Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡང་ཁྱིམ་མི་གཙང་བ་དང་། རོ་ཁུར་ལག་པ་བཀྲུ་བ་དང་། བྱིས་སྤ་སྐྱེས་ནས་བང་ཁྲུས་དང་། བག་མའི་སྣ་ཁྲུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡང་ཁྱིམ་མི་གཙང་བ་དང་། རོ་ཁུར་ལག་པ་བཀྲུ་བ་དང་། བྱིས་སྤ་སྐྱེས་ནས་བང་ཁྲུས་དང་། བག་མའི་སྣ་ཁྲུས།next

ཡང་ཁྱིམ་མི་གཙང་བ་དང་། རོ་ཁུར་ལག་པ་བཀྲུ་བ་དང་། བྱིས་སྤ་སྐྱེས་ནས་བང་ཁྲུས་དང་། བག་མའི་སྣ་ཁྲུས།


CMR043_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཁྱིམ་མི་གཙང་བ་དང་། རོ་ཁུར་ལག་པ་བཀྲུ་བ་དང་། བྱིས་སྤ་སྐྱེས་ནས་བང་ཁྲུས་དང་། བག་མའི་སྣ་ཁྲུས་དང་། མར་མེ་གྲིབ་སེལ་བཀྲུ་བ་ལ། བུམ་ཆོག་ཅི་ལྟ་བ་སྲོལ་མེད་དེ། །སྔགས་རྒན་རྣམས་ཀྱི་ཕྱག་སྲོལ། རི་རུ་བྱའམ་བྱ་དཀར་གང་རྙེད་དུ་འོ་དཀར་གྱིས་བཀང་ལ། རང་ཡི་དམ་གང་ཡིན་སྐད་ཅིག་ལ་སྒོམ་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ལྕང་ལོ་ཅན་ནས་རྡོ་རྗེ་རྣམ་པར་འཇོམས་པ་དང་། ཁྲོ་བོ་རྨེ་བརྩེགས་དང་། ཡུམ་སངས་རྒྱས་སྤྱན་མ་དང་། རྡོ་རྗེ་སེམས་དཔའ། མི་འཁྲུགས་པ། རྡོ་རྗེ་ལུ་གུ་རྒྱུད་མ་དང་། ཁྲོ་མོ་སྨེ་བརྩེགས་དང་། རྡོ་རྗེ་སྙེམས་མ་དང་། བདུད་རྩི་འཁྱིལ་པ་སྟེ། ཁྲུས་ལྷ་དག་པ་ལྷ་དགུ་པོ་དེ་ཐམས་ཅད་དམ་རྣམ་འཇོམས་སོགས་སྔགས་གང་ཤེས་པའི། ལྷ་ཐམས་ཅད་ཆར་བབ་པ་ལྟར་སྤྱན་དྲངས་ན་ནས་འོ་དཀར་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་སྒོམས་ཤིག །རྣམ་འཇོམས་དང་། ཡིག་བརྒྱ། ཀཾ་ཀ་ནི། སྨེ་བརྩེགས་སྔགས་སོགས་གང་ཤེས་མང་དུ་འདོན་ནས་འོ་དཀར་ལ་ཕུ་བྱས། དེ་ནས་འོ་དཀར་ཐོགས་ལ། བཀྲུའོ་བཀྲུའོ། །ནད་བཀྲུའོ། གདོན་བཀྲུའོ། །ཟས་གྲིབ་བཀྲུའོ། །གོས་གྲིབ་བཀྲུའོ། །རོ་གྲིབ་བཀྲུའོ། །བཙོག་གྲིབ་བཀྲུའོ། །རྨེ་གྲིབ་བཀྲུའོ། །


CMR043_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་གང་ཤེས་བརྗོད་ཅིང་རྣམ་འཇོམས་གཟུངས་རིང་དང་སྨེ་བརྩེགས་སྔགས་སོགས་བརྗོད་ལ་བཀྲུའོ། །ཁྱིམ་ལ་ཡིན་ན་ཤུག་ལོ་སོགས་ཀྱིས་འཐོར། ཆབ་ལེན་བཅུག་པ་དང་། མགོ་ན་ཤུག་པ་དང་ཡན་ལག་ལྔ་ཁྲུས་སོགས་ཅི་བདེར་བྱའོ། །ཨོཾ་བྷར་ཁུང་དྷིས་སྭཱ་ཧཱ། ཞེས་སྨེ་བརྩེགས་ཉེ་སྙིང་། ཨོཾ་ཨ་མི་ཏེ་ཧཱུྃ་ཕཊ༔ བདུད་རྩི་འཁྱིལ་བའི་ཉེ་སྙིང་། ཨོཾ་བཛྲ་བི་དཱ་ར་ཎ་ཧཱུྃ་ཕཊ༔ ཞེས་རྣམ་འཇོམས་མཚན་སྔགས་ཏེ། གཟུངས་རིང་རྣམས་མི་ཤེས་ཀྱང་། སྔགས་དེ་གསུམ་ཀའམ་གང་རུང་ལ། ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭ་། ཧཱ༔ ཞེས་པས་མང་དུ་སྔགས་ཤིང་བཀྲུ་དུས་ཀྱང་སྔགས་དེ་བརྗོད་པས་ཆོག་སྟེ། གྲིབ་ལ་ཤིན་ཏུ་ཕན། ཞེས་པ་བྱབ་ཁྲུས་ཅི་ལྟ་བ་ཐོན་མེད་པར་རང་གར་ཁྲུས་བྱེད་ལུགས་ཏེ། འདི་ཡང་ཕྱག་རྡོར་རིགས་པ་མཆོག་གི་རྒྱུད་དང་། ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་སོགས། ལས་ཚོགས་དུ་མ་ན་གསུངས་པས། །ཕུགས་མེད་པ་རང་ཡིན་ནོ། །ཞེས་རཱ་ག་ཨ་སྱས་སྒོམ་པ་གསར་བུ་ལ་ཕན་ཕྱིར་འཕྲལ་དུ་བྲིས་སོ།། །།


previousཡང་ཁྱིམ་མི་གཙང་བ་དང་། རོ་ཁུར་ལག་པ་བཀྲུ་བ་དང་། བྱིས་སྤ་སྐྱེས་ནས་བང་ཁྲུས་དང་། བག་མའི་སྣ་ཁྲུས།next