Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀླུ་གཏེར་འཛུགས་པ།
   
   
   
   
   
   


 
previousཀླུ་གཏེར་འཛུགས་པ།next

ཀླུ་གཏེར་འཛུགས་པ།


CMR043_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གཏེར་འཛུགས་པའི་དབུ་ཕྱོགས་ཡོད།


CMR043_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གཏེར་འཛུགས་པའི་ཕྱག་ལེན་ནི། ལག་པ་གཡས་གཡོན་རྩེ་གསུམ་གྱི་ཕྱག་རྒྱ་བྱས་པའི་བར་དུ། རིན་པོ་ཆེའི་དྷ་རུ་བཟུང་ལ། ཧཱུྃ། ཀླུ་རྒྱལ་འཁོར་བཅས་གཏེར་སྒོ་ཕྱེས། །ཞེས་སོགས་ཤོ་ལོ་ཀ་གཅིག་ལན་གསུམ་བརྗོད་དེ། དྷ་རུའི་གཏེར་སྙིང་ཁ་ཕྱེས་ནས། གཏེར་བླུགས་བཏོན། དེ་ནས་གཏེར་བུམ་གསར་པ་ཡོད་ན་རབ། མེད་ན་རྙིང་པའི་ནང་དུ། འབྲུ་ལྔ། རིན་ཆེན་ལྔ། དར་སྣ་ལྔ། གཞན་ཡང་ཀླུ་སྨན་སྣ་ཚོགས་ཀྱིས་བཀང་། གཡམ་པས་བཀབ། སྟེང་དུ་ཀླུ་གཟུགས་སྣ་ཚོགས་བ་ལ་ཚོན་གྱིས་དཀྲིས་པ་སོགས་ཕྱག་ལེན་མཐོང་བརྒྱུད་ལྟར་བཤམ་མོ། །ན་མོ་གུ་རུ་ཀླུ་ཡི་གཏེར་འཛུགས་པ་ནི། ཧཱུྃ། ཀླུ་རྒྱལ་འཁོར་བཅས་གཏེར་སྒོ་ཕྱེས། །ས་ཡི་ལྷ་མོ་གཏེར་སྒོ་ཕྱེས། །འདིར་གནས་ཀླུ་


CMR043_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དང་ས་བདག་རྣམས། །མི་བཟད་གཏེར་སྦས་སྒོ་ཕྱེས་ཤིག །ཅེས་ལན་གསུམ་བརྗོད་ལ། གཏེར་རྫས་བྱིན་གྱིས་བརླབས་པ་ནི། རང་ཐུགས་རྗེ་ཆེན་པོར་བསྐྱེད་ལ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས། ཨོཾ་བཛྲ་ཡཀྵ་ཧཱུྃ། རྡོ་རྗེ་མེ་ཡི་ཕྱག་རྒྱས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨསྭ་བྷ་ཝ་ཤུདྡྷོཉཧཾ། གཏེར་རྫས་རྣམས་སྟོང་པར་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བཅུད་རྣམས་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཀླུ་རྣམས་ཚིམ་ཞིང་ནད་ཀུན་གསོ་བའི་བདེ་བ་བསྐྱེད་པའི་བྱེད་ལས་དང་ལྡན་པར་


CMR043_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། རྡོ་རྗེ་བསྡམས་པའི་ཕྱག་རྒྱས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ན་མསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱསརྦ་ཐ་ཁཾ་ཨུཏྟ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ་ཀླུ་ཁང་དུ་བཅུག་སྟེ། ཧཱུྃ། ཀླུ་རྒྱལ་འཁོར་བཅས་གཏེར་སྒོ་ཕྱེས། །ས་ཡི་ལྷ་མོ་གཏེར་སྒོ་ཕྱེས། །འདིར་གནས་ཀླུ་དང་ས་བདག་རྣམས། །མི་བཟད་གཏེར་སྦས་སྒོ་ཕྱེས་ཤིག །བང་མཛོད་རྣམས་སུ་གཏེར་སྦེད་དོ། །ཆོས་ཉིད་མཁའ་ལ་གཏེར་སྦེད་དོ། །འབྲུ་དང་བཟའ་བཏུང་གཏེར་སྦེད་དོ། །དར་ཚོན་གོས་ཀྱི་གཏེར་སྦེད་དོ། །ནད་སེལ་སྨན་གྱི་གཏེར་སྦེད་དོ། །རིན་ཆེན་སྣ་ཚོགས་གཏེར་སྦེད་དོ། །ཡིད་བཞིན་ནོར་བུའི་གཏེར་སྦེད་དོ། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །དྲི་ཞིམ་རོ་མཆོག་ལྡན་པ་དང་། །རེག་བྱ་བདེ་གཏེར་གཏེར་སྦེད་དོ། །གཏེར་ཆེན་དམ་པ་འདི་སྦས་པས། །མི་ཟད་ནམ་མཁའི་མཛོད་ལ་སྤྱོད་པ་དང་། །མཁོ་བའི་རྫས་སུ་འདི་གྱུར་ཅིག །ཉམས་དང་སྨས་པ་སོས་གྱུར་ཅིག །དབང་པོ་གཟི་མདངས་འཕེལ་གྱུར་ཅིག །ཆར་ཆུ་དུས་སུ་འབབ་པ་དང་། །ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། །མི་ནད་


