Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་བསྒོ་མཚམས་གཅོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་བསྒོ་མཚམས་གཅོད།next

བཀའ་བསྒོ་མཚམས་གཅོད།


CMR043_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བསྒོའོ། །བྱིན་རླབས་བཀའ་བསྒོ་མཚམས་གཅོད་སོགས་དགོས་ཟེར་ན། རང་ཉིད་སྐད་ཅིག་ཐུགས་རྗེ་ཆེན་པོར་གསལ་བས་ནད་པ་དང་གདོན་ལ་སྙིང་རྗེ་ཆེན་པོ་བསྐྱེད་ལ། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། བསྲུང་བྱ་འདི་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་གང་ཡིན་པ་ཐམས་ཅད་གནོད་ཅིང་འཚེ་བའི་བསམ་པ་སྤོངས་ལ་གནས་གཞན་དུ་དེངས་ཤིག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རངགི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་


CMR043_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མི་འཁྲུགས་པ་དེས་སྔོན་བྱང་ཆུབ་སེམས་པའི་སྤྱད་པ་སྤྱོད་པ་ན། བདེན་པ་དང་བདེན་པའི་ཚིག་གང་གིས་དམ་བཅས་པ་དང་། ཚིག་བརྗོད་པ་གང་ཡིན་པའི་དམ་བཅས་པ་དང་ཚིག་བརྗོད་པ་དེ་དགོ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །དམ་བཅས་པ་དང་ཚིག་བརྗོད་པ་དེ་དག་ཐམས་ཅད་ཕ་རོལ་ཏུ་སོན་པའི་བདེན་པ་དང་། བདེན་པའི་ཚིག་དེས། བསྲུང་བྱ་འདིའི་དུས་མ་ཡིན་པའི་འཇིགས་པ་དང་སྐྲག་པ་དང་། ཡམས་ཀྱི་ནད་དང་གནོད་པ་འདི་དག་ནུབ་པར་གྱུར་ཅིག །ཨོཾ་ཨཀྵ་བྷེ་ཛ་བིནྡྷན་ཏ་ཀྲྀཏ་ཧཱུྃ་ཕཊ། འཇིགས་པ་མེད་པར་སྦྱིན་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་ལ་ཕྱག་འཚལ་ལོ། །བསྲུང་བྱ་འདིའི་ནད་གདོན་བར་ཆད་ཀྱི་འཇིགས་པ་འདི་ལས་ཡོངས་སུ་ཐར་བ་མཛད་དུ་གསོལ། ཨོཾ་པདྨ་ཚིནྡྷ་མ་ཎི་ཛཱ་ལ་ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་བདེན་པས། འདིའི་ནད་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་གྱུར་ཅིག །ཨོཾ་ཀ་པ་ཡ་ཀ་པ་མི་ཀཱ་སྭཱ་ཧཱ། སངས་རྒྱས་དཀོན་མཆོག་གི་བཀའ་བདེན་ནོ་ཞེ་ན། ཆོས་དཀོན་མཆོག་གི་བཀའ་བདེན་ནོ་ཞེ་


