Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ས་བདག་སྙིང་གཏེར་དང་བུམ་གཏེར་སྦས་ཐབས་ཡིད་བཞིན་ནོར་བུ།
   
   
   
   
   
   
   
   
   
   
   
   


 
previousས་བདག་སྙིང་གཏེར་དང་བུམ་གཏེར་སྦས་ཐབས་ཡིད་བཞིན་ནོར་བུ།next

ས་བདག་སྙིང་གཏེར་དང་བུམ་གཏེར་སྦས་ཐབས་ཡིད་བཞིན་ནོར་བུ།


CMR043_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་སྙིང་གཏེར་དང་བུམ་གཏེར་སྦས་ཐབས་ཡིད་བཞིན་ནོར་བུ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR043_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བོ་དྷི་སཏྭ་བྷ་མི་ཙིཏྟ་ཡེ། །སེམས་དཔའ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། །རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་གློག་ལས། གནས་དེ་བསོད་ནམས་གཏེར་ལྡན་ཕྱིར། །རིན་ཆེན་ལྔ་དང་སྨན་ལྔ་དང་། །སྤོས་ལྔ་འབྲུ་ལྔ་སྙིང་པོ་ལྔ། །གྲྭའུ་ནང་དུ་བླུགས་ནས་ནི། །ས་གཞི་གཏེར་དང་ལྡན་པར་བྱ། །ཞེས་པ་དང་།། གསང་བ་འདུས་པའི་རྒྱུད་ལས། །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །གཏེར་སྦས་ཆོ་ག་རྒྱས་པར་བྱེད། །ཅེས་གསུངས། དེས་ཚེ་རིང་བ་སྟེ། ཡེ་ཤེས་རྔམ་གློག་ལས། རིན་ཆེན་གཏེར་དང་དབང་བསྐུར་མཛོད། །གསང་བ་ཚེ་སྟེར་འཛིན་པ་དང་། །ཞེས་གསུངས། དེས་ལོངས་སྤྱོད་འཕེལ་ཏེ། རྒྱུད་གསང་བའི་སྙིང་པོ་ལས། ལོངས་སྤྱོད་འཛད་མེད་རིན་ཆེན་གཏེར། །ཅེས་གསུངས། །


CMR043_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཡང་སྙིང་འདུས་པའི་གཏེར་སྦས་ལས། དེ་ནི་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་དཔག་ཏུ་མེད་ཅིང་། ས་ཕྱོགས་དང་གནས་དེ་ཉིད་བཀྲ་ཤིས། མ་འོངས་སྒྲུབ་པ་པོ་གང་གིས་བསྒྲུབ་ཀྱང་དངོས་གྲུབ་འཐོབ། ཅེས་དང་། ཐུགས་རྗེ་ཆེན་པོ་གསང་འདུས་གཏེར་སྦས་ལས། ཡོན་ཏན་དང་ནི་ཚེ་རིང་ལོངས་སྤྱོད་འཕེལ། །གཞི་བདག་དགྱེས་ནས་གནས་དེར་བཀྲ་ཤིས། རྗེས་སུ་སུས་བསྒྲུབ་ཀྱང་བར་ཆད་མེད་ཅིང་དངོས་གྲུབ་ཐོབ། ནད་མཚོན་མུ་གེ་ལས་ཐར་ནས། ཕྱི་མར་སྐུ་གསུམ་ཡེ་ཤེས་ལྔའི་རྒྱུར་འགྱུར་རོ། །འདི་ནི་སྒྲུབ་ཕྲན་གཞན་ལ་སྦྱར་ན་ཡོན་ཏན་ཆེའོ། །དགོངས་འདུས་སྒྲུབ་ཆེན་ལས། འདོད་ཡོན་ལོངས་སྤྱོད་རྒྱུན་མི་འཆད་ཅིང་སྒྲུབ་པ་པོ་མཆེད་ལྕམ་རྣམས་སྐུ་ཚེ་མཐར་ཕྱིན་པར་བྱ་བའི་ཕྱིར། མི་འཛད་གཏེར་


CMR043_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆོ་ག་བྱ་བ་ནི། ཞེས་སོགས་རྒྱས་པར་གསུངས། བཀའ་བརྒྱད་སྒྲུབ་ཆེན་ལས། གཏེར་སྦ་ཚུལ་གསུངས་ནས། ཡོན་ཏན་ནི་ཚེ་འདི་ཡང་ཚེ་རིང་། ལོངས་སྤྱོད་ཆེན་པོ་འཕེལ་ཞིང་། ས་བདག་གཞི་བདག་གི་ཀོ་ལོང་ཞི་བ་དང་། གནས་ཁང་དེ་ཡང་བཀྲ་ཤིས་པར་འགྱུར་རོ། །སྒྲུབ་ཕྲན་ཀུན་ལ་འདི་ཉིད་སྦྱོར། ཕྱི་མར་སྐུ་ལྔ་ཡེ་ཤེས་ལྔའི་རྒྱུར་འགྱུར་ཞིང་། ནད་མུག་མཚོན་གྱི་བསྐལ་པ་གསུམ་ལས་ཐར་ཏེ། མི་ཟད་གཏེར་བདག་ཏུ་འགྱུར་རོ། །ཞེས་པ་དང་། ཞི་ཁྲོ་ངེས་དོན་སྙིང་པོའི་ཁོག་དབུབ་ལས། གཏེར་སྦ་བ་ལ། བུམ་པ་རབ་གསེར་དངུལ་ཟངས། འབྲིང་རྫའི་བུམ་པ་སོ་བཏང་བ་ལ་ཚོན་སྣ་ལྔའི་ཁ་དོག་བསྒྱུར། རང་ཅི་འདོད་ཀྱི་རྫས་ནང་དེར་གསལ་བ་ཚིག་གང་ཡིན་བྲིའོ། །ཚིག་འདོད་དོན་ཡང་གསལ་བར་བྲི། བུམ་རྫས་ཉེར་ལྔ་དང་བཅས་ཏེ་རྒྱས་གདབ། ཅེས་དང་། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་བུམ་སྒྲུབ་ལས། ཡང་རིལ་བུ་འདི་རི་བོ་ཆེན་པོ་རྩེ་ལ་ཡོད་པ་ན། དཔག་ཚད་སུམ་བརྒྱ་དྲུག་ཅུའི་འགྲོ་ལ་ཕན་ནོ། །ཞེས་དང་། རྒྱ་ནག་གི་རྩིས་གཞུང་རྣམས་ནས་ཀྱང་། ས་བདག་གི་སྙིང་གཏེར་འདི་བཞག་ན། ཕོག་ཐུག་འགྲམ་འཁྲུགས་ཀླུ་དང་ས་བདག་གི་ནད་དང་སྐག་རིགས་ཐམས་ཅད་བཟློག་ཅིང་རིམ་གྲོ་མཆོག་ཏུ་གསུངས་སོ།། ༈ དེ་དག་ལག་ཏུ་བླང་བའི་རིམ་པ་ནི། །ལྕགས་སོགས་མིན་པའི་རིན་ཆེན་བུམ་པ་རབ། །རྫ་བུམ་སོ་བཏང་དྲི་མ་མེད་པ་འབྲིང་། །གའུ་སྤར་བུ་སྨྱུག་ཚིགས་ཤིང་ཤུན་རུང་།། །རྙིང་མའི་ལུགས་ཀྱི་བསྒྲུབས་པ་བྱས་པ་ཡི། །སྒྲུབ་གཏོར་དུམ་


