Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ས་སྙིང་བུམ་པ་སྒྲུབ་པའི་ལག་ལེན།
   
   
   
   
   
   
   
   
   
   


 
previousས་སྙིང་བུམ་པ་སྒྲུབ་པའི་ལག་ལེན།next

ས་སྙིང་བུམ་པ་སྒྲུབ་པའི་ལག་ལེན།


CMR043_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྙིང་བུམ་པ་སྒྲུབ་པའི་ལག་ལེན་ཁྱེར་བདེ་བ་བཞུགས་སོ།


CMR043_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཀ་ཧི་ར་ཙ་ཡེ།། རྫ་ཡི་བུམ་པ་སོ་བཏང་དུ། །འབྲུ་སྣ་རིན་ཆེན་ཚོགས་ཚད་དང་། །ལྔ་ཕྲག་ལྔ་ཡི་རྫས་རྣམས་དང་། །རི་སྙིང་སྐམ་པོ་ཡོད་ན་བཞག་མེད་ན་སྙིང་ཞོ་བཞག་ཀྱང་ཆོག །རྒྱུད་དང་མཐུན་པའི་ཀླུ་སྨན་དང་། །ས་སྙིང་བརྟན་མའི་གཟུངས་རྣམས་བྲིས། །སྣང་བརྒྱད་སྙིང་པོ་ཚང་བ་བྲིས། །ཀླུ་གཟུངས་དང་ཀླུ་བདེ་བ་སྦྱིན་པའི་སྔགས་གཟུངས་རྣམས་བྲིས་ནས་སྲོག་ཤིང་ལ་དཀྲིས་ཏེ་བཙུགས། ཁ་ཆོད་ལེགས་པར་བྱས་ལ། རི་གཉན་རྒྱབ་རི་བཟང་པོའི་ས་དཔལ་བཟང་པོ་ན། ལྷོར་གདོང་གཏོད་ནས་ལེན་དཔལ་བཟང་བར་ཁ་གྲུ་ལ་བུམ་པ་སྦས་དགོས། ཡུལ་ལྷ་གནས་བདག་ལ་དཀར་གཏོར་གསེར་སྐྱེམས་འབྲུ་སྣས་མཆོད་ལ། རང་ཉིད་སྤྱན་རས་གཟིགས་སམ་འཇམ་དབྱངས་སམ་ས་སྙིང་པད་འབྱུང་གང་མོས་


CMR043_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསལ་བས་སྟོང་ཉིད་སྙིང་རྗེ་བྱང་ཆུབ་སེམས་དང་ལྡན་པས། མདུན་གྱི་དམིགས་རྟེན་མ་དག་པའི་ཆ་ཐམས་ཅད་སྦྱངས་ནས། རྒྱུ་དག་པ་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་དགོས་འདོད་ཀུན་འབྱུང་གི་བུམ་པ་རྒྱ་ཆེ་ལ་དཔངས་མཐོ་བའི་ནང་དུ་སྲིད་པ་གསུམ་གྱི་ནོར་རྫས་ལོངས་སྤྱོད་དུ་རུང་བ་ཐམས་ཅད་ཀྱིས་གང་བར་མོས་ལ་འདི་སྐད་དོ། །ཨོཾ་ཨ་མྲྀ་ཏེ་ཧཱུྃ། ཕཊ། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི། །རིན་ཆེན་བུམ་པ་སྟོང་གསུམ་མཉམ་པའི་ནང་། །རིན་ཆེན་སྣ་ལྔ་བླུག་པའི་དགོས་འདོད་འབྱུང་། །སྨན་སྣ་ལྔ་བླུག་ནད་ཀྱི་བསྐལ་པ་ཞི། །འབྲུ་སྣ་ལྔ་བླུག་མུ་གེའི་བསྐལ་པ་ནི། །དྲི་ལྔ་བླུགས་པས་སྙན་གྲགས་


