Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཁོན་སྦྱངས་ཀུན་གྱི་དོན་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཁོན་སྦྱངས་ཀུན་གྱི་དོན་བསྡུས།next

འཁོན་སྦྱངས་ཀུན་གྱི་དོན་བསྡུས།


CMR043_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

འཁོན་སྦྱངས་ཀུན་གྱི་དོན་བསྡུས་བཞུགས། །ན་མོ་གུ་རུ་བཛྲ་སཏཱ་ཡེ། སྦྱིན་བདག་སྡོམ་པ་ཤོར་བ་དང་། དམ་ཚིག་ཉམས་པ་དང་དགོན་སྡེ་དང་གཙུག་ལག་ཁང་བཤིག་པ་དང་། བསྟན་པ་དང་བསྟན་པ་འཛིན་པའི་དགེ་བའི་བཤེས་གཉེན་ནམ། གྲུབ་ཐོབ་རྟོགས་ལྡན་སྔགས་པ་ནུས་ལྡན་སོགས་ལ་དགྲ་བཙལ་བ་དང་། ཁྱད་པར་དུ་རྒྱལ་བའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། རང་གི་ལྷ་དང་བླ་མ་ལ་འགྲས་བཙལ་བའི་དམ་སེལ་ཡོད་པའི་རང་དང་སྔར་འགྲས་ཞུགས་པར་སྲུང་བཟློག་བྱས་ན། རང་ལ་སྡུག་ལ་རྟག་ཏུ་བྱམས་ལྡན་པ་ཞེས་པའི་རྩ་ལྟུང་ཕོག་ཅིང་། སྦྱིན་བདག་དེ་ལ་ཕན་མི་ཐོགས་པར། རང་ལ་ལྷ་སྲུང་གི་འཁུ་ལྡོག་དྲག་པོ་འབྱུང་ཞིང་ཚེ་སྲོག་ལ་གནོད་པས། དེའི་འཁོན་གྲིབ་སྦྱངས་པའི་གདམས་ངག་ནི་རང་གི་མདུན་དུ་རང་གི་ཡི་དམ་གང་ཡིན་པ་དེ་བསྐྱེད་ལ། དེ་ལ་འཁོན་འགྲས་གང་ཞུགས་རྣམས་ཀྱི་ཡི་དམ་ཐམས་ཅད་བསྟིམ་ལ་དབྱེར་མེད་དུ་བསམ། ཡི་དམ་དེའི་སྤྱི་བོར་རང་གི་རྩ་བའི་བླ་མ་དེ་རྣམས་རྡོ་རྗེ་སེམས་དཔའི་ཆ་ལུགས་སུ་བསྐྱེད་ལ། དེ་ལ་འཁོན་འགྲས་གང་ཞུགས་ཀྱི་བླ་མ་ཐམས་ཅད་བསྟིམ་ལ་དབྱེར་མེད་དུ་བསམ། ཡི་དམ་དེའི་འོག་གི་གཡས་


