Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནད་པ་དང་དུད་འགྲོ་ན་བ་སོགས་ལ་བགེགས་བསྐྲད་དང་ཁྱིམ་དུ་རྡོ་ཐུན་གཏོར་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནད་པ་དང་དུད་འགྲོ་ན་བ་སོགས་ལ་བགེགས་བསྐྲད་དང་ཁྱིམ་དུ་རྡོ་ཐུན་གཏོར་བ།next

ནད་པ་དང་དུད་འགྲོ་ན་བ་སོགས་ལ་བགེགས་བསྐྲད་དང་ཁྱིམ་དུ་རྡོ་ཐུན་གཏོར་བ།


CMR043_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པ་དང་དུད་འགྲོ་ན་བ་སོགས་ལ་བགེགས་བསྐྲད་དང་ཁྱིམ་དུ་རྡོ་ཐུན་གཏོར་བ་སོགས་སྐད་ཅིག་ལ་རང་ཨོ་རྒྱན་སྒོམ་ལ། ཧཱུྃ༔ བདག་ཉིད་ཐ་མལ་རང་སེམས་བཟོ་མེད་འདི༔ དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་སྐུ༔ དཀར་གསལ་མདངས་ལྡན་ཞི་འཛུམ་རྒྱན་གྱིས་སྤྲས༔ རྡོ་རྗེ་ཐོད་པ་ཚེ་བུམ་རིན་ཆེན་བརྒྱན༔ པད་ཞྭ་རྒོད་ལྡེམ་ཁ་ཊཾ་གཡོན་ན་འཁྲིལ༔ ཕོད་ཁ་ཆོས་གོས་ཟ་འོག་བེར་ཕྱམ་ཅན༔ མཚན་དཔེས་རབ་བརྒྱན་འོད་ཀྱི་དཀྱིལ་འཁོར་མཛེས༔ མཉམ་ཉིད་བདེ་ཆེན་འཁྱིལ་བའི་སྐྱིལ་ཀྲུང་བཞུགས༔ འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན༔ གསལ་སྟོང་ཐུགས་རྗེའི་འོད་ཟེར་ཀུན་ལ་སྙོམས༔ ཚེ་དང་ཡེ་ཤེས་ལས་མཆོག་ཌཱཀིའི་ཚོགས༔ མཁའ་འགྲོ་འཇའ་སྤྲིན་རྣམ་མང་འཁྲིགས་པའི་དབུས༔ སྐུ་ཡི་སྤྲུལ་པས་ཞིང་ཁམས་ཡོངས་ལ་ཁྱབ༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ བདེ་གཤེགས་ཀུན་གྱི་བཀོད་པ་སྐུ་ལ་རྫོགས༔ ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་ཟང་ཐལ་ལ༔ བགེགས་དང་བར་ཆད་ཞེས་བྱའི་མིང་ཡང་མེད༔ སྣང་སྟོང་སྒྱུ་མ་ཙམ་དུ་གསལ་བར་བསྐྱེད༔ ཅེས་པའི་བར་གྱེར་ལ། དེ་ནས་རྒྱལ་བ་རྒྱ་མཚོའི་ནང་ནས། ན་མོ། རྗེ་བཙུན་


CMR043_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པའི་མཐུས། གདོན་བགེགས་འབྱུང་པོའི་ཚོགས་རྣམས་སྐད་ཅིག་ཉིད་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །ཅེས་པ་ལན་གསུམ། དེ་ནས་བདེན་སྟོབས་དེ་ལ་མི་རྩི་བའི་གདོན་གདུག་པ་ཅན་རྣམས་རང་ཨོ་རྒྱན་ཐུགས་ཁྲོས་ནས་གུ་རུ་དྲག་པོ་གྱུར་པར་བསྒོམ། བདག་ཉིད་རིག་པའི་ངོ་བོ་ལས༔ འཇིགས་བྱེད་རྡོ་རྗེ་ཐོད་ཕྲེང་རྩལ༔ དམར་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་སྔོ་དབུས་དམར་ཞལ༔ གཡས་གསུམ་རྡོ་རྗེ་གྲི་གུག་གྲི༔ གཡོན་གསུམ་བྷནྡྲ་ཁ་ཊཾ་སྡིག༔ ཞབས་བཞི་བརྐྱང་བསྐུམ་འདོར་ཐབས་བསྒྲད༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ དུར་ཁྲོས་ཆས་བརྒྱད་རྫོགས་པར་གསལ༔ ཡུམ་ཆེན་ཕག་མོ་མཐིང་ནག་འཁྲིལ༔ གྲི་ཐོད་འཁྱུད་སྟོབ་བརྐྱང་བསྐུམ་སྦྱོར༔ ཞེས་པའི་བར་གྱེར་བསྒོམས་བྱས་ལ།