CMR043_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་ཁྱབ། །སྙིང་པོ་ལྔ་བླུག་ཚེ་རིང་ལོ་བརྒྱ་འཚོ། །རིན་ཆེན་ལྔ་བླུག་མཚོན་གྱི་བསྐལ་པ་ནི། །དགོས་འདོད་ཀུན་འབྱུང་ཟད་མེད་རིན་ཆེན་གཏེར། །ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿལྔས་བྱིན་རླབས་ཏེ། །ས་བདག་ཀླུ་གཉན་ཡུལ་ལྷ་གཞི་བདག་དང་། །ཁྱད་པར་ས་འདིར་གནས་པའི་ལྷ་ཀླུ་གཉོན། །ཟོ་དོར་ཡུལ་ལྷ་གཞི་བདག་གཉན་པོའི་ཚོགས། །རི་རྒྱལ་འདི་ཡི་གནས་བདག་དགེ་བསྙེན་ནམ། །ཆ་ལུགས་གང་ལྟར་འདུག་པ་ཁྱེད་རྣམས་ལ། །ཟད་མེད་གཏེར་གྱི་ལོངས་སྤྱོད་འབྱུང་ཕྱིར་འབུལ། །ས་བདག་སྙིང་གི་གཏེར་མཛོད་འདི་སྦས་པས། །ས་བདག་འཁྲུག་པའི་སྡུག་བསྔལ་ཞི་གྱུར་ཅིག །ས་བདག་འགྲམ་འཁྲུགས་ཐམས་ཅད་བྱང་གྱུར་ཅིག །ས་བདག་ཉམས་པ་ཐམས་ཅད་སོས་གྱུར་ཅིག །ས་བདག་རྨུག་པ་ཐམས་ཅད་སངས་གྱུར་ཅིག །ས་བདག་རྒུད་པ་ཐམས་ཅད་དར་གྱུར་ཅིག །ས་བདག་ན་བ་ཐམས་ཅད་བདེ་གྱུར་ཅིག །ས་བདག་ཀླུ་གཉན་མཐུ་སྟོབས་རབ་རྒྱས་ནས། །བདག་ཅག་ཡོན་བདག་རྣམས་ལ་ཁ་འཛིན་མཛོད། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་མཛོད། །ཡག་པ་སྤྱོད་ལ་ཉེས་པ་ཀུན་དང་བསྣོལ། །དགྲ་ཇག་ནད་གདོན་བར་


CMR043_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཞི་བར་མཛོད། །ལོ་ལེགས་ཕྱུགས་འཕེལ་བསོད་ནམས་རྒྱས་པར་མཛོད། །མི་ནོར་དར་རྒྱས་བདེ་སྐྱིད་འཛོམ་པར་མཛོད། །སྙན་གྲགས་བསོད་ནམས་མངའ་ཐང་ལོངས་སྤྱོད་སྤེལ། །དུས་མིན་འཆི་བའི་བར་ཆད་ཞི་བར་མཛོད་། །ཁྱེད་ཅག་ཡུལ་འདིར་གནས་པའི་ས་བདག་སྟེ། །ངེད་ཅག་ས་ལ་གནས་པའི་དབུ་ནག་མི། །གཅིག་གིས་གཅིག་བསྟོད་ཧ་བོ་གངས་བས་དཀར། །གཅིག་གིས་གཅིག་སྨད་རང་སོ་རྫ་བས་ནག །རང་སོ་རྫ་བས་མ་ནག་ལ། །ཧ་བོ་གངས་བས་དཀར་བར་མཛོད། །གནས་མགྲོན་གཉིས་ཀྱི་དམ་ཚིག་སྲུངས། །རྣལ་འབྱོར་བདག་ཅག་ཡོན་སྦྱོར་གྱིས། །ཇི་ལྟར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀིཾ་ཧི་ར་ཙ་བཱི་ཤྲཱི་དེ་བཱི་བྷུ་མི་པ་ཏི་ནཱ་ག་ནཱ་གི་ས་པཱ་རི་ཝཱ་ར་རཏྣ་པཉྩ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ། ས་བདག་སྙིང་གཏེར་འདི་སྦས་པས། །བདག་དང་སྦྱིན་བདག་འཁོར་བཅས་རྣམས། །ནད་མུག་མཚོན་གྱི་བསྐལ་དར་དུས། །གཏེར་ཆེན་འདི་ཡིས་སྐྱོབས་པར་ཤོག །ཅེས་བརྗོད། བཀྲ་ཤིས་བརྗོད། དཀར་གཏོར་ཡང་འབུལ། ས་བརྐོ་བ་ལ། སྟོན་གསུམ་ཁ་ལྷོར་གྲུ། དགུན་གསུམ་ལ་ནུབ་ཏུ་


CMR043_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་གྱུ། དཔྱིད་གསུམ་ལ་ཁ་བྱང་དུ་གྱུ། དབྱར་གསུམ་ལ་ཁ་ཤར་དུ་རྒྱུ་ལ་བརྐོ་རུང་ངོ་། །གཞན་གནོད་སྦྱིན་གྱི་གཏེར་བུམ་རང་རང་གཞུང་ལྟར་རོ། །འདི་ས་བདག་སྙིང་གཏེར་ཀླུ་གཏོར་སོགས་ཀྱི་དོན་བསྡུས་ཏེ། རང་གཞན་སེམས་ཅན་ཐམས་ཅད་སྦྱིན་ཡུལ་དུ་གྱུར་པ་རྣམས་ལ་ཕན་ཕྱིར་དུ། ༧ རཱ་ག་ཨ་སྱས་སྦྱར་བའོ། །གཟའ་བཟང་སྐར་བཟང་དང་ས་བདག་ཀླུ་གཉན་ཐེབས་དུས་བྱས་ན་བཟང་གསུངས་སོ། །སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousས་སྙིང་བུམ་པ་སྒྲུབ་པའི་ལག་ལེན།next