CMR043_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་ཆོས་སྐྱོང་གཙོ་བོ་གང་བྱེད་དེ་བསྐྱེད་ལ། དེ་ལ་སྔར་ཁོ་ལ་ཆད་གང་མྱོང་གི་ཆོས་སྐྱོང་ཐམས་བཅད་བསྟིམ་ལ་དབྱེར་མེད་དུ་བསམ། ཉམས་པ་རྣམས་ཚོགས་ཀྱིས་བསྐང་གསུངས་པས། དེ་རྣམས་ཀྱི་མདུན་དུ་ཚོགས་འཁོར་བཟང་པོ་བཤམས་ལ་ཚོགས་གཞུང་ལྟར་བྱེད་ལ། ཉམས་ཆག་བསྐང་བའི་དགའ་སྟོན་དུ་དམིགས། ཚོགས་ཕུད་ཕུལ་ལ་གཏོར་བསྔོས་བྱེད་ཚོགས་དུམ་གྱིས་བསྐང་བ་གསོ་ལ། རང་དང་སྦྱིན་བདག་གཉིས་ཀའི་སྐྱེ་བ་ཚེ་རབས་ཐམས་ཅད་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཅི་ཡོད་པ་ཐམས་ཅད་ཀྱི་ངོ་བོ་ཡིན་པ་ལ། །རྣམ་པ་གླིང་བཞི་རི་རབ་སོགས་བསྐང་རྫས་ཕུན་སུམ་ཚོགས་པར་བསྐྱེད་ལ་བསྐང་བ་གཞུང་ལྟར་འདོན། བཤགས་པའི་སྐབས་སུ་སྟབས་བདེ་ན་བཤགས་ཚིག་རྗེས་ཟློས་བྱེད་པ་དང་སྦྲག་ལ་ཕྱག་འཚལ་དུ་བཅུག །མི་བདེ་ནའང་བདག་དང་སྦྱིན་བདག་གཉིས་ཀྱི་སྐྱེ་བ་བདུན་རྒྱུད་ཕ་མྱེས་བདུན་རྒྱུད་ཚུན་ཆད་ཀྱི་འཁོན་འགྲས་བཤགས་པའི་བསམས་པས་རང་དང་ཡོན་བདག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བཤགས་པ་བྱེད་པར་བསམ་ལ་བཤགས་པ་གཞུང་ལྟར་འདོན། སྔར་ཆེད་པའི་ལས་མཁན་ངོ་ཤེས་ན་དེ་དང་། མི་ཤེས་ན་སྡེ་བརྒྱད་སྤྱི་ལ་དཀར་གཏོར་


CMR043_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་ཞིག་བསྔོ་ལ་ད་ཕྱིན་ཆད་གནོད་པ་མ་བྱེད་ཅེས་བཀའ་བསྒོའོ། །དེ་ནས་དྲག་པོའི་ཆད་མདོ་བྱ། དེ་ནས་ནམ་མཁའ་སྐུ་གསུང་ཐུགས་ཀྱི་བདག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཀར་པོ་དང་དམར་པོ་དང་མཐིང་ཁའི་གྲལ་རིམ་པ་གསུམ་བཞུགས་པར་བསྒོམས་ལ། དེ་རྣམས་ལས་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་དམར་མཐིང་གསུམ་འཕྲོས་ནས། བླ་མ་རྡོ་རྗེ་སེམས་དཔའི་གནས་གསུམ་དུ་ཨོཾ་དཀར་ཨཱདམར་ཧཱུྃ་མཐིང་ག་གསུམ་ལ་བསྐོར་ནས་འཁོར་བས། དེ་ལས་བདུད་རྩིའི་རྒྱུན་བབ་སྐུ་ལུས་གང་བས། །བླ་མ་ཐམས་ཅད་དང་འཁོན་འགྲས་ཉམས་ཆག་ཅི་ཡོད་དག །བླ་མའི་གནས་གསུམ་ནས་ཡིག་བརྒྱ་དཀར་དམར་མཐིང་གསུམ་འཕྲོས་པས་ཡི་དམ་གྱི་གནས་གསུམ་འབྲུ་གསུམ་ལ་བསྐོར་ནས་བདུད་རྩིའི་རྒྱུན་བབ་སྐུ་ལུས་གང་ནས་ཡི་དམ་དང་འཁོན་ཞུགས་པ་དག །ཡི་དམ་གྱི་གནས་གསུམ་ནས་ཡིག་བརྒྱ་དཀར་དམར་མཐིང་གསུམ་འཕྲོས་ནས་ཆོས་སྐྱོང་གི་གནས་གསུམ་འབྲུ་གསུམ་ལ་བསྐོར་ནས་འཁོར་བས་བདུད་རྩིའི་རྒྱུན་བབ་སྐུ་གང་ཆོས་སྐྱོང་ཐམས་ཅད་དང་འཁོན་འགྲས་ཞུགས་པ་ཐམས་ཅད་བྱང་། དེ་ནས་རྩ་བ་གསུམ་ཀའི་གནས་གསུམ་ནས་ཡིག་


