་བ་དང་༔ གཟའ་ཡི་གྲིབ་ལྐུགས་ཤིང་རེངས་པ་དང་༔ ཀླུ་ཡི་གྲིབ་མཛེ་དང་ཤུ་བ་ཞ་གྲུམ་དང་༔ མ་མོ་མཁའ་འགྲོ་འཁྲུག་པའི་གྲིབ་ཡམས་ནད་རིམས་ནད་དང་༔ གཞན་ཡང་རོ་བག་དང་ཟས་གོས་མི་གཙང་བའི་གྲིབ་ཀྱིས་ཁམས་ཉོག་ཤེས་པ་བྱིངས༔ ཚིག་པ་ཟ་ཞིང་སྙིང་མི་དགའ་བ་སོགས་འབྱུང་བར་སློབ་དཔོན་པདྨས་གསུངས༔


CMR043_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་སྤྱིར་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ལ་ཆེ་ཆུང་ཐུགས་རྗེ་ལ་མྱུར་བུལ་མེད་ཀྱང་༔ གྲིབ་དེ་དག་སེལ་བ་ལ་ཁྲོ་བོ་རྨེ་བརྩེགས་འདི་ཐུགས་རྗེ་མྱུར་ཞིང་བྱིན་རླབས་གཞན་ལས་ཆེ་བ་ཡིན༔ དེ་ལ་སྨེ་བརྩེགས་འདིའི་ལོ་རྒྱུས་ལ་གསུམ་སྟེ༔ དང་པོ་སངས་རྒྱས་གཞན་གྱིས་མ་ཐུལ་བའི་བདུད་བཏུལ་བ་དང་༔ བར་དུ་རྟ་མགྲིན་དང་ཕག་མོ་གཉིས་ཀྱིས་བར་ཆད་བསལ་བ་དང་༔ ཐ་མ་ལྷ་གཞན་ལས་བྱིན་རླབས་ཆེ་ཞིང་ཐུགས་རྗེ་མྱུར་བའོ༔ དང་པོ་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་བདག་འཛིན་རུ་ཏྲའི་སྡེ་དཔོན་ལ་བདུད་རིགས་བྱེ་བ་དུང་ཕྱུར་གྱིས་བསྐོར་ནས་སེམས་ཅན་རྣམས་ལ་གནོད་པ་སྣ་ཚོགས་བྱས་སོ༔ དེར་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་བདུད་དེ་དག་བཏུལ་བའི་ཕྱིར་སྟོབས་དང་སྤྲུལ་པ་དཔག་ཏུ་མེད་པ་བསྟན་ཀྱང་བདུད་ཀྱིས་ཀྱང་དེ་ལྟར་བསྟན་ནས་མ་ཐུལ༔ དེ་ནས་བདུད་འདི་སྟོབས་ཀྱིས་མི་ཐུལ་ཐབས་ཀྱིས་འདུལ་བར་དགོངས་ཏེ༔ བདུད་ཀྱི་བུ་སྨེ་བརྩེགས་ལྗང་ནག་ཏུ་སྤྲུལ་ནས་བདུད་ཀྱི་མགོ་ལ་ཙནྡན་གྱི་བེང་བརྒྱབས་ནས་བསྒྲལ༔ བདུད་དམག་བྱེ་བ་ས་ཡ་བཏུལ་ཏེ་འཁོར་དུ་བསྐོར་རོ༔ དེ་རྗེས་ཐུབ་པའི་བསྟན་པ་མ་བྱུང་


CMR043_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གི་གོང་ཙམ་དུ་བདུད་ཕོ་མ་ཏྲཾ་རུ་ཏྲ་འཁོར་སྡེ་བརྒྱད་དང་འདྲེ་སྲིན་ཐམས་ཅད་ཀྱིས་བསྐོར་ནས་མི་རྣམས་ཨ་ཅང་ཡང་ཆེ་སྟེ་ལྷ་མ་སྲིན་དང་སྲིན་པོའི་རྒྱལ་པོ་ཡང་བསད་ཅིང་ཟོས་སོ༔ དེར་སངས་རྒྱས་རྣམས་བཀའ་བགྲོས་ནས༔ རྟ་མགྲིན་དང་རྡོ་རྗེ་ཕག་མོ་གཉིས་བཏང་༔ ཁོང་རྣམ་གཉིས་བདུད་ཕོ་མོ་གཉིས་ཀྱི་ཁོག་ཏུ་ཞུགས་ཏེ༔ སྤྱི་གཙུག་ནས་རྟ་ཞལ་དང་ཕག་ཞལ་བཏོན་ཀྱང་༔ བདུད་ཀྱི་གྲིབ་ཀྱིས་གསུང་འགགས་པ་ལ༔ འོག་མིན་ནས་སྨེ་བརྩེགས་ཡབ་ཡུམ་བྱོན་ནས་ཁྲུས་མཛད་པས༔ གྲིབ་སངས་ནས་རྟ་སྐད་ལན་གསུམ་བཏོན་པས་ཁམས་གསུམ་དབང་དུ་བསྡུས༔ ཕག་སྐད་ལན་ལྔ་ངུར་པས་དཔའ་བོ་མཁའ་འགྲོ་འབུམ་ཕྲག་ལྔ་བྲན་དུ་བསྐོར་རོ༔ དེ་ཡང་སྨེ་བརྩེགས་འདིའི་དྲིན་ཡིན༔ ལྷ་གཞན་རྣམས་གྲིབ་དང་མི་གཙང་བས་གོས་ན་མི་འགྲུབ༔ འགྲུབ་ཚར་བའི་ནུས་པ་ཡང་ཉམས་པའི་ཕྱིར་གྲིབ་ལ་འཛེམ་དགོས༔ གྲིབ་དང་མི་གཙང་བ་ལ་མི་འཛེམ་པ་སྨེ་བརྩེགས་ཀྱི་དམ་ཚིག་ཡིན༔ སྨེ་དགུ་བརྩེགས་བྱས་པའི་གྲིབ་ཀྱང་སྐད་ཅིག་ལ་འཇོམས་པས་སྨེ་བརྩེགས་ཞེས་བྱའོ༔ བྱ་བ་ཡོངས་སུ་བསྟན་པའི་མདོ་ལས༔ སྡེ་འཁྲུག་བྱས་པའི་ཉེས་པ་དཔག་ཏུ་


CMR043_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་གསུངས་ཤིང་༔ སྡེ་འཁྲུག་བྱས་པའི་ས་ཆ་དེར་སྒྲུབ་པ་ལོ་བཅུ་གཉིས་བྱས་ཀྱང་འབྲས་བུ་མི་འབྱུང་བར་གསུངས་པ་ལ༔ དེའི་ཉེས་སྐྱོན་ཡང་སྨེ་བརྩེགས་འདིས་སེལ་བར་ཇོ་བོ་རྗེས་གསུངས༔ ལྷ་འདིའི་ངོ་བོ་ནི་ཁྲོ་བོ་སྟོབས་པོ་ཆེ་དང་མགོན་པོ་མ་ནིང་དང་གཅིག་པས༔ བྱིན་རླབས་གཞན་ལས་ཆེ་བ་ཡིན༔ ལྷ་གཞན་བསྙེན་སྒྲུབ་མ་བྱས་པར་བྱིན་རླབས་མི་འཇུག་ལས་ཚོགས་མི་འགྲུབ༔ བསྙེན་པ་ཡང་དུས་སྙིགས་མ་ལ་བཞི་འགྱུར་དགོས་པར་བཤད༔ སྨེ་བརྩེགས་འདི་ལ་བསྙེན་སྒྲུབ་མི་དགོས་པར་འཕྲལ་དུ་ལས་ཚོགས་ཐམས་ཅད་འགྲུབ་ཅིང་བྱིན་རླབས་འཇུག་པས༔ ཐུགས་རྗེ་གཞན་ལས་མྱུར་བ་ཡིན༔ འདིའི་བྱབ་ཁྲུས་སོགས་ཞུས་པས་མི་གཙང་བ་རྣམས་གཙང་བར་འགྱུར༔ མ་དག་པ་རྣམས་དག་པར་འགྱུར༔ སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར༔ གངས་རྒྱུད་བཞིན་དུ་དཀར་བར་འགྱུར༔ ལྷ་དང་སྲུང་མ་ཐམས་ཅད་ནི༔ མི་དགའ་རྣམས་དགའ་བར་འགྱུར༔ དེ་ལ་སོགས་པ་ཕན་ཡོན་མཐའ་ཡས་པ་འདིའི་རྒྱུད་ལས་གསུངས་སོ༔ དེ་ལ་ཡང་བིར་ཝ་པ་ནས་བརྒྱུད་པའི་དུད་ཁ་ཞལ་གསུམ་ཕྱག་དྲུག་པ་དང་༔ ཇོ་བོ་རྗེའི་


CMR043_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལྗང་གུ་ཞལ་གསུམ་ཕྱག་དྲུག་པ་དང་༔ སྔོན་གྱི་གཏེར་ཁ་རྣམས་ནས་དུད་ཁ་ཞལ་གཅིག་ཕྱག་གཉིས་པ་དང་༔ གནམ་ཆོས་ལས་ཀྱང་ལྗང་གུ་ཞལ་གསུམ་ཕྱག་དྲུག་པ་གཅིག་དང་༔ དཔའ་གཅིག་དང་གཉིས་ཡོད་པ་ལས༔ ཕྱག་གཉིས་པ་འདི་ལ་བྱབ་ཁྲུས་སྦྱར་བར་གསུངས་པ་ལྟར་བྱ་བ་ཡིན་ཏེ༔ དེ་ཡང་ཟླ་བ་སྒྲོན་མའི་མདོ་ལས༔ གང་ཞིག་སངས་རྒྱས་ཡིད་བྱེད་པ༔ དེ་ཡི་མདུན་ན་ཐུབ་པ་བཞུགས༔ ཞེས་གསུངས་པས༔ ཁྱེད་རང་གི་མདུན་དུ་ངེད་བཅོམ་ལྡན་འདས་སྨེ་བ་བརྩེགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་ཟློདཔའི་ཚོགས་ཀྱིས་བསྐོར་ནས༔ ཁྱེད་རང་ལ་ཁྲུས་བྱབ་ཀྱི་ཆོ་ག་མངོན་སུམ་དུ་མཛད་པའི་མོས་པ་མཛོད། དེ་ལ་ཡང་རྒྱས་པར་ཁྲུས་དོན་བཅུ་གསུམ་མ་དང་༔ འབྲིང་བ་ཁྲུས་དོན་བདུན་མ་དང་༔ བསྡུས་པ་ཁྲུས་དོན་གསུམ་མ་ལས༔ འདི་གསུམ་མ་དེ་ཡིན༔ འདི་ལ་ཡང་ཁྲུས་ཀྱི་ཆོ་ག༔ བྱབ་པའི་ཆོ་ག༔ བསྲུང་བའི་ཆོ་ག་གསུམ༔ དེ་རེ་རེ་ལ་དོན་གཉིས་གཉིས་ཡོད་པ་ལས༔ དང་པོ་ལྷ་ཁྲུས་ཀྱི་དོན་དུ་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་སྨེ་བ་བརྩེགས་པ་ལ་ཁྱེད་རང་གི་ཕོ་ལྷ་ཕྲག་ལྷ་ལ་སོགས་པ་སྐྱོབ་པའི་ལྷ་ལྔ་


CMR043_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ དགྲ་ལྷ་ཡུལ་ལྷ་ལ་སོགས་པ་བརྟེན་པའི་ལྷ་དགུས་བསྐོར་བ་ལ་སྐུ་ཁྲུས་གསོལ་བས་གྲིབ་དང་མི་གཙང་བས་གོས་པ་ཐམས་ཅད་སངས་ནས༔ སྐུ་ལུས་བཀྲག་མདངས་གཟི་བརྗིད་རབ་ཏུ་རྒྱས་ཏེ༔ ཁྱེད་རང་གི་མགོན་སྐྱབས་དང་དཔུང་གཉེན་དུ་བཞེངས་པའི་མོས་པ་མཛོད༔ ཡར་མཆོད་གཞི་ངོས་ལ་མེ་ལོང་བསྟན་ཏེ་ཁྲུས་བྱ་ཞིང་༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་སྐུ་ཁྲུས་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤི་ཡེ་ཧཱུྃ༔ དེ་ནས་སྒྲོ་མདོངས་ཀྱི་ཡུ་བས་མེ་ལོང་བྱུག་ཚུལ་བྱ་ཞིང༔ སྟོང་གསུམ་ཀུན་ན་དྲི་ངད་ལྡང་བ་ཡི༔ དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ༔ གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར༔ འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི༔ ཨོཾ་ཧཱུྃ་ཧཱུྃ་ཧཱུྃ༔ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱཿ དེ་ནས་དར་རམ་རས་ཀྱིས་ཕྱི་ཚུལ་བྱ་ཞིང་༔ རྒྱལ་དང་རྒྱལ་བའི་སྲས་ཀྱི་སྐུ་རྣམས་ལ༔ རེས་དཀར་སྨན་དང་ལྡན་པས་སྐུ་ཕྱིས་པས༔ མི་ཤེས་སྒྲིབ་པ་མ་ལུས་ཀུན་བསལ་ནས༔ ཉེས་པའི་ཚོགས་རྣམས་མ་ལུས་དག་གྱུར་ཅིག༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ


CMR043_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱཿ དེས་ལྷ་ལ་ཁྲུས་གསོལ་སོང་ནས༔ སྐྱེས་བུའི་ངན་ཁྲུས་ནི༔ བཅོམ་ལྡན་འདས་སྨེ་བ་བརྩེགས་པའི་ལྷ་ཚོགས་རྣམས་ཀྱིས་ཕྱག་ན་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་ཐོགས་ནས༔ ཁྱེད་རང་རྣམས་ལ་ཁྲུས་བྱས་པས་ལུས་ཀྱི་ན་ཚ་ཐམས་ཅད་ཞི་ཞིང་གྲིབ་དང་མི་གཙང་བ་ཐམས་ཅད་དག་ནས་ལུས་ཤེལ་གོང་དྲི་མ་མེད་པ་ལྟར་གྱུར༔ བུམ་ཆུ་ནང་དུ་འཐུང་བས་སྡིག་སྒྲིབ་ཉོན་མོངས་རྣམ་རྟོག་ཐམས་ཅད་དག་ནས་སེམས་རྟོག་མེད་ཆོས་ཀྱི་སྐུར་གྱུར་པའི་མོས་པ་མཛོད༔ བུམ་པ་ཐོགས་ལ་དབྱངས་དང་བཅས༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་སྐུ་ཁྲུས་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཏེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ བུམ་པ་མགོར་བཞག༔ ཆབ་གསུམ་བླངས་ལ་ཁྲུས་སྡེར་དུ་བླུགས་བཅུག༔ ཡན་ལག་ལྔ་ཁྲུས་བྱ༔ བུམ་ཆུ་བླུད༔ དེ་རྣམས་བྱེད་ཚེ་རང་གིས་སྔགས་བཟླའོ༔ དེ་ནས་མེ་ལོང་ངོས་ལ་ནད་པའི་གཟུགས་འཆར་བ་ལ་ཁྲུས་བྱ་ཞིང་༔ འདི་ནི་ཁྲུས་མཆོག་དཔལ་དང་ལྡན༔ ཐུགས་རྗེའི་ཆུ་ནི་བླ་ན་མེད༔ བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ༔ ཅི་འདོད་དངོས་གྲུབ་སྩོལ་བར་མཛོད༔


CMR043_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཐིགས་རེ་དང་སྔགས་སྤྲད་ཅིང་མེ་ལོང་ངོས་ལ་བླུགས་ཤིང་༔ ཨོཾ་བྷུཆུང་དྷིས་ཧཱུྃ་ཧཱུྃ་ཕཊ༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་བྷུཆུང་དྷིས་ཧཱུྃ་ཧཱུྃ་ཕཊ༔ སརྦ་བིགྷ་ནཾ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་བྷཆུང་དྷིས་ཧཱུྃ་ཧཱུྃ་ཕཊ༔ སརྦ་རོ་ག༔ དེ་བཞིན་དུ་མགོའི་སྙིང་པོ་དང་མཇུག་གི་ཤཱནྟིཾ་ཀུ་རུ་ཀུན་ལ་འགྲེས་ཏེ༔ སརྦ་དུཥྛ༔ སརྦ་ཛཱ་ར༔ སརྦ་ཨུ་པ་དྲ་ཡེ༔ སརྦ་གྲ་ཧེ༔ སརྦ་ཨ་ཀ་ལ་ཀྲྀ་ཏ་ཡུ༔ སརྦ་དུར་སོབ་ནན༔ སརྦ་དུར་མི་ཏི༔ སརྦ་ཙིཏྟ་བྱུ་ཀུ་ལེ༔ ཞེས་བསྡུས་ན་དེ་ཡན་གྱི་ཆོག་ལ༔ སྤྲོ་ན༔ ནད་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ གདོན་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ གྲིབ་ཐམས་ཅད་ཤཱནི་ཀུ་རུ་ཡེ་སྭཱ་ཧཱཿ ཟས་གྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ གོས་གྲིབ་ཐམས་ཅད་ཤཱནི་ཀུ་རུ་ཡེ་སྭཱ་ཧཱཿ རོ་གྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ བཙོག་གྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ ཉམས་གྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ དམེ་གྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ ཡུགས་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ འཁོན་གྲིབ་ཐམས་ཅད་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ མནོལ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱཿ འོ་


CMR043_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཁྲུས་ཀྱི་ཆོ་ག་སོང་བས༔ སྡིག་སྒྲིབ་མི་གཙང་བ་ཐམས་ཅད་དག་ངེས་བསམ་པའི་མོས་པ་མཛོད༔ གཉིས་པ་བྱབ་པ་ལ་བྱབ་པ་དངོས་དང་༔ ཁྲུས་ས་ནས་ཕྱུང་བ་གཉིས་ལས༔ དང་པོ་བྱབ་པའི་དོན་དུ༔ ངེད་བཅོམ་ལྡན་སྨེ་བ་བརྩེགས་པའི་སྐུར་གསལ་བའི་ཕྱག་ན་ཡོད་པའི་རྨ་བྱའི་སྒྲོ་མདོངས་འདི་ལ་ཁ་དོག་ལྔ་ཡོད་པ་ཡེ་ཤེས་ལྔའི་མཚོན་བྱེད་ཡིན་ཅིང་༔ དེའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྨུག་ནག་གི་མཐར་སྙིང་པོས་བསྐོར་ནས་ཡོད་པ་དེས་ཁྱེད་རང་ལ་བྱབ་པའི་དུས་སུ་སྔགས་ལས་འོད་ཟེར་འཕྲོས་ནས་ཁྱེད་རང་གི་ལུས་ལ་ཕོག་པས༔ དཔེར་ན་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་བཞིན་དུ༔ ནད་གདོན་ཐམས་ཅད་འུབས་སེ་བསྡུས་ནས་སྤྲུགས་པའི་དུས་སུ་མདུན་དུ་ཁྲུས་ཆུ་འདིའི་ནང་དུ༔ ཁྱེད་རང་གི་གཟུགས་བརྙན་ཤར་བ་ལ་ནད་སྤོ་བའི་ཚུལ་དུ་བྱབས་པས༔ ལུས་ངག་ཡིད་གསུམ་བདེ་སངས་སངས་སོང་བའི་མོས་པ་མཛོད༔ ཨོཾ་བྷུཪྑུང་དྷིས་ཧཱུྃ་ཧཱུྃ་ཕཊ༔ སརྦ་པཱ་པཾ་ཨ་པ་ན་ཡེ་སྭཱ་ཧཱཿ གོང་གི་རྩ་སྔགས་དང་མཇུག་གི་ཨ་པ་ན་ཡེ་ཀུན་ལ་འགྲེའོ༔ ཕྱག་གཡས་རྨ་བྱའི་མདོངས་ཀྱིས་ནད་པའི་ལུས་ནས་ཁྲུས་ཆུ་ནང་དུ་བྱབ་པའི་ཚུལ་རེ་དང་དྲིལ་བུ་


CMR043_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་བར་སྤྲུགས་ཏེ༔ སརྦ་བིགྷ་ནཾ༔ སརྦ་རོ་ག༔ སརྦ་དུཏྟཾ༔ སརྦ་ཛཱ་ར༔ སརྦ་ཨུ་པ་ཏྲ་ཡེ༔ སརྦ་གྲ་ཧེ༔ སརྦ་ཨ་ཀ་ལ་མྲྀ་ཏ་ཡུ༔ སརྦ་དུར་སོབ་ནཾ༔ སརྦ་དུར་མི་ཏི༔ སརྦ་ཙིཏྟ་བྱཱ་ཀུ་ལེ༔ ནད་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ གདོན་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ གྲིབ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཟས་གྲིབ་ཐམས་ཅད་ཨ་། པ་ན་ཡེ་སྭཱ་ཧཱཿ གོས་གྲིབ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ རོ་གྲིབ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ བཙོག་གྲིབ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཉམས་གྲིབ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ དམེ་གྲིབ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ ཡུགས་གྲིབ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ འཁོན་གྲིབ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ མནོལ་གྲིབ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱཿ དེས་བྱབ་པའི་ཆོ་ག་སོང་ནས༔ ཁྲུས་ས་ནས་ཕྱུང་བ་ནི་དེ་ལྟར་འཁྲུ་བ་དང་བྱབ་པའི་ཆོ་ག་བྱས་པས༔ ནད་གདོན་བཀྲ་མི་ཤིས་པ་ཐམས་ཅད་དག་ནས༔ སྟན་ནག་པོ་འཁོར་བའི་རང་བཞིན་དེ་སྤང་བར་སྒོམས་ཤིག༔ རྐང་ཞབས་ཀྱི་བལ་འདབ་ནག་པོ་དེ་ཁྲུས་ཆུ་ནང་དུ་འཕང་བཅུག༔ ཁྲུས་ཆུ་ཕྱི་རོལ་དུ་


CMR043_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར༔ དེ་ནས་རྐང་ཞབས་སུ་བལ་འདབ་དཀར་པོ་གཅིག་བཅུག་ལ༔ ད་སྟན་དཀར་པོ་ཐར་པའི་གནས་བྱང་ཕྱོགས་ལྕང་ལོ་ཅན་དུ་དཔལ་ཕྱག་ན་རྡོ་རྗེའི་སྤྱན་སྔར་བསླེབས་པས༔ ནད་གདོན་གང་གིས་ཀྱང་གླགས་མི་རྙེད་པར་སྒོམས་ལ༔ ཐལ་མོ་སྦྱར་བའི་བར་དུ་རྡོ་རྗེའི་རྩེ་མོ་འདི་ཟུངས་ལ༔ རྗེས་ཟློས་མཛོད༔ སྡིག་པ་ཐམས་ཅད་བྱང་བྱས་ནས༔ སྡུག་བསྔལ་ཐམས་ཅད་མེད་པར་བྱེད༔ རྒྱུད་དོ་ཅོག་གི་རྩ་བ་སྟེ༔ དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན༔ ཚིག་རྗེས་མ་ལན་གསུམ༔ དེས་བྱབ་པ་སོང་ནས་བསྲུང་བ་ནི༔ བྱབ་ཁྲུས་ཀྱི་ཆོ་གས་ནད་གདོན་བསལ་ནས༔ སླར་མི་འཇུག་པའི་ཕྱིར་གོ་ཆ་བགོ་བ་ཡིན་ཏེ༔ ངེད་བཅོམ་ལྡན་འདས་སྨེ་བ་བརྩེགས་པར་གསལ་བས༔ ཁྱེད་རང་རྣམས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་བསྐོན་པས༔ ལུས་ལ་རྡོ་རྗེའི་གོ་ཁྲབ་མེ་འབར་ཞིང་ཚྭ་ཚྭ་འཕྲོ་བས༔ ཅིས་ཀྱང་མི་ཆོད་པ་མི་ཤིགས་པ༔ སྲ་བ་བརྟན་པ་བགེགས་དང་ལོག་འདྲེན་གང་གིས་ཀྱང་མི་ཚུགས་པར་སྒོམས༔ ཨོཾ་བྷཆུང་དྷིས་ཧཱུྃ་ཧཱུྃ་ཕཊ༔ སརྦ་པཱ་པཾ་རཀྵ་རཀྵ་སྭཱ་ཧཱཿ ཞེས་སྤྱི་གཙུག་ཏུ་རྡོ་རྗེ་རྒྱ་གྲམ་དུ་བཞག༔ དེ་བཞིན་དུ་མགོ་བོའི་ཕྱོགས་བཞི་དཔུང་པ་གཉིས༔ པུས་མོ་གཉིས༔ སྙིང་