CMR043_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་ནད་ཞི་བ་དང་། །སྤུ་ཕྱུགས་ཐམས་ཅད་འཕེལ་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཀླུ་གཉན་གདུག་པའི་ཁ་རླངས་དུག །མཛེ་ཤུ་གདུག་པའི་ནད་རྣམས་ཀུན། །ཡུད་ཙམ་གྱིས་ནི་ཞི་གྱུར་ཅིག །རྟག་ཏུ་བྱམས་པའི་སེམས་དང་ནི། །འཚོ་བ་ཅུང་ཟད་དག་ལ་ཡང་། །ངན་པའི་ལན་གྱི་གནོད་མ་བྱེད། །ཀྱེ། བདག་དང་རྒྱུ་འབྱོར་ཡོན་བདག་གིས། །ཀླུ་གཉན་ས་བདག་གནས་པའི་ཕྱོགས། །ས་གཉན་བསྐོས་དང་ཆུ་གཉན་དཀྲུག །ཤིང་གཉན་བཅད་དང་རྡོ་གཉན་རློག །དཀར་ཐབ་དཀར་ཐབ་ཤོར་བ་དང་། །སྐྱུར་ཐབ་ལུས་ཐབ་ཤོར་བ་དང་། །ཐབ་གཞོབ་མཁོན་དང་ཉམས་གྲིབ་སོགས། །མི་གཙང་བྱས་པའི་གྲིབ་མ་ཡིས། །ཀླུ་གཉན་ས་བདག་ལ་ཕོག་པས། །ཁྱེད་རྣམས་ལུས་སེམས་བསྣད་གྱུར་ན། །རྫ་ས་སྔགས་ཏིང་འཛིན་བདུད་རྩི་ལ། །བརྟེན་ནས་ལུས་སེམས་བདེ་གྱུར་ཅིག ༈ །ཝ་རུ་ཎ་སོགས་ཀླུ་ཆེན་བརྒྱད་པོ་དང་། །ས་བདག་ཀླུ་ཡི་རིགས་སུ་གྱུར་པ་ལ། །ག་པུར་ཛཱ་ཏིའི་དབུགས་ཉམས་སོས་གྱུར་ཅིག །གུར་གུམ་ཙནྡན་དྲི་ངད་བཟང་གྱུར་ཅིག །དབང་པོ་ལག་པས་ཡན་


CMR043_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ལག་སོས་གྱུར་ཅིག །ཆུ་སྲིན་སྡེར་མོས་སེན་མོ་སོས་གྱུར་ཅིག །དཀར་དམར་མཚལ་གྱིས་ཁྲག་ཉམས་སོས་གྱུར་ཅིག །དུང་གིས་རུས་པ་ཉམས་པ་སོས་གྱུར་ཅིག །གཟི་ཡིས་མིག་འབྲས་ཉམས་པ་སོས་གྱུར་ཅིག །རྒྱ་དར་དམར་པོས་ལྕེ་ཉམས་སོས་གྱུར་ཅིག །ཟི་ཧུན་རས་སྐུད་རྩ་ཉམས་སོས་གྱུར་ཅིག །གླ་གོར་ཞོ་ཤས་ཤ་ཉམས་སོས་གྱུར་ཅིག །མཁལ་མ་ཞོ་ཤས་མཁལ་ཉམས་སོས་གྱུར་ཅིག །སྤུ་ཤེལ་རྩེ་ཡིས་རྩ་ཉམས་སོས་གྱུར་ཅིག །རྨ་བྱའི་མདངས་ཀྱིས་མདངས་ཉམས་སོས་གྱུར་ཅིག །སྦྲུལ་གྱི་པགས་པས་པགས་ཉམས་སོས་གྱུར་ཅིག །རྡོ་རྒྱུས་དག་གིས་རྒྱུས་ཉམས་སོས་གྱུར་ཅིག །གུ་གུལ་དཀར་པོས་ཚིལ་ཉམས་སོས་གྱུར་ཅིག །བུམ་རམ་ཀ་རས་རོ་མཆོག་མྱོང་གྱུར་ཅིག །མེ་ཏོག་ཤིང་ཏོག་ལུས་ཀུན་མཛེས་གྱུར་ཅིག །རིན་པོ་ཆེ་ཡིས་ཚེ་དཔལ་རྒྱས་གྱུར་ཅིག །རྒྱ་མཚོ་སྦུ་བས་རྐང་ཉམས་སོས་གྱུར་ཅིག །ནཱ་ག་པདྨས་རྣ་དབང་སོས་གྱུར་ཅིག །གཞན་ཡང་ལི་ཤི་སུག་སྨེལ་དང་། །ཟི་ར་དཀར་ནག་ཨུཏྤལ་སྔོན་པོ་དང་། །ཨ་རུ་ར་དང་སྤང་སྤོས་ཏིལ་དཀར་ནག །ཐལ་དཀར་རྡོ་རྗེ་གསོ་མ་ར་ཛ་དང་། །གུར་གུམ་ཤིང་མངར་སྦྲང་རྩི་