CMR043_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དང་བདུད་རྩིའི་རྒྱུན་དཀར་དམར་མཐིང་གསུམ་བྱུང་། བདུད་རྩིའི་རྒྱུན་གྱིས་རང་གི་ལུས་ཕྱི་ནང་བཀྲུས་ཡིག་བརྒྱ་གསུམ་པོ་རང་གི་གནས་གསུམ་གྱི་འབྲུ་གསུམ་ལ་བསྐོར་ནས་འཁོར་ནས་འོད་ཟེར་གྱིས་ལུས་གང་། ཡོན་བདག་གི་དམ་ཚིག་ཉམས་པ་བསྐང་བར་བྱས་པ་དང་། སྦྱིན་བདག་མ་རུངས་པ་བསྒྲལ་བའི་ཞིང་དུ་གྱུར་པའི་སྔར་འཁོན་དང་དམ་སེལ་ཡོད་པའི་སྲུང་ཟློག་བྱས་པའི་ཉེས་པ་དག་པར་བསྒོམ། དེ་ནས་སྦྱིན་བདག་དེ་རྒྱན་དང་ཕྲེང་བ་གོས་དཀར་པོས་བཀླུབས་ཤིང་ཟླ་བའི་གདན་ལ་འདུག་ནས་ལྷ་རྣམས་ལ་ཐལ་མོ་སྦྱར་ནས་བཤགས་པ་བྱེད་པར་བསམ། དེ་ནས་བླ་མ་ཡི་དམ་ཆོས་སྐྱོང་གསུམ་ཀའི་གནས་གསུམ་ནས་འོད་ཟེར་དང་བདུད་རྩིའི་རྒྱུན་དཀར་པོ་བྱུང་ནས་སྦྱིན་བདག་དེའི་སྤྱི་བོ་ནས་ཞུགས། ལུས་ཕྱི་ནང་ཐམས་ཅད་བཀྲུས་པས་བསྟན་པ་དང་གཙུག་ལག་ཁང་དང་བླ་མ་དགེ་འདུན་སོགས་འགྲས་བཙལ་བ་དང་། ལྷ་དང་འཁོན་འགྲས་བྱད་ཁ་ཐམས་ཅད་དག་ནས་ལུས་ཤེལ་སྒོང་ལྟར་གཙང་སེང་ངེ་བར་གྱུར་པར་བསམ། རྒྱས་པར་ན་བླ་མ་སོ་སོའི་མཚན་སྔགས་དང་ཡི་དམ་སོ་སོའི་མཚན་སྔགས་དང་། ཡིག་བརྒྱ་སྤེལ་བའི། བསྡུ་ན། ཨོཾ་ས་མ་ཡ། ཨཱཿ ས་མ་ཡ། ཧྭ་ས་མ་ཡ། བཛྲ་གུ་རུ། ཨརྩིག་