CMR043_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྫས་ཀྱི་གཙོ་བོ་ཡིན། །ཡང་ན་མ་ཎི་རིལ་བུ་ཡོད་ན་མཆོག །ཞལ་བཞུགས་བླ་མའི་བྱིན་རླབས་རྟེན་མི་རུང་། །རྒྱ་ནག་ལུགས་ལ་རི་བོང་སྙིང་དང་ནི། །ཉ་མགོ་སྲམ་སྣ་ཆུ་སྲིན་སྡེར་མོ་བཤད། །སྙིང་མ་རྙེད་ན་སྨན་གྱི་སྙིང་ཞོ་ཤ། །མཁལ་མ་ཞོ་ཤ་དག་གིས་ཆོག་པ་ཡིན། །སྤྱི་ལ་བུམ་རྫས་ཉེར་ལྔ་གསུངས་ན་ཡང་། །གླ་རྩི་མ་འདྲེས་པ་ཡི་བུམ་རྫས་སོ། །སྤོས་ལྔ་གསུངས་པ་བུམ་རྫས་གསུངས་པ་ཡིན། །སྤྲོས་ཕྱེ་སྦྱར་སྤོས་ལ་སོགས་མི་རུང་གསུངས། །དར་ཚོན་སྣ་ལྔས་ཕྱི་ནས་དཀྲི་བ་ལས། །ནང་དུ་དར་སོགས་བཅུག་པར་མི་བྱའོ། །ཞོ་དང་འོ་མ་རྫས་ལ་བསྲེ་བ་ལས། །ནང་དུ་བརླན་རིགས་བླུགས་ན་རུལ་བས་སྤང་། །དུག་རིགས་གླུ་གུལ་མ་གཏོགས་སྨན་གྱི་རིགས། །ལྕགས་དང་ར་གན་ཉིད་ལས་མ་གཏོགས་པའི། །རིན་ཆེན་རྙེད་ཚད་བཀྲུས་ཤིང་བཅགས་ཏེ་བླུགས། །འབྲུནག་མ་གཏོགས་འབྲུ་སྣ་རྙེད་ཚད་དང་། །ཤ་ཆང་མ་གཏོགས་ཟས་སྣ་རྙེད་ཚད་བླུགས། །རབ་ནི་གསེར་དངུལ་འབྲིང་ནི་མཚལ་རྒྱ་སྣག །ཐ་མའང་སྣག་ཚ་གཙང་མས་དབྱངས་གསལ་བྱེད། །ས་ཡི་སྙིང་པོ་ས་ཡི་ལྷ་མོའི་གཟུངས། །སྣང་བརྒྱད་སྔགས་དང་བཀྲ་ཤིས་རྟགས་བརྒྱད་སྔགས། །ཀླུ་གཟུངས་རྒྱལ་སྲིད་སྣ་བདུན་སྔགས་རྣམས་བྲི། །འདོད་གསོལ་གསུངས་པ་བཀྲ་ཤིས་ཚིག་ཡིན་ཏེ། །རང་རང་ཡོན་བདག་མིང་སོགས་བྲི་མི་རུང་། །བསྡུ་ན་འདི་ཙམ་བྲིས་པས་ཆོག་པ་ཡིན། །ཨོཾ་ཀིཾ་ཧི་ར་ཙ་ཡེ་པྲི་ཤྲཱི་དེ་བཱི་སྭཱ་ཧཱ། ནཱ་ག་ཕུཿ ཏ་ལ་མ་ཐ་སྙན་ལ་