CMR043_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ག༔ རྒྱབ་རྣམས་སུ་རྡོ་རྗེ་རྒྱ་གྲམ་དུ་བཞག་ཅིང་༔ མགོ་ནས་རྩ་སྔགས་དང་མཇུག་ཏུ་རཀྵ་རཀྵ་སྦྱར་བས༔ སརྦ་བིགྷ་ནཾ༔ སརྦ་རོ་ག༔ སརྦ་དུཥྚ༔ སརྦ་ཛཱ་ར༔ སརྦ་ཨུ་པ་དྲ་ཡེ༔ སརྦ་གྲ་ཧེ༔ སརྦ་ཨ་ཀ་ལ་མྲྀ་ཏ་ཡུ༔ སརྦ་དུར་སོབ་ནཾ༔ སརྦ་དུརྨི་ཏི༔ སརྦ་ཙིཏྟ་བྱཱ་ཀུ་ལེ༔ རཀྵ་རཀྟ་ཡེ་སྭཱ་ཧཱཿ དེས་ཆོག་ལ་སྤྲོ་ན་རྡོ་རྗེ་གདེངས་ཤིང་༔ ཁོ་ལ་ཚད་ཙམ་བྱ་ཞིང་༔ ནད་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ གདོན་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ གྲིབ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ ཟས་གྲིབ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ གོས་གྲིབ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ རོ་གྲིབ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ བཙོག་གྲིབ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ ཉམས་གྲིབ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ དམེ་གྲིབ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ ཡུགས་གྲིབ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ འཁོན་གྲིབ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ མནོལ་གྲིབ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔ བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀ་ཡེ་སྭཱ་ཧཱཿ


CMR043_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྡོ་རྗེ་མགོར་བཞག་ལ༔ རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་༔ ཁྲོ་བོ་སྨེ་བ་བརྩེགས་པའི་བདེན་པ་ཡིས༔ འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས༔ འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག༔ ཨོཾ་བཛྲ་རཀྵ་རཀྟ་ཡེ་སྭཱ་ཧཱཿ དེས་བསྲུང་བ་སོང་ནས་གཉིས་པ་ཤིས་པ་བརྗོད་པའི་དོན་དུ་བཅོམ་ལྡན་འདས་སྨེ་བརྩེགས་ལྷ་ཚོགས་རྣམས་ཀྱིས་བསྲུང་བའི་ཆོ་ག་བསྒོམས་པ་དེ་མི་ཉམས་ཤིང་བརྟན་པའི་ཕྱིར་བཀྲ་ཤིས་བརྗོད་ཅིང་རབ་གནས་མཛད་པའི་མོས་པ་མཛོད༔ ཅེས་ནས་གཏོར་ཞིང་༔ ཨོཾ་འབྲས་བུའི་རྡོ་རྗེ་སངས་རྒྱས་རྡོ་རྗེ་འཆང་༔ ལམ་གྱི་རྡོ་རྗེ་ཐེག་པ་ཆེན་པོའི་ཆོས༔ རྒྱུ་ཡི་རྡོ་རྗེ་དགེ་འདུན་རྡོ་རྗེའི་རིགས༔ མཆོག་གསུམ་རྡོ་རྗེས་སྐྱོབ་པའི་བཀྲ་ཤིས་ཤོག༔ སངས་རྒྱས་སྟོང་གི་རྡོ་རྗེའི་མི་མཛོད་འཛིན་ཞིང་༔ རྡོ་རྗེའི་སྐུ་ཅན་ཕྱག་ན་རྡོ་རྗེ་འཛིན༔ རྡོ་རྗེའི་གསུང་གི་རྡོ་རྗེའི་ཧཱུྃ་སྒྲ་སྒྲོག༔ རྡོ་རྗེ་སྨེ་བ་བརྩེགས་པའི་བཀྲ་ཤིས་ཤོག༔ གཉེན་པོའི་རྡོ་རྗེས་མི་དགེ་བཅུ་པོ་འཇོམས༔ སྟོབས་བཅུ་རྡོ་རྗེས་འཇིག་རྟེན་སྐྱོང་བཅུ་གནོན༔ ཕ་རོལ་ཕྱིན་བཅུ་མཐར་ཕྱིན་རྡོ་རྗེ་ཅན༔ རྡོ་རྗེ་ཁྲོ་རྒྱལ་བཅུ་ཡི་བཀྲ་ཤིས་ཤོག༔ རྡོ་རྗེའི་རིགས་ཅན་ཚངས་དབང་


CMR043_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བྱིན་དང་༔ རྡོ་རྗེའི་བཀའ་ཉན་ཕྱོགས་སྐྱོང་ལྷ་ཀླུ་དང་༔ རྡོ་རྗེའི་ཕོ་ཉ་གཟའ་དང་རྒྱུ་སྐར་ཚོགས༔ རྡོ་རྗེའི་རིགས་ཀྱི་སྲུང་མའི་བཀྲ་ཤིས་ཤོག༔ རིན་ཆེན་བུམ་པ་རྡོ་རྗེས་མཚོན་པ་ལ༔ རྟེན་འབྲེལ་རྫས་དང་རྡོ་རྗེའི་ཆུས་བཀང་ནས༔ རྡོ་རྗེའི་གཟུངས་ཐག་རྡོ་རྗེའི་འོད་ཟེར་འཕྲོ༔ རྡོ་རྗེ་དག་བྱེད་ཁྲུས་ཀྱི་བཀྲ་ཤིས་ཤོག༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྡོ་རྗེས་འཇོམས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྡོ་རྗེས་བརླག༔ ནད་རིགས་བཞི་བརྒྱ་རྩ་བཞི་རྡོ་རྗེས་ཞི༔ སྨོན་ལམ་རྡོ་རྗེས་འགྲུབ་པའི་བཀྲ་ཤིས་ཤོག༔ ཨོཾ་བྷཆུང་དྷིས་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སིདྡྷི་ཧཱུྃ༔ ཛ་ཡེ་ཛ་ཡེ་བི་ཛ་ཡེ་སྭཱ་ཧཱཿ དེས་བཀྲ་ཤིས་པར་བྱ་བ་སོང་ངོ་༔ འོ་དེ་རྣམས་ཀྱི་དགེ་བ་བྱང་ཆུབ་ཏུ་བསྔོ་བའི་རྗེས་ཟློས་མཛོད༔ དགེ་བ་འདི་ཡིས་མྱུར་དུ་བདག༔ སྨེ་བ་བརྩེགས་པ་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ དེ་ཡི་ས་ལ་འགོད་པར་ཤོག༔ དེས་ནི་ཁྲུས་བྱབ་བསྲུང་གསུམ་ལེགས་པར་གྲུབ་པ་ཡིན་པས༔ གཏང་རག་གི་མཎྜལ་ཕུལ༔ ས་གཞི་སྤོས་ཆུས་སོགས༔ ཞེས་པ་གནམ་ཆོས་སྨེ་བརྩེགས་སྒྲུབ་ཐབས་ཀྱི་མཇུག་ན་འདི་ལ་བྱབ་ཁྲུས་སོགས་སྦྱར་རུང་ངོ་ཞེས་གསུངས་


CMR043_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རཱ་ག་ཨ་སྱས་སྦྱར་བའི་ཡི་གེ་པ་ནི་དབོན་པོ་མཐུ་སྟོབས་སོ༔ མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་སྨེ་བརྩེགས་སྒྲུབ་ཐབས་ཀྱི་ཟུར་རྒྱན་བྱབ་ཁྲུས་ཤེལ་གྱི་མེ་ལོང་།next