CMR043_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཟབ་ཚོགས། །དཀར་གསུམ་གྱིས་མཛེས་མཆོད་སྦྱིན་གཏོར་མ་དང་། །མངར་གསུམ་གྱིས་བྲན་འོ་མའི་རྒྱ་མཚོ་དང་། །ཀླུ་རྣམས་དགའ་བའི་མཐུན་པའི་་རྫས་རྣམས་ཀྱིས། །སོ་སོའི་རེ་བ་མྱུར་དུ་སྐོང་གྱུར་ཅིག །ནང་གི་དོན་སྣོད་ཕྱི་ཡི་ཤ་པགས་རུས། །སྐྲ་སེན་བཀྲག་མདངས་རྩ་རྒྱུས་ཉམས་པ་དང་། །གཞོགས་སྐམ་ཞྭ་འོན་ལྐུགས་སོགས་སྡུག་བསྔལ་གྱི། །འཇིགས་པ་ཀུན་ལས་ཀླུ་རྣམས་ཐར་གྱུར་ཅིག །བྱེ་ཚན་མཁའ་ལྡིང་མེ་དང་ཐོག་ལ་སོགས། །གནོད་པ་ཀུན་བྲལ་སྦྲུལ་མགོའི་གདེངས་ཀ་ལྡན། །རིན་ཆེན་བྲག་སྐྱིབས་མཚོ་རྫིང་ཆུ་མིག་དང་། །ནེའུ་སིང་སྐྱིད་ཚལ་རྣམས་དང་ལྡན་གྱུར་ཅིག །མདོར་ན་ལུས་དང་སེམས་ལ་བདེ་བ་དང་། །དཀའ་སྐྱིད་མ་ལུས་ཚོགས་ཀུན་འབྱུང་གྱུར་ཅིག །དེ་ལྟར་ཀླུ་རྣམས་སྨན་གྱིས་ལེགས་སོས་ཤིང་། །བཟང་པོའི་སྨོན་ལམ་བཏབ་པ་འདི་ཡི་མཐུས། །བདག་སོགས་འགྲོ་བ་སེམས་ཅན་མ་ལུས་པ། མཐོང་རེག་བསམ་དང་ཁ་རླངས་སྦྱོར་བ་ཡིས། །ས་བདག་ཀླུ་ཡི་ནད་ཀུན་ཞི་བར་མཛོད། །འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བཀའ་གནང་བའི། །འདོད་ཡོན་ལྔ་ལྡན་


CMR043_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འདི་བཞེས་ལ། །ལན་ཆགས་འཁོར་ཞིང་ཤ་འཁོན་མ་ལུས་བྱང་། །འཇིག་རྟེན་ཁམས་སུ་ཆར་ཆུ་དུས་འབབས་ཤིང་། །ལོ་ཕྱུགས་སྨན་དང་ནགས་ཚལ་རབ་ཏུ་རྒྱས། །འགྲོ་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡི། །ལེགས་པའི་ཡོན་ཏན་མ་ལུས་འགྲུབ་པར་མཛོད། །ཀྱི། ས་བདག་ཀླུ་གཉན་ཐམས་ཅད་ཉོན། །རིན་ཆེན་བུམ་པ་བཟང་པོ་འདི། །དགོས་འདོད་སྣ་ཚོགས་འབྱུང་བ་ཡིན། །ཀྱེ། ས་བདག་ཀླུ་གཉན་ཐམས་ཅད་ཉོན། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །གཉན་རིགས་སྡེ་ལྔ་ལ་སོགས་རྣམས། །བདག་གིས་ཁྱེད་ལ་གཏེར་ཅིག་འབུལ། །རིན་ཆེན་བུམ་པའི་གཏེར་ཆེན་ནི། །ཀླུ་ཡི་ནོར་དུ་གྱུར་པ་འདི། །དགུན་གྱི་དུས་སུ་མ་སྐམ་ཞིག །དབྱར་གྱི་དུས་སུ་མ་རུལ་ཞིག །མི་ཟད་རིན་ཆེན་འདི་སྦས་པས། །ཀླུ་རྣམས་རྟག་ཏུ་ལོངས་སྤྱོད་ལྡན། །བདེ་སྐྱིད་ཕུན་སུམ་ཚོགས་གྱུར་ཅིག །རིན་ཆེན་སྣ་ལྔའི་གཏེར་སྦས་པས། །མི་ཟད་གཏེར་དང་འཕྲད་པར་ཤོག །སྙིང་པོ་ལྔ་ཡི་གཏེར་སྦས་པས། །དབང་པོ་ལྔ་པོ་ཚང་བར་ཤོག །སྨན་སྣ་ལྔ་ཡི་གཏེར་སྦས་པས། །ནད་ཀྱི་སྡུག་བསྔལ་ཞི་བར་ཤོག །འབྲུ་སྣ་