CMR043_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཐཱ༔ མི་ཟད་ཡུན་གྱི་གཏེར་མཛོད་ཅིག །ཅེས་པའི་ཤོག་དྲིལ་བྲིས་ཏེ་མར་བསྙུམ་བཅུག །བུམ་པ་རྫས་བཅས་སྔགས་འདིས་བགེགས་བསྐྲད་དོ། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། །ལན་བདུན་བུམ་པའི་རྫ་ས་རྣམས་སྔགས་ཤིང་བླུག །ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿརཏྣ་མ་ཧཱ་པཉྩ་ཨིན་ཨ་མྲྀ་ཏ་བྷྱོ་དྷི་ཙིཏྟ༔ སརྦ་ནེ་ཏ་གྷནྡྷེ༔ པཉྩ་གྷནྡྷ༔ བཛྲ་གླག་ཤ་ཙིཏྟ༔ ཏ་ཐཱ་ག་ཏ་སརྦ་ཡོ་གི་ནི་མ་ཧཱ་བཛྲ་བྷཱུ་ནི་ཁཾ་ཧོ་སྭཱ་ཧཱཿ ཞེས་བླུག་ཁ་བཅད་ཆུ་མི་འགྲོ་བར་བྱ། ཁ་ལེབ་ལ་ཆའམ་ནི་མར་གྱིས་སྦྱར། །ཤར་རམ་ཤར་ལྷོའི་ཕྱོགས་སུ་ཁ་གྱུ་བའི། །རི་གཉན་རྒྱབ་གཏད་ས་དཔལ་བཟང་སར་སྤ། །མཚོ་གཉན་ནམ་ནི་ཆུ་མིག་གཉན་པོ་ཡི། །ཆུ་གཙད་བརླན་གྱི་གནོད་པ་མེད་ས་རུ། །དཔྱིད་སྟོན་དབྱར་གསུམ་སྐར་མ་ནམ་བཟང་སྟེ། །ཞིང་རྨོ་བྱ་གྲགས་སྣོན་ཟླ་གསུམ་པོ་ལ། །ཁ་ནི་ཤར་ལྷོ་མཚམས་སུ་བསྟན་ལ་བརྐོ། །ཟླ་བ་དྲུག་པ་བདུན་པ་བརྒྱད་པ་གསུམ། །ཁ་ནི་ལྷོ་ནུབ་མཚམས་སུ་རྒྱུ་སྟེ་བརྐོ། །དེ་མིན་ཟླ་བ་དྲུག་ལ་མི་སྦའོ། །ཁྲུ་གང་དང་ནི་སོར་བཞིའི་མཚམས་སུ་སྦ། །དེ་ལས་རིང་དང་ཐུང་བར་མི་རུང་ངོ་། །ཤུག་གུ་འབུམ་ཐུབ་ཕོ་རོག་སྟོང་ཐུབ་དང་། །ངང་པ་ཁྲི་ཐུབ་ཅེས་པའི་དོན་ཡིན་ནོ། །འཇུག་མཁན་ཁྱེའུ་མགོ་གཙང་གལ་ཆེའོ། །དང་པོ་ཆབ་དང་ཡན་ལག་ལྔ་ཁྲུས་བཅུག །རྡོ་སྒྲོམ་གྲོག་ཤུག་ཤུན་སོལ་བ་སོགས། །བཅིབ་ཅིང་རླན་གྱིས་མི་འཇིགས་པར་བྱའོ། །དེ་ནས་འོ་མའམ་ཆབ་ཀྱིས་ཅུང་ཟད་བྲན། །ཨོཾ་སྭ་བྷ་ཝས་སྦྱང་། །


CMR043_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྟེང་། །ཧཱུྃ་ལས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །ཕྱི་ནི་བུམ་པ་ནང་ནི་གཞལ་ཡས་ཁང་། །ཤིན་ཏུ་ཉམས་དགའ་ལོངས་སྤྱོད་དུ་མས་གང་། །དེ་དབུས་སྣ་ཚོགས་པདྨ་ཟླ་བའི་སྟེང་། །ཀིཾ་ལས་སེམས་དཔའ་ས་ཡི་སྙིང་པོ་དཀར། །སྨྱུ་གུ་དྲིལ་བུ་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །དེ་མདུན་ས་ཡི་ལྷ་མོ་གསེར་གྱི་མདོག །ནོར་བུ་བུམ་འཛིན་སྐུ་སྟོད་ས་ནས་ཐོན། །རྒྱབ་ཏུ་ས་བདག་དབང་ཆེན་སྐུ་མདོག་སེར། །ཞལ་གཅིག་ར་བ་བཞི་ཡི་གདེངས་ཀ་ཅན། །ཕྱག་བཞི་ཐལ་སྦྱར་ལྗོན་ཤིང་རི་རབ་འཛིན། །སྐུ་སྨད་སྦྲུལ་འཁྱིལ་རུས་སྦལ་སྟེང་དུ་བཞུགས། །གཡས་སུ་ཡུལ་དེའི་ཀླུ་དང་གཞི་བདག་ཕོ། །གཡོན་དུ་ཡུལ་དེའི་ཀླུ་དང་གཞི་བདག་མོ། །ཀུན་ཀྱང་ཞི་འཛུམ་དགའ་ཞིང་གུས་པའི་ཚུལ། །སྒོ་བཞི་སྟག་སྐྱ་འབྲུག་སྔོན་བྱ་དམར་དང་། །རུས་སྦལ་རྒྱ་བོ་བཞི་ནི་སྒོ་སྲུང་ཚུལ། །གཞལ་ཡས་ཕྱི་ནང་བར་ཁྱམས་ཐམས་ཅད་དུ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་འདོད་ཡོན་ཚོགས། །ལྷ་ཀླུ་མི་ཡི་ལོངས་སྤྱོད་འཛད་མེད་པ། །རྒྱ་ཆེན་རྒྱུན་མི་འཆད་པའི་གཏེར་དུ་གྱུར། །ཨོཾ་བཛྲ་སྤ་


CMR043_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཎ་ཁཾ། གཙོ་བོ་གསུམ་གྱི་གནས་གསུམ་འབྲུ་གསུམ་དང་། །ས་བོན་འོད་ཀྱིས་འཁོར་བཅས་སྤྱན་དྲངས་གྱུར། །དེ་ནས་ཞྭ་དང་ཕྱིང་པ་ཡོད་ན་ཕུལ། །ཐལ་མོ་སྦྱར་བར་བྱས་ཏེ་སྙན་གསན་དབབ། ཧོ༔ གསོན་ཅིག་དགོངས་ཤིག་མངོན་ཤེས་ཅན། །ཡེ་ཤེས་སྤྱན་དང་ལྡན་པ་པོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ས་ཡི་སྙིང་པོ་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཅན། །ལྷ་མོ་བརྟན་མ་དགོངས་སུ་གསོལ། །ལས་ལ་གྲུབ་པའི་སྟོབས་པོ་ཆེ། །ས་བདག་དབང་ཆེན་དགོངས་སུ་གསོལ། །ལྷ་འདྲེ་ཡོངས་ཀྱི་མངོན་ཤེས་ཅན། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །ཀླུ་དང་ས་བདག་དགོངས་སུ་གསོལ། །སྔོན་ཚེ་བསྐལ་པ་ཆགས་པའི་དུས། །འདོད་ཁམས་གནས་རིས་བདུན་པོ་ན། །སེམས་ཅན་བྱ་བ་གཅིག་ཀྱང་མེད། །སྟེང་ཕྱོགས་གཟུགས་ཁམས་ལྷ་གནས་ན། །འཇིག་རྟེན་མྱེས་པོ་ཚངས་པ་བྱོན། །སྟོང་གསུམ་འཇིག་རྟེན་བདག་ཏུ་བཟུང་། །རིན་ཆེན་གཏེར་ཁ་དཔག་མེད་སྦས། །གཏེར་སྲུང་སྲིད་པའི་ཁྲ་བརྒྱད་བསྐོས། །མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད། །སྤུ་གྲི་འབར་བའི་གཤོག་པ་ཅན། །ས་འོག་དཔག་