CMR043_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནིང་སྔགས་ལྟ་བུ་དང་། ཨོཾ་བཛྲ་སཏཱ་ས་མ་ཡ། ཞེས་པ་ནས་སཏ་ཨཱ༔ ཞེས་ལྟར་སྤེལ་བ་ཅི་ནུས་བཟླས། དེ་ནས་བླ་མ་ཡི་དམ་ཆོས་སྐྱོང་རང་དང་ཡོན་བདག །བཤགས་རྒྱུའི་ཉེས་བྱས། བཤག་བྱ་འཆགས་བྱེད་དག་མ་དག་དང་། འཁོན་འགྲས་ཡོད་མེད་མདོར་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཡིན་སྙམ་དུ་བསམ་ལ། དེ་ཐམས་ཅད་ངོ་བོ་སེམས་ཡིན་སེམས་ངོ་བོ་སྤྲོས་པའི་མཐའ་དང་བྲལ་བའི་ངང་ལ་མཉམ་པར་བཞག་གོ །དེ་ལྟར་ཐུན་བཞི་ཉིན་རེ་བཞིན་དུ་བྱའོ། །དེ་ལྟར་བྱས་པས་བློ་བདེ་བ་དང་ཆོས་ལ་དད་པ་དང་། རྨི་ལམ་དུ་འཕུར་བ་ཁྲུས་བྱེད་གོས་དཀར་པོ་གྱོན་པ་ལུས་ལས་ངན་སྐྱུག་སེམས་ཅན་ཐོན་པ་རྨིས་ན་ཉམས་གྲིབ་དག་པའི་རྟགས་ཏེ་གཏང་རག་གི་མཆོད་པ་བཟང་པོ་འབུལ། དེ་ནས་ཟས་ནོར་གང་བྱུང་བ་ཆ་བཞི་བྱེད་ལ། ཆ་གཅིག་བླ་མ་དཀོན་མཆོག་མཆོད། གཉིས་ཆོས་སྐྱོང་སྲུང་མ་མཆོད། གསུམ་འགྲོ་བ་རིགས་དྲུག་ལ་སྦྱིན། བཞི་པ་དེ་རང་གིས་ལོངས་སྤྱོད། །དེས་ནི་སྦྱིན་བདག་ལ་ཕན་ཐོགས་རང་ལ་ཉམས་གྲིབ་དང་བཀའ་ཆད་མི་འབྱུང་ཆོས་སྐྱོང་གི་འཁུ་ལྡོག་མི་འོང་བའི་སྟེང་དུ་གཏང་རག་ཏུ་སོང་ནས་ཕྱིས་ཕྲིན་ལས་གང་བྱེད་ཀྱང་བསྐུལ་བ་ཙམ་གྱིས་འགྲུབ་པར་གསུངས་སོ། །འདི་ནི་བེར་ནག་ཅན་ཕྱག་བཞི་དྲུག་ཞལ་བཞི་པ་སོགས་དང་ཆོས་སྐྱོང་སྤྱིའི་ལས་རྒྱུད་སོགས་དང་ལུང་མན་ངག་དུ་མའི་བཅུད་ཕྱུངས་ཏེ་ཀརྨ་ཨ་རཱ་གས་བཀོད་པའོ། །ཀྱེ་མ་དེང་སང་ལྔ་བརྒྱ་རྩུབ་འགྱུར་དུས་འདི་རུ། །རྒྱལ་བའི་བསྟན་དང་བསྟན་འཛིན་སྐྱེས་བུ་


CMR043_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །འགྲས་རྒྱུ་མེད་པའི་སྦྱིན་བདག་ཤིན་ཏུ་དཀོན། །སྦྱིན་བདག་ཕལ་ཆེར་དམ་ཉམས་བཀའ་ལོག་མང་། །སྦྱིན་བདག་འགའ་ཞིག་བསྒྲལ་བའི་ཞིང་བཅུ་ཚང་། །དེ་ཕྱིར་མན་ངག་འདི་དང་མི་ལྡན་ན། །བསྲུང་བ་བྱས་པས་རོང་ལ་ལྟུང་བ་ཕོག །དྲག་ལས་བྱས་པས་སྦྱིན་བདག་བྲུབ་པར་སོང་། །བཟློག་པ་བྱས་པས་བསྟན་པ་བཤིག་པར་སོང་། །ལྷ་སྲུང་ཁྲོས་པས་བཀའ་ཆད་མྱུར་དུ་འབེབས། །དེ་ཕྱིར་མན་ངག་འདི་ནི་གསེར་བས་དཀོན། །ཀུན་གྱི་མི་ཤེས་ཁྱད་ཆོས་ས་མ་ཡ། ཨྠྀི། མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousའཁོན་སྦྱངས་ཀུན་གྱི་དོན་བསྡུས།next