CMR043_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡི་གཏེར་སྦས་པས། །མུ་གེའི་བསྐལ་པ་ཞི་བར་ཤོག །སྤོས་སྣ་ལྔ་ཡི་གཏེར་སྦས་པས། །ཚུལ་ཁྲིམས་རྣམ་དག་ཚང་བར་ཤོག །ཤིང་ཐོག་ལྔ་ཡི་གཏེར་སྦས་པས། །རྩི་ཤིང་ནགས་ཚལ་རྒྱས་པར་ཤོག །འོ་མ་ལྔ་ཡི་གཏེར་སྦས་པས། །ཟས་སྣ་རོ་མཆོག་ལྡན་པར་ཤོག །དར་སྣ་ལྔ་ཡི་གཏེར་སྦས་པས། །ཁ་དོག་མདངས་དང་ལྡན་པར་ཤོག །བལ་ཚོན་ལྔ་ཡི་གཏེར་སྦས་པས། །གོས་སྣ་དྲོ་དང་ལྡན་པར་ཤོག །མངར་གསུམ་དག་གི་གཏེར་སྦས་པས། །གཟི་མདངས་བཀྲག་མདངས་ལྡན་པར་ཤོག །དཀར་གསུམ་དག་གི་གཏེར་སྦས་པས། །ཁ་ཟས་བཅུད་དང་ལྡན་པར་ཤོག །ཀླུ་ནོར་བརྒྱད་ཀྱི་གཏེར་སྦས་པས། །མི་འཇིགས་སྐྱབས་དང་ལྡན་པར་ཤོག །ཀླུ་གཟུགས་སྣ་ཚོགས་གཏེར་སྦས་པས། །འཁོར་དང་ལོངས་སྤྱོད་ལྡན་པར་ཤོག །རྫ་བུམ་གསར་པའི་གཏེར་སྦས་པས། །ཡུལ་ཕྱོགས་ཞིང་བཅུད་རྒྱས་པར་ཤོག །མི་ཟད་ཆེན་ཕུལ་བ་འདིས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །དཀོན་མཆོག་གསུམ་གྱི་བདེན་པའི་བཀའ། །སྦས་ནི་མི་མངོན་དབྱིངས་སུ་སྦས། །བཅོལ་ནི་གདུག་པའི་ཀླུ་


CMR043_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཅོལ། །ཀླུ་ཡི་ས་བཅད་མི་ལ་ཕན། །མི་ཡི་ས་བཅད་ཀླུ་ལ་ཕན། །ས་བདག་ཀླུ་གཉན་གཏེར་དང་འཕྲད་པ་བཞིན། །སྦྱིན་བདག་འགྲོ་རྣམས་གཏེར་དང་འཕྲད་པར་ཤོག །འོག་ཏུ་ཀླུ་ཕྱུག་སྟེང་དུ་མི་ཕྱུག་ཤོག །སྟེང་དུ་མི་དར་འོག་ཏུ་ཀླུ་དར་ཤོག །འོག་ཏུ་ཀླུ་གཉན་སྟེང་དུ་མི་གཉན་ཤོག །རིན་ཆེན་ལྔ་ཡི་བུམ་པ་འདི། །ཀླུ་གཉན་གནས་པའི་ས་ཕྱོགས་སུ། །སྲིད་པའི་ཆུ་མིག་ཆེན་པོ་བརྡོལ། །ནོར་ཁ་ཆུ་མིག་ཆེན་པོ་བརྡོལ། །ནས་ཀྱི་ས་ཆ་ཆེན་པོ་བརྡོལ། །ཕྱུགས་ཀྱི་གཡང་ར་ཆེན་པོ་བརྡོལ། །རིགས་རྒྱུད་བུ་མང་ཆེན་པོ་བརྡོལ། །ད་ནི་སྦས་སོ་དབྱིངས་སུ་སྦས། །དབྱིགས་སུ་སྦས་པས་རུལ་མི་སྲིད། །ད་ནི་བཏབ་བོ་རྒྱ་ཡིས་བཏབ། །རྒྱ་