CMR043_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ལྔ་བརྒྱ་ན། །ནོར་བུ་གཏེར་ཁ་ཡོད་ཚད་སྲུངས། །དེ་མཐུས་འདོད་ལྷ་རིགས་དྲུག་དང་། །མི་དང་ལྷ་མིན་ཀླུ་རྣམས་དང་། །ཀུན་ཀྱང་གཏེར་གྱི་ནུས་པ་ཡིས། །ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། །འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། །སངས་རྒྱས་སྟོང་རྩ་འབྱོན་པའི་ཞིང་། །སྐལ་པ་བཟང་པོ་དེ་ནས་བྱུང་། །དེ་ནས་རི་རབ་རི་ཡི་རྩེར། །རྣམ་པར་རྒྱལ་བའི་ཁང་བཟང་དུ། །ཨ་མོ་ལི་ཀའི་རྡོ་ལེབ་སྟེང་། །རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །རུས་སྦལ་ཆེན་པོའི་ལྟོ་བ་དེར། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །རིན་པོ་ཆེ་ཡི་གཏེར་ཆེན་སྦས། །ལྷ་རྣམས་གཟི་བརྗིད་མདངས་དང་ལྡན། །བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར། །རི་རབ་ཆེན་པོའི་ཕྱོགས་བཞི་དང་། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །རྒྱལ་པོ་ཆེན་པོ་སྡེ་བཞི་ཡིས། །རིན་ཆེན་གཏེར་ཁ་དཔག་མེད་སྦས། །གཏེར་བདག་མགོན་པོ་ཛམ་བྷ་ལ། །དངོས་གྲུབ་ནོར་གྱི་བདག་པོ་སྲིད། །འོག་ཕྱོགས་རྒྱ་མཚོ་ཆེན་པོ་ན། །ཀླུ་ཡི་རྒྱལ་པོ་མཐའ་ཡས་ཀྱིས། །རིན་ཆེན་སྣ་ལྔའི་གཏེར་ཆེན་སྦས། །ཀླུ་རྣམས་བདེ་སྐྱིད་གཟི་མདངས་ལྡན། །ཀླུ་རྣམས་ཕྱུག་གཡང་འཕེལ་


CMR043_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་སྲིད། །ཆོས་བཟང་སྤྲིན་གྱི་ཡང་ཕུག་ཏུ། །རིག་འཛིན་དཔའ་བོ་ཌཱཀྐི་ཡིས། །ཆོས་དང་ནོར་གྱི་གཏེར་ཆེན་སྦས། །རྒྱ་གར་ཆོས་ཀྱི་དར་གཡང་སྲིད། །དེ་ནས་ནག་པོ་རྒྱ་ཡི་ཡུལ། །རྒྱལ་པོ་གྱི་ཤང་ནག་པོ་ལ། །ས་བདག་གདུག་པའི་དབལ་ཟེར་འཕྲོས། །མི་ནད་ཕྱུགས་ནད་འཁྲུག་པ་ལ། །བཙའ་སད་སེར་བས་ལོ་ཐོག་བཅོམ། །དེ་ཚེ་ཀོང་ཙེ་འཕྲུལ་རྒྱལ་གྱིས། །རིན་ཆེན་སྣ་ལྔའི་གཏེར་སྦས་པས། །རྒྱ་ནག་བདེ་སྐྱིད་འཕེལ་གཡང་སྲིད། ཁ་བ་ཅན་གྱི་རྒྱལ་ཁམས་སུ། །རྒྱལ་པོ་ཐོ་ཐོ་སྙན་ཤལ་གྱིས། །ནོར་བུ་ངང་པའི་སྒོ་ང་ཙམ། །གསེར་ནི་ཁལ་གསུམ་བྲེ་ལྔ་སྦས། །རྒྱལ་པོ་འབྲོང་སྙན་སྡེ་རུ་ཡིས། །གསེར་བྲེ་བརྒྱུད་དང་དངུལ་བྲེ་དགུ། །རྒྱལ་པོའི་དཀོར་ནོར་བཅས་པ་སྦས། །རྒྱལ་པོ་སྲོང་བཙན་སྒམ་པོ་ཡིས། །བཻཌཱུརྱ་ཡི་ལྷུང་བཟེད་དང་། །སྟག་ཤ་དྷེ་ཝ་ལ་སོགས་པའི། །ནོར་བུའི་རིགས་བྱེད་བཅུ་གསུམ་དང་། །ཁྲེ་ལ་འཇལ་བའི་གསེར་ཁལ་གསུམ། །དངུལ་སོགས་རིན་ཆེན་ཁལ་ལྔ་བརྒྱ། །གཡུ་དང་ཟངས་སོགས་མཛོ་རྒྱབ་དགུ། །རྒྱལ་པོའི་དཀོར་ཆ་དཔག་མེད་