CMR043_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རང་དྲག་པོའི་སྐུ་ལས་ཁྲོ་བོ་དང་ཁྲོ་མོ་སེར་རྒོད་བབ་པ་ལྟར་འཕྲོས་ནས། གདོན་ཐམས་ཅད་བྱ་སྤུ་རླུང་གིས་གཏོར་བ་ལྟར་མཐའི་རྒྱ་མཚོའི་ཕ་རོལ་དུ་དེད་པར་བསྒོམ་ཞིང་། ཧཱུྃ༔ ང་ནི་ཁྲོ་རྒྱལ་འཇིགས་པའི་སྐུ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས་ང་ཡི་བཀའ་ལ་འདའ་མ་བྱེད༔ ཁྲོ་རྒྱལ་འབར་བའི་བཀའ་ལས་ནི༔ འབྱུང་པོ་གང་ཞིག་འདའ་བྱེད་པ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ དམར་ནག་མེ་ཕྲེང་ཁྲོས་ནས་ནི༔ ཁྲོ་བོའི་ཚོགས་ཀྱི་ནམ་མཁའ་གང་༔ ཁྲོ་མོའི་ཚོགས་ཀྱི་ས་གཞི་གང་༔ བགེགས་ཚོགས་ཐལ་བ་རྡུལ་དུ་རློགས༔ མིང་ཡང་གྲགས་པར་མི་འགྱུར་བ༔ དེ་བས་མི་འདུག་ད་ལྟ་ཕྱིར་དེངས་ཤིག༔ ཅེས་པའི་བར་དང་གྲོ་ལོད་མཚམས་གཅོད་བཀའ་བསྒོ་ཡང་གྱེར་རུང་ཞིང་། དེ་ནས་ཕྲེང་ལྕགས་སམ། ནས་ལྕགས་སམ། རྡོ་ཐུན་གཏོར་ཞིང་། ཨོཾ་སུམྦྷ་ནི་སོགས། ཨརྩིག་ནེརྩིག་སོགས། གྲོ་ལོད་སྔགས་རྣམ་འཇོམས་སོགས་དྲག་སྔགས་ཤེས་ཚད་གྲངས་སུ་བརྗོད་དོ། །དུད་འགྲོ་ན་བ་ལ་མེ་ཡིས་བྲབ་རུང་། རོ་ཕུད་པ་ལ་ཆེར་ལྕགས་ནས་ལྕགས་རྡོ་ཐུན། གཤེད་ཕུད་དུས་ཡིན་ན་རྡོ་ཐུན་གཏོར། དེ་ནས་ཁྲོ་བོ་རྣམས་ཚུར་འདུས་པས་མེ་རི་དང་། དེ་ནང་ཕུར་པ། སྣ་ཚོགས་རྡོ་རྗེ། རལ་གྲི། འཁོར་ལོ་དང་། དེ་ནང་རྡོ་རྗེའི་གུར་སྟེ་གུར་རིམ་པ་དྲུག་གི་ནང་རང་དང་བསྲུང་བྱ་


CMR043_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཚུད་པར་སྒོམས་ཤིག །ཧཱུྃ༔ བདག་ནི་འབར་བ་དབང་གི་བདག་ཉིད་དེ༔ ཁྲོས་པའི་ངང་ལས་ཁྲོ་ཚོགས་མཚོན་ཆའི་ཆར༔ རྡོ་རྗེ་འཁོར་ལོ་རལ་གྲི་འབར་བ་དང་༔ རྒྱ་གྲམ་མེ་དཔུང་ཁྲོ་ཚོགས་རླུང་ལྟར་འཚུབ༔ སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་བསྲུང་༔ བདུད་སྡེ་དཔུང་བཅས་མ་རུངས་གདུག་པའི་ཚོགས༔ བསྲུང་བའི་མཚམས་འདིར་འདུག་པའི་གནས་མེད་ཀྱི༔ གསང་བའི་དཀྱིལ་འཁོར་འདི་ལ་འདའ་མ་བྱེད༔ ཨོཾ་བཛྲ་ཙཀྲ་ཏིཥྛ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ དེ་ཡན་བགེགས་བསྐྲད་ཡིན། ཡང་ནད་པའམ་དུད་འགྲོ་སོགས་བྱིན་རླབས་དགོས་ན། རང་གུ་དྲག་གི་སྐུ་ལས་ཡེ་ཤེས་མེ་དཔུང་ཆད་པས་དེའི་ནད་གདོན་ལུས་ཤ་ཁྲག་དང་བཅས་པ་གཞོབ་ཐུལ་གྱིས་བསྲེགས་ནས་སྟོང་པར་གྱུར་ཏེ། དེ་ནས་དེ་ཡི་ལུས་སེམས་ཀྱི་ངོ་བོ་དེ་ཀ་ལ་ཨོ་རྒྱན་གྱི་སྐུ་གཅིག་ཏུ་གྱུར་པ་ལ་རང་གི་ཐུགས་ཀ་ནས་འོད་ཟེར་དམར་ནག་རྔ་ཡབ་གླིང་དུ་འཕྲོས་པས། ཨོ་རྒྱན་གྱི་ཐུགས་ཀ་ནས་ཨོ་རྒྱན་གྱི་སྐུ་ཆེ་ཆུང་བུ་ཡུག་འཚུབ་པ་ལྟར་བྱོན་ནས། ནད་པ་ལ་ཐིམ་པར་བསྒོམ་ཞིང་། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་