CMR043_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ན། དགེ་འདུན་དཀོན་མཆོག་གི་བཀའ་བདེན་ནོ་ཞེ་ན། ཕྱིའི་གནོད་སྦྱིན་ཕོ་མོ་ཞི་བར་གྱུར་ཅིག །བར་འབྱུང་བའི་ན་ཚ་ཞི་བར་གྱུར་ཅིག །ནང་དུག་ལྔའི་རྣམ་རྟོག་ཞི་བར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃཕཊ། བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་ནོ་ཞེ་ན། ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་ནོ་ཞེ་ན། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བཀའ་བདེན་ནོ་ཞེ་ན། ཕྱིའི་གནོད་སྦྱིན་ཕོ་མོ་ཞི་བར་གྱུར་ཅིག །བར་འབྱུང་བའི་ན་ཚ་ཞི་བར་གྱུར་ཅིག །ནང་དུག་ལྔའི་རྣམ་རྟོག་ཞི་བར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃཕཊ། དེ་ནས་རང་ཉིད་ཐུགས་རྗེ་ཆེན་པོ་གནས་འགྱུར་རྟ་མགྲིན་ནག་པོར་གསལ་བས། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ནི་དཔལ་ཆེན་རྟ་མགྲིན་སྐུ། །ང་ཡི་བཀའ་ལས་མ་འདའ་བར། །ཁྱོད་གནས་འདིར་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །དཔལ་ཆེན་རྟ་མགྲིན་ཐུགས་ཁྲོས་ནས། །མཚོན་ཆ་རལ་གྲི་ལྕགས་ཀྱུ་ཡིས། །བགེགས་ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་རླག་པར་བྱེད། །དེ་བས་རང་རང་གནས་སུ་དེངས། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧཱུྃ་ཕཊ༔


CMR043_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ནི་བཛྲ་རྟ་མགྲིན་སྐུ། །ང་ཡི་བཀའ་ལས་མ་འདའ་བར། །ཁྱོད་གནས་འདིར་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །བཛྲ་རྟ་མགྲིན་ཐུགས་ཁྲོས་ནས། །མཚོན་ཆ་རྡོ་རྗེ་ལྕགས་ཀྱུ་ཡིས། །བགེགས་ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་རླག་པར་བྱེད། །དེ་བས་རང་རང་གནས་སུ་དེངས། །ཧ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ནི་རཏྣ་རྟ་མགྲིན་སྐུ། །ང་ཡི་བཀའ་ལས་མ་འདའ་བར། །ཁྱོད་གནས་འདིར་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རཏྣ་རྟ་མགྲིན་ཐུགས་ཁྲོས་ནས། །མཚོན་ཆ་རིན་ཆེན་ལྕགས་ཀྱུ་ཡིས། །བགེགས་ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་རླག་པར་བྱེད། །དེ་བས་རང་རང་གནས་སུ་དེངས། །རི་རཏྣ་ཀྲོ་དྷ་ཧྱ་གྲི་ཝ་ཧཱུྃ་ཕཊ༔ གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ནི་པདྨ་རྟ་


CMR043_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་སྐུ། །ང་ཡི་བཀའ་ལས་མ་འདའ་བར། །ཁྱོད་གནས་འདིར་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །པདྨ་རྟ་མགྲིན་ཐུགས་ཁྲོས་ནས། །མཚོན་ཆ་པདྨ་ལྕགས་ཀྱུ་ཡིས། །བགེགས་ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་རླག་པར་བྱེད། །དེ་བས་རང་རང་གནས་སུ་དེངས། །ཧཱིཔདྨ་ཀྲོ་དྷ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ནི་ཀརྨ་རྟ་མགྲིན་སྐུ། །ང་ཡི་བཀའ་ལས་མ་འདའ་བར། །ཁྱོད་གནས་འདིར་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །ཀརྨ་རྟ་མགྲིན་ཐུགས་ཁྲོས་ནས། །མཚོན་ཆ་རྒྱ་གྲམ་ལྕགས་ཀྱུ་ཡིས། །བགེགས་ཁྱོད་ཀྱི་ལུས་ངག་ཡིད་གསུམ་རྣམས། །རྡུལ་ཕྲན་བཞིན་དུ་རླག་པར་བྱེད། །དེ་བས་རང་རང་གནས་སུ་དེངས། །ཧ་ཀརྨ་ཀྲོ་དྷ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཨོཾ་སུཾ་བྷ་ནི་དང་། ཨོཾ་བྷར་ཁུང་མ་ཧཱ་སོགས། སྨེ་བརྩེགས་སྔགས་རིང་ཐུང་གཉིས། ན་མཙཎྜ་བཛྲ་སོགས་རྣམ་འཇོམས་སྔགས་ཐུང་། ཨརྩིག་དང་གལ་ཆེ་ན་རྟ་མགྲིན་ནག་པོའི་ཆད་བརྒྱད་སོགས་


CMR043_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གང་འོས་འདོན་ཅིང་། ཕྲེང་ལྕགས། ནས་ལྕགས་བྲབ། རང་ཉིད་རྟ་མགྲིན་ནག་པོའི་སྐུ་དང་ཕྱག་མཚན་ལས་མེ་ཁ་དོག་སྣ་ལྔ་འཕྲོས་ནས། ནད་པའི་ནད་གདོན་ལུས་ཤ་ཁྲག་དང་བཅས་པ་གཞོབ་ཐུལ་ཐུལ་བསྲེགས་ནས་སྟོང་པར་བསྒོམ་མོ། །དེ་ནས་དེའི་ལུས་ཨོ་རྒྱན་སྨན་བླ་སོགས་ཡི་དམ་དུ་གསལ་བཏབ་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་བསྒོམ། ཕྲེང་བ་མགོར་བཞག་ལ། སོར་མོ་རྒྱལ་བ་རིགས་ལྔ། ཕྲེང་བ་ཡི་དམ་གྱི་སྐུ་བརྒྱ་རྩ་བརྒྱད། མདོ་འཛིན་བླ་མ་ཡི་དམ་མཁའ་འགྲོ་གསུམ་དུ་གསལ་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རང་གི་ངག་ནས་བརྗོད་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དེ་དག་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་ནས་ཆར་བབ་པ་ལྟར་བྱོན་ནས་དེ་ལ་ཐིམ་པར་བསྒོམ་ཞིང་། ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །བཀའ་བརྒྱུད་ཕྱི་ཡི་བླ་མ། སྒྲུབ་བརྒྱུད་ནང་གི་བླ་མ། ཡང་དག་དོན་གྱི་བླ་མ། རྒྱལ་བ་དགོངས་པ་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ། གཏེར་ཆོས་སྨོན་ལམ་བརྒྱུད་པ། མཁའ་འགྲོ་གཏད་རྒྱ་བརྒྱུད་པ། ཐུགས་རྗེ་བྱིན་རླབས་བརྒྱུད་པ། བཀའ་བབས་དོན་གྱི་བརྒྱུད་པ། ཕྱག་ཆེན་བརྒྱུད་པའི་བླ་མ། རྫོགས་ཆེན་བརྒྱུད་པའི་


CMR043_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ། ཞི་བྱེད་བརྒྱུད་པའི་བླ་མ། དམར་ཁྲིད་བརྒྱུད་པའི་བླ་མ། གཅོད་ཡུལ་བརྒྱུད་པའི་བླ་མ། ཆོས་དྲུག་བརྒྱུད་པའི་བླ་མ། སྦྱོར་དྲུག་བརྒྱུད་པའི་བླ་མ། རིམ་ལྔ་བརྒྱུད་པའི་བླ་མ། རྒྱ་ཆེན་སྤྱོད་པའི་བརྒྱུད་པ། ཟབ་མོ་ལྟ་བའི་བརྒྱུད་པ། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །ཡི་དམ་བྱ་བའི་རྒྱུད་ཀྱི་ལྷ་ཚོགས། སྤྱོད་པའི་རྒྱུད་ཀྱི་ལྷ་ཚོགས། རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས། བླ་མེད་རྒྱུད་ཀྱི་ལྷ་ཚོགས། ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མ་ཧཱ་མཱ་ཡཱ། སྤྱི་རྒྱུད་དུས་ཀྱི་འཁོར་ལོ། སྙིང་པོ་ཀྱེ་རྡོ་རྗེ། ཡང་སྙིང་འཁོར་ལོ་བདེ་མཆོག །རྡོ་རྗེ་གདན་བཞི། སངས་རྒྱས་ཐོད་པ། གཤིན་རྗེ་དམར་ནག །དགྲ་ནག་གདོང་དྲུག །རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །བསྐྱེད་པ་མ་ཧཱ་ཡོ་གའི་ལྷ་ཚོགས། ལུང་ཨ་ནུ་ཡོ་གའི་ལྷ་ཚོགས། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ཞི་གའི་ལྷ་ཚོགས། འདུས་པ་མདོའི་ལྷ་ཚོགས། དངོས་གྲུབ་བམ་གྱི་ལྷ་ཚོགས། འཆི་མེད་ཚེའི་ལྷ་ཚོགས། སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས། འཇམ་དཔལ་སྐུའི་ལྷ་ཚོགས། པདྨ་


CMR043_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས། མ་མོ་རྦོད་གཏོང་གི་ལྷ་ཚོགས། རིག་འཛིན་སློབ་དཔོན་ལྷ་ཚོགས། པད་འབྱུང་ཞི་བའི་ལྷ་ཚོགས། རིག་འཛིན་ཁྲོས་པའི་ལྷ་ཚོགས། བདུད་འདུལ་གྲོ་ལོད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །ཕོ་གདོན་རྒྱལ་འགོང་དམ་སྲི། མོ་གདོན་བསེན་མོ་གསོན་འདྲེ། ཀླུ་གདོན་གཉན་དང་ས་སྲིན། སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་བཙན་དང་ཐེའུ་རང་། གདོན་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པས་མི་ཚུགས་པར་སྲུངས་ཤིག །ནད་རླུང་ལས་གྱུར་པའི་ཉི་ཁྲི་གཅིག་སྟོང་། མཁྲིས་པ་ལས་གྱུར་པའི་ཉི་ཁྲི་གཅིག་སྟོང་། །བད་ཀན་ལས་གྱུར་པའི་ཉི་ཁྲི་གཅིག་སྟོང་། འདུས་པ་ལས་གྱུར་པའི་ཉི་ཁྲི་གཅིག་སྟོང་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ། སྟོབས་དང་མངའ་ཐང་རླུང་རྟ་ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད། ཟླ་བ་ཡར་གྱི་ངོ་བཞིན་དུ་དར་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག །ཚེ་མི་ཤིགས་པ་རྡོ་


CMR043_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལྟ་བུ། མི་འགྱུར་བ་གཡུང་དྲུང་ལྟ་བུ། མི་ནུབ་པ་རྒྱལ་མཚན་ལྟ་བུ། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས་ཤིག །ཨོཾ་བཛྲ་ཀྲོ་ཏ་རྒྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བཛྲ་རཀྵ་རཀྵ༔ གལ་ཆེ་ན་ཡི་དམ་གྱི་སྔགས་ལ་རཀྵ་བཏགས་ཤིང་། ལུས་ལ་རྡོ་རྗེའི་གོ་ཁྲབ་བཀོན་པར་དམིགས་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ༔ ཅེས་བརྗོད་ལ་ནད་པ་ལ་རིག་པ་གཏད་ལ་ཉམས་ལེན་ཐུན་ཅིག་སྐྱོང་ངོ་། །འདི་མ་ཎི་བཀའ་འབུམ། མདོ་པདྨ་དཀར་པོ། དཀོན་མཆོག་བརྩེགས་པ། སྨན་མདོ། རྟ་ནག་སྒྲུབ་སྐོར་ལ་སོགས་མདོ་རྒྱུད་མན་ངག་དུ་མའི་དོན་བསྡུས་ཤིང་རང་གི་ཉམས་མྱོང་དང་ཡང་བསྟུན་ནས། བྱིན་རླབས་ཆེ་བར་ངེས་པས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག །ཅེས་དགེ་སློང་རྣལ་འབྱོར་སྤྱོད་པ་རཱ་ག་ཨ་སྱས་འབྲུག་ལོ་ཁྲུམས་ཟླ་བའི་གནམ་གང་ཉིན་བྲིས་པ་མང་ལཾ། བྷ་ཝནྟུ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཀའ་བསྒོ་མཚམས་གཅོད།next