CMR043_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སྦས། །རྒྱལ་པོ་ཁྲི་ལྡེ་ཨག་ཙོམ་གྱིས། །གསེར་ཕྱེ་ཁལ་གསུམ་གཏེར་དུ་སྦས། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །ལྷ་ཀླུ་མི་ཡི་ནོར་བུ་དང་། །དུང་དཀར་གཡས་སུ་འཁྱིལ་བ་བཞི། །གསེར་ཕྱེ་ཁལ་གསུམ་བྲེ་བདུན་སྦས། །ལྷ་སྲས་མུ་ཁྲི་བཙན་པོ་ཡིས། །ནོར་བུ་དགོས་འདོད་ཀུན་འབྱུང་དང་། །སྟག་ཤ་དྷེ་ཝ་ཀེ་ཀེ་རུ། །རལ་གྲི་བཅུ་གསུམ་ལ་སོགས་སྦས། །མངའ་བདག་ཁྲི་རལ་ལ་སོགས་པ། །ཆོས་རྒྱལ་རྣམས་ཀྱིས་གཏེར་སྦས་པས། །བོད་དུ་སངས་རྒྱས་བསྟན་པ་དར། །ཆོས་དང་ལོངས་སྤྱོད་ཕུན་སུམ་ཚོགས། །སྔོན་བྱུང་སྲིད་པ་དེ་བཞིན་དུ། །དེ་རིང་བདག་དང་ཡོན་བདག་གི །ལོ་སྐག་ཟླ་སྐག་བཟློག་པ་དང་། །མོ་ངན་ལྟས་ངན་བསྒྱུར་བ་དང་། །ས་བདག་ཚོགས་རྣམས་མཆོད་པ་དང་། །ཀླུ་རྣམས་གནས་སུ་བཅོལ་བ་དང་། །གཞི་བདག་རྟེན་ལ་བཀོལ་བ་དང་། །ཆར་ཆུ་དུས་སུ་འབབ་པ་དང་། །སད་སེར་བཙའ་འབུ་ཞི་བ་དང་། །རྟག་ཏུ་ལོ་ལེགས་རྩྭ་འཕེལ་ཕྱིར། །གཏེར་བདག་ཁྱེད་རྣམས་སྤྱན་འདྲེན་ན། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །རིན་ཆེན་སྣ་ཚོགས་གཏེར་སྦས་ན། །


CMR043_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་རྟེན་དང་གནས་མཛོད་ཅིག །རྡུལ་དང་བྲལ་བའི་ཞིང་ཁམས་དང་། །ལྷོ་ཡི་ཕྱོགས་ཀྱི་འཇིག་རྟེན་ཁམས། །གཞན་ཡང་རྒྱ་ནག་གྱི་མི་ཤན། །རང་བཞིན་གར་བཞུགས་གནས་མཆོག་ནས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ས་ཡི་སྙིང་པོ་གཤེགས་སུ་གསོལ། །གྲངས་མེད་སངས་རྒྱས་སྤྱན་སྔ་རུ། །ས་དང་ས་བོན་བདག་བཟུང་ནས། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ལོ་ཐོག་རྩི་ཤིང་འབྲས་དྲུག་རྣམས། །སྐྱེ་ཞིང་ལེགས་པར་སྨིན་མཛད་པ། །ཐུགས་དམ་ཞལ་བཞེས་དུས་འདིར་དགོངས། །གཏེར་ཆེན་འདི་ལ་བརྟན་པར་བཞུགས། །ཡུལ་ཕྱོགས་འདི་རུ་དུས་རྟག་ཏུ། །ལོ་ལེགས་འབྲུ་འཕེལ་རྩྭ་རྒྱས་མཛོད། །སེམས་དཔའ་ཁྱོད་ཀྱི་སྨོན་ལམ་མཐུས། །ཁྱེད་ལ་མཆོད་ཅིང་ཕྱག་འཚལ་ན། །སྨོན་ལམ་གང་བཏབ་འགྲུབ་གསུངས་ཕྱིར། །སེམས་དཔའ་ས་ཡི་སྙིང་པོ་ལ། །ཕྱག་འཚལ་མཆོད་དོ་སྐྱབས་སུ་མཆི། །ཡུལ་ཕྱོགས་འདི་རུ་དུས་རྟག་ཏུ། །ལོ་དགྲ་མེད་ཅིང་ལོ་ཐོག་འཕེལ། །རྩྭ་རྒྱས་འབྲུ་རྣམས་འཕེལ་མཛོད་ཅིག །སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས། །དབང་ཆེན་གསེར་གྱི་ས་གཞི་ནས། །ལྷ་མོ་


CMR043_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་མ་གཤེགས་སུ་གསོལ། །གཏེར་ཆེན་འདི་ལ་བརྟན་པར་བཞུགས། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི །ས་ཡི་བཅུད་རྣམས་འདིར་བསྡུས་ལ། །ཡུལ་འདིར་ས་བཅུད་རྒྱས་པར་མཛོད། །དབང་ཆེན་བྲི་བྷ་ཏྲ་དང་། །ཡུལ་འདིར་གཉུག་མར་གནས་པ་ཡི། །ས་བདག་ཀླུ་གཉན་གཞི་བདག་ཀུན། །རྟེན་འཛུགས་རྟེན་བཅའ་དབུ་འཕང་སྟོད། །ཟད་མེད་གཏེར་ལ་ལོངས་སྤྱོད་ཤོག །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །རྟག་ཏུ་ལོ་ལེགས་འབྲུ་འཕེལ་ཞིང་། །བདེ་སྐྱིད་ལྡན་པའི་དངོས་གྲུབ་སྩོལ། །ཨོཾ་ཀིཾ་ཧི་ར་ཙ་ཡེ་པྲ་བྷི་དྷེ་བཱི་སརྦ་ནཱ་ག་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཁེ་བྷྱ༔ སརྦ་ཐ་ཁཾ་ཨུཏྟ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ། ༈ ཐུགས་སྒྲུབ་ལས། ཧཱུྃ། འབྱུང་བ་ལྔ་ཡི་སངས་རྒྱས་སྟོང་། །ས་ཡི་ལྷ་མོ་ཁ་ཕྱེས་ཤིག །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ། །སྒྲུབ་པ་ལས་ཀྱི་གཏེར་སྦེད་དོ། །སྙིང་པོ་རིན་ཆེན་སྣ་ལྔའི་འབྲུ། །སྨན་ལྔ་དམ་རྫས་གཏོར་མ་ཡི། །ཡིད་བཞིན་གཏེར་མཆོག་འདི་སྦས་པས། །འདིར་