CMR043_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོའི་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་མཐོ་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པའི་བར་གྱེར་ནས། དེ་ནས་ཕྲེང་བ་མགོར་བཞག་ལ། འཇིག་རྟེན་དབང་ཕྱུག །པདྨ་བཛྲ། ཛ་ལེནྡཱ་ར། མེ་ཏྲི་པ། བཛྲ་པཱ་ཎི། བ་དན། སུ་མི་ཏ། ཀཱིརྟི། རས་ཆུང་རྡོ་རྗེ་གྲགས་པ་ལ་སོགས་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ལྷ་དགུའི་བརྒྱུད་རིམ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་། མ་གཅིག་གྲུབ་པའི་རྒྱལ་པོ། ཏེ་ཕུ་པ་དྲི་མེད་བཤེས་གཉེན། རས་ཆུང་རྡོ་རྗེ་གྲགས་པ། བླ་མ་ཟངས་རི་རས་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀཱི། གཉེན་རས་དགེ་འདུན་འབུམ། ཆོས་རྗེ་རང་བྱུང་རྡོ་རྗེ། མཁས་བཙུན་རིན་ཆེན་རྒྱལ་མཚན། མཾ་ག་ལ་ཀེ་ཏུ་རིན་ཆེན་བཟང་པོ། ཀུན་


CMR043_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་མཐོང་བ་དོན་ལྡན། བྱང་སེམས་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ་ནས། མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ་སོགས་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་པ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ལྷ་ལྔའི་བརྒྱུད་པ་དང་གང་ཤེས་མཇུག་ཏུ། རྣམས་ཀྱིས་བྱིན་གྱིས་རློབས་ཤིག །གུ་རུ་པདྨ་འབྱུང་གནས། སྐུ་གསུམ་སྐུ་ལྔ་མཚན་བརྒྱད། གུ་རུ་དྲག་པོ་དམར་ནག་མེ་ཕྲེང་ཅན་གྱི་ལྷ་ཚོགས། བདུད་འདུལ་རྡོ་རྗེ་གྲོ་ལོད་ཀྱི་ལྷ་ཚོགས། འཕགས་མ་རི་ཁྲོད་ལོ་མ་གྱོན་མ་ཅན་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཕོ་གདོན་རྒྱལ་པོ། མོ་གདོན་བསེན་མོ། ཀླུ་གདོན་ཐེའུ་རང་། སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་བཙན་གྱི་གནོད་པས་མི་ཚུགས་པར་སྲུངས་ཤིག །ནད་རླུང་ལས་གྱུར་པ། མཁྲིས་པ་ལས་གྱུར་པ། བད་ཀན་ལས་གྱུར་པ། འདུས་པ་ལས་གྱུར་པའི་ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས་ཤིག །བཛྲ་གུ་རུ་ཐོད་ཕྲེང་རྩལ། ཨརྩིག་གྲོ་ལོད་སྔགས་ལོ་མ་ཅན་སོགས་སྙིང་པོ་གང་ཤེས་རེ་རེའི་མཇུག་ཏུ་ཅེས་བཏགས་ལ་བཟླ།


CMR043_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལག་གི་ཕྲེང་བ་རྣམས་རྡོ་རྗེ་རྒྱ་གྲམ་གྱུར་པ་ལས་རྡོ་རྗེའི་ཆར་བབས་པས་ལུས་རྡོ་རྗེའི་གོ་ཁྲབ་ཏུ་ལྗིབས་སེ་བཀབ་པར་བསྒོམས་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་གུ་རུ་དྲག་པོའི་བདེན་པའི་མཐུས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྟ་ཧཱུྃ་སྭཱ་ཧཱ། དེ་ནས་ཅི་ཡང་མི་དམིགས་ནད་པ་རང་དང་བཅས་པ་སྟོང་པ་ཉིད་ཉམས་ལེན་ངང་ལ་ཡུད་ཙམ་བཞག་ལ། ཕཊ་དྲག་པོ་གསུམ་བརྗོད། སྒོམ་པ་པོ་རྣམས་ལ་ཉེ་བར་མཁོ་བའི་ཕྱིར། ༧ རཱ་ག་ཨ་སྱས་འཕྲལ་དུའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousནད་པ་དང་དུད་འགྲོ་ན་བ་སོགས་ལ་བགེགས་བསྐྲད་དང་ཁྱིམ་དུ་རྡོ་ཐུན་གཏོར་བ།next