CMR043_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་རྣལ་འབྱོར་བདག་ཅག་རྣམས། །བླ་མེད་བྱང་ཆུབ་མ་ཐོབ་བར། །སྐྱེ་རྒ་ན་འཆིའི་དུས་བྱུང་ཚེ། །གཏེར་མཆོག་འདི་ཡི་བྱིན་རླབས་ཀྱིས། །བདེ་ཐོབ་ལོངས་སྤྱོད་ལྡན་པར་ཤོག །ནད་དང་མུ་གེ་མཚོན་ལ་སོགས། །འཇིགས་པ་བརྒྱད་ལས་ཐར་བ་དང་། །སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡི། །ཡེ་ཤེས་ལྔ་དང་ལྡན་པར་ཤོག །ཕྱག་རྒྱ་ལྔ་ཡིས་རྒྱས་འདེབས་སོ། །ཡོན་ཏན་མཐའ་རྒྱས་བཀྲ་ཤིས་ཤོག །ཨོཾ་བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ་ཧཱུྃ། །ཐུགས་རྗེ་ཆེན་པོ་གསང་འདུས་ལས། ཧཱུྃ། ཆོས་ཉིད་བདེན་པའི་བྱིན་བརླབས་ཀྱིས། །ས་ཡི་ལྷ་མོ་ཁ་ཕྱེས་ཤིག །དབང་ཆེན་ཡུམ་ལྔའི་མཁའ་ཀློང་དུ། །སྒྲུབ་པ་ལས་ཀྱི་གཏེར་སྦེད་དོ། །གསང་བ་འདུས་པའི་གཏེར་སྦེད་དོ། །རིན་ཆེན་བུམ་པའི་གཏེར་སྦེད་དོ། །སྙིང་པོ་ལྔ་ཡི་གཏེར་སྦེད་དོ། །དར་སྣ་ལྔ་ཡི་གཏེར་སྦེད་དོ། །འབྲུ་སྣ་ལྔ་ཡི་གཏེར་སྦེད་དོ། །རིན་ཆེན་སྣ་ལྔའི་གཏེར་སྦེད་དོ། །དམ་རྫས་གཏོར་མའི་གཏེར་སྦེད་དོ། །ཡིད་བཞིན་གཏེར་མཆོག་འདི་སྦས་པས། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །ནམ་ཞིག་འཆི་བའི་དུས་བྱུང་ཚེ། །གཏེར་ཆེན་ཁྱོད་ཀྱི་མདུན་ནས་


CMR043_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བསུས། །འདོད་ཡོན་ལྔ་ལ་ལོངས་སྤྱོད་ཤོག །ཡེ་ཤེས་ལྔ་ཡིས་ལམ་སྣ་དྲོངས། །མཁའ་འགྲོ་རྣམས་ཀྱིས་གཡས་གཡོན་བརྟེན། །དམ་ཅན་རྣམས་ཀྱིས་རྗེས་ནས་སྐྱོབས། །བཅུ་གསུམ་ས་ལ་ཕྱིན་པར་ཤོག །ཕྱག་རྒྱ་ལྔ་ཡིས་རྒྱས་འདེབས་སོ། །བཛྲ་ཨཱ་ཡུ་སིདྡྷི་ཧཱུྃ། ༈ དགོངས་འདུས་ལས། ཨོཾ་བྷཾ༔ ལྷ་མིའི་སྐྱོབ་པ་སངས་རྒྱས་བཅོམ་ལྡན་འདས། །བདག་དང་འགྲོ་ལ་ཐུགས་རྗེས་བརྩེར་དགོངས་ཕྱིར། །ཉེ་བར་བཟུང་ཕྱིར་ས་འདི་ཁ་ཕྱེས་མཛོད། །བཀྲ་ཤིས་ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །བདག་ཅག་རྣལ་འབྱོར་མཆེད་ལྕམ་ཐམས་ཅད་ཀྱིས། །སྣ་ཚོགས་འདོད་ཡོན་ལོངས་སྤྱོད་གཏེར་སྦས་པས། །ནམ་ཞིག་མི་རྟག་སྐྱེ་འཆི་བྱུང་བའི་ཚེ། །ལྷག་བསམ་དག་པས་གཏེར་ཆེན་འདི་ཉིད་ལ། །བརྟེན་ནས་མི་ཟད་གཏེར་གྱི་མདུན་བསུ་ཞིང་། །མཆོག་དང་ཐུན་མོང་དངོས་གྲུབ་ལ་སོགས་པ། །འདོད་ཡོན་ལོངས་སྤྱོད་རྣམས་ལ་སྤྱོད་པར་ཤོག །བཀྲ་ཤིས་ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །བླ་མ་དམ་པ་རྣམས་ཀྱིས་གཏེར་སྦས་པས། །ནམ་ཞིག་མི་རྟག་འཆི་བའི་དུས་བྱུང་ཚེ། །མི་ཟད་རིན་ཆེན་གཏེར་གྱི་མདུན་བསུ་ཞིང་། །


CMR043_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་ལོངས་སྤྱོད་རྣམས་དང་འཕྲད་པར་ཤོག །བཀྲ་ཤིས་ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །དམ་ཅན་ཆོས་སྐྱོང་རྣམས་ཀྱིས་གཏེར་སྦས་པོས། །ནམ་ཞིག་མི་རྟག་སྐྱེ་འཆི་བྱུང་བའི་ཚེ། །མི་ཟད་རིན་ཆེན་གཏེར་གྱི་མདུན་བསུ་ཞིང་། །འདོད་ཡོན་ལོངས་སྤྱོད་རྣམས་དང་འཕྲད་པར་ཤོག །རྡོ་རྗེ་སློབ་དཔོན་ཐུགས་ཀྱིས་གཏེར་སྦས་པས། །སྒྲུབ་པའི་ཡང་སྙིང་མཆོག་དང་འཕྲད་པར་ཤོག །མཆེད་དང་ལྕམ་དྲལ་རྣམས་ཀྱིས་གཏེར་སྦས་པས། །མ་སྲིང་མི་འབྲལ་འགྲོགས་ཤིང་རབ་མཐུན་ནས། །ཚོམ་བུ་གཅིག་གི་ངང་དུ་གྲོལ་བར་ཤོག །དེ་ཡང་ཐུགས་རྗེས་འགྲོ་ཀུན་སྒྲོལ་བར་ཤོག ༈ །ཕུར་པ་ལས། ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། །ས་ཡི་ལྷ་མོ་ཁ་ཕྱེས་ཤིག །དབང་ཆེན་ཡུམ་ལྔའི་མཁའ་ཀློང་དུ། །སྒྲུབ་པ་ལས་ཀྱི་གཏེར་དུ་སྦས། །ཁྲོ་རྒྱལ་ཡབ་ཡུམ་ཁྲ་ཐབས་དང་། །ཡང་སྤྲུལ་ཕོ་ཉའི་མཁའ་ཀློང་དུ། །དམ་རྫས་གཏོར་མའི་གཏེར་དུ་སྦས། །མི་ཟད་མཛོད་ཀྱི་གཏེར་དུ་སྦས། །གཏེར་ཆེན་འདི་ཡི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས། །ནམ་ཞིག་འཆི་བའི་དུས་བྱུང་ཚེ། །གཏེར་ཆེན་འདི་ཡི་བྱིན་རླབས་


CMR043_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ཡེ་ཤེས་ལྔ་ལ་ལོངས་སྤྱོད་ཅིང་། །མི་ཟད་ནམ་མཁའི་མཛོད་སྤྱོད་ཤོག །ཡེ་ཤེས་ལྔ་ཡི་མདུན་བསུས་ནས། །བཅུ་གསུམ་རྡོ་རྗེའི་སར་ཕྱིན་ཤོག ། ༈ བཀའ་བརྒྱད་ལས། ཧཱུྃ། སྐྱོབ་པ་སངས་རྒྱས་བཅོམ་ལྡན་འདས། །ས་ཡི་ལྷ་མོ་ཁ་ཕྱེས་ཤིག །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །སྒྲུབ་པ་ལས་ཀྱི་གཏེར་སྦེད་དོ། །ཧེ་རུ་ཀ་ཡི་གཏེར་སྦེད་དོ། །རིན་ཆེན་བུམ་པའི་གཏེར་སྦེད་དོ། །སྙིང་པོ་ལྔ་ཡི་གཏེར་སྦེད་དོ། །དར་སྣ་ལྔ་ཡི་གཏེར་སྦེད་དོ། །སྨན་སྣ་ལྔ་ཡི་གཏེར་སྦེད་དོ། །འབྲུ་སྣ་ལྔ་ཡི་གཏེར་སྦེད་དོ། །རིན་ཆེན་སྣ་ལྔའི་གཏེར་སྦེད་དོ། །དམ་རྫས་གཏོར་མའི་གཏེར་སྦེད་དོ། །ཡིད་བཞིན་གཏེར་ཆེན་འདི་སྦས་པས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནམ་ཞིག་སྐྱེ་འཆིའི་དུས་བྱུང་ཚེ། །གཏེར་ཆེན་ཁྱོད་ཀྱི་བྱིན་རླབས་ཀྱིས། །འདོད་ཡོན་ལྔ་ལ་ལོངས་སྤྱོད་ཤོག །སྙིང་པོ་ལྔ་ཡི་གཏེར་སྦས་པས། །སྐུ་ལྔ་ལྷུན་གྱིས་གྲུབ་པར་ཤོག །དར་སྣ་ལྔ་ཡི་གཏེར་སྦས་པས། །ཡེ་ཤེས་ལྔ་དང་ལྡན་པར་ཤོག །སྨན་སྣ་ལྔ་ཡི་གཏེར་སྦས་པས། །ནད་ཀྱི་བསྐལ་པ་ཞི་བར་ཤོག །འབྲུ་སྣ་ལྔ་ཡི་གཏེར་སྦས་


CMR043_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པས། །མུ་གེའི་བསྐལ་པ་ཞི་བར་ཤོག །རིན་ཆེན་སྣ་ལྔའི་གཏེར་སྦས་པས། །མཚོན་གྱི་བསྐལ་པ་ཞི་བར་ཤོག །དམ་རྫས་གཏོར་མའི་གཏེར་སྦས་པས། །མི་ཟད་གཏེར་གྱི་མདུན་བསུས་ཤིག །ཕྱག་རྒྱ་ལྔ་ཡིས་རྒྱས་གདབ་བོ། །ཧོ་རིན་ཆེན་བུམ་པའི་གཏེར་སྦས་པས། རྣལ་འབྱོར་པ་འདི་ཚོགས་ཐམས་ཅད་ཡེ་ཤེས་ལྔའི་དངོས་གྲུབ་ཐོབ་སྟེ། ཚེ་དབང་ཕུན་སུམ་ཚོགས་པའི་བསོད་ནམས་དང་ལྡན་པར་གྱུར་ཅིག །བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨཱ་ཡུ་སིདྡྷི་ཧཱུྃ། ༈ ཞི་ཁྲོ་ལས། ཧཱུྃ། འབྱུང་བ་ལྔ་ནི་སངས་རྒྱས་ཞིང་། །ས་ཡི་ལྷ་མོ་ཁ་ཕྱེས་ཤིག །བསྟན་པ་མི་འགྱུར་བཀྲ་ཤིས་ཤོག །ཧོ་སྙིང་པོ་ལྔ་དང་དར་སྣ་འབྲུ། །སྤོས་དང་སྨན་སྣ་དམ་རྫས་སོགས། །ཡིད་བཞིན་ནོར་བུས་གཏེར་སྦས་པས། །འདིར་འདུས་སྐལ་ལྡན་ཕོ་མོ་རྣམས། །བླ་མེད་བྱང་ཆུབ་མ་ཐོབ་བར། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་རྣམས། །ཟབ་གཏེར་འདི་སྦས་བྱིན་རླབས་ཀྱིས། །དེ་རྣམས་མ་ལུས་བྱང་གྱུར་ཅིག །ནད་དང་མུ་གེ་མཚོན་ལ་སོགས། །འཇིག་པ་བརྒྱད་ལས་ཐར་བར་གྱུར། །ཚེ་དང་བསོད་ནམས་འཕེལ་བར་ཤོག །དུག་ལྔ་གནས་སུ་རྣམ་དག་ནས། །སྐུ་ལྔ་སྐུ་


CMR043_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལྷུན་གྲུབ་ཅིང་། །ཡེ་ཤེས་ལྔ་དང་ལྡན་པར་ཤོག །བདག་འཛིན་འཁྲུལ་པ་རབ་དག་ནས། །ལམ་ལྔ་ས་བཅུ་མཐར་ཕྱིན་ཅིང་། །ཐུགས་ལྡན་ནས། །ཕྱག་རྒྱ་ལྔ་ཡིས་རྒྱས་གདབ་བོ། །ཡོན་ཏན་མ་ལུས་མཐའ་རྒྱས་ནས། །བསམ་པའི་དོན་འགྲུབ་བཀྲ་ཤིས་ཤོག །མི་འགྱུར་བརྟན་ཞིང་གནས་པར་མཛོད། །བཀྲ་ཤིས་ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །རྩ་གསུམ་ལྷ་ཚོགས་རྣམས་ཀྱི་གཏེར་སྦས་པས། །ནམ་ཞིག་མི་རྟག་སྐྱེ་འཆི་བྱུང་བའི་ཚེ། །མི་ཟད་རིན་ཆེན་གཏེར་གྱིས་མདུན་བསུས་ཤིང་། །འདོད་ཡོན་ལོངས་སྤྱོད་ལྔ་དང་འཕྲད་པར་ཤོག །བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ། ༈ དེ་ནས་རྡོ་ལེབ་ལ་རིགས་ལྔའི་ཕྱག་མཚན་བྲིས་པས་བཀབ་ལ། ཧོ༔ རྡོ་རྗེ་འབར་བའི་རྒྱས་གདབ་ནས། །མི་ཤིགས་མི་འགྱུར་རབ་ཏུ་བརྟན། །རིན་ཆེན་འབར་བས་རྒྱས་གདབ་པས། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས། །པདྨ་འབར་བས་རྒྱས་གདབ་པས། །ཆགས་མེད་སྐྱོན་བྲལ་ཡོན་ཏན་རྫོགས། །རལ་གྲི་འབར་བས་རྒྱས་གདབ་པས། །བདུད་བཞིའི་བར་ཆད་རྩད་ནས་ཆོད། །འཁོར་ལོ་འབར་བས་རྒྱས་


CMR043_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པས། །ཉོན་མོངས་འཁོར་བའི་སྡུག་བསྔལ་ནི། །རྒྱས་ལྔ་གདབ་པའི་བྱིན་རླབས་ཀྱིས། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་བདེ་སྐྱིད་ལྡན་པའི་ཕྱིར། །བསྟན་པའི་བཙས་སུ་འདི་གྱུར་ཅིག །དེ་ནས་གྲོགས་རྣམས་ཀྱིས་རྡོ་ལེགས་པར་བཅང་ཞིང་བརྡུང་བཅུག་ཚེ། རང་གིས་བཀྲ་ཤིས་གང་ཤེས་བརྗོད་ཅིང་མེ་ཏོག་འཐོར། རྒྱས་པར་ནི་རྟེན་འབྲེལ་སྙིང་པོ་དང་། བསྡུ་ན། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མང་དུ་བརྗོད་ཅིང་རྗེས་མི་མངོན་པར་བྱའོ། །མི་མང་འཚོགས་ན་འདི་ལ་འུར་འདོན་བཅུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་ཕྱག་འཚལ་ལོ་།ཞེས་འདོན། དེ་ལྟར་བྱས་པའི་ཕན་ཡོན་ནི། །ཤི་མི་རུང་ལ་ཤི་བ་དང་། །སྤར་ཁའི་འགྲམ་འཁྲུགས་སོང་ལ་ཕན། །རོ་དང་བག་མའི་ཕྱོགས་ནོར་ནས། །ས་བདག་ཀོ་ལོང་བསྡུམ་ལ་ཕན། །སྤང་གསར་ཕེད་དང་ཁང་ལས་ཀྱིས། །ས་བདག་ཕོག་ཐུག་སོང་ལ་ཕན། །རི་དྭགས་བསད་དང་རི་མེ་ཤོར། །གཞི་བདག་རྣམས་ལ་འགྲས་ན་ཕན། །བྲག་བཤིག་ཤིང་གཉན་བཅད་པ་ཡི། །གཉན་ལ་ཕོག་ཐུག་སོང་ལ་ཕན། །རྟེན་གསུམ་འཐོར་དང་གཡང་ཅན་ཤི །ས་བཅུད་ཉམས་པར་གྱུར་ལ་ཕན། །བཙའ་སད་སེར་བ་འབུ་ལ་སོགས། །ལོ་ཉེས་ལོ་དགྲ་མང་ལ་ཕན། །རི་སྙིལ་བྲག་ཞིག་ལ་སོགས་པ། །མཁར་ཁང་ཞིག་རལ་མང་ལ་ཕན། །ཡུལ་དེར་མི་འཕག་རྐྱེན་ངན་མང་། །ཡུལ་


CMR043_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འཆུག་ས་མི་ཟིན་ལ་ཕན། །ཀླུ་དང་ས་བདག་ནད་ལ་ཕན། །དེ་དག་ཀུན་ལ་ཕན་པ་ཡིན། །མོ་རྩིས་གཞུང་ཆེན་ཀུན་ལས་གསལ། །དེ་ཕྱིར་ཀུན་གྱི་ལུང་བསྟན་ཀྱང་། །མ་ནོར་གཞུང་བཞིན་ཤེས་པ་དཀོན། །དེ་ཕྱིར་འགྲོ་ལ་ཕན་དོན་དུ། །སྔགས་འཆང་རཱ་ག་ཨ་སྱ་ཡིས། །གཏེར་ཁ་གསར་རྙིང་གཙུག་ལག་གཞུང་། །ཀུན་གྱི་དོན་བསྡུས་རྒྱས་པར་བསྒྲིགས། །ཐབས་མཁས་ཞེས་བྱས་ཡི་གེར་བཀོད། །ལག་ལེན་གསལ་བས་ཀུན་གྱིས་ཤེས། །འདོན་ཆ་ཁུངས་བཙུན་བྱིན་རླབས་ཆེ། །མ་འོངས་རྐང་གཉིས་མི་རྣམས་ལ། །ཕན་ཐོགས་བཞག་པ་ཆེན་པོ་བྱས། །འགལ་བ་མཆིས་ན་ལྷ་ལ་བཤགས། །དགེ་བས་དུས་ངན་སྙིགས་མར་ཡང་། །འདི་ཉིད་དར་བའི་ས་ཕྱོགས་སུ། །ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་ལྡན། །རྫོགས་ལྡན་དུས་དང་མཚུངས་པར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousས་བདག་སྙིང་གཏེར་དང་བུམ་གཏེར་སྦས་ཐབས་ཡིད་བཞིན་ནོར་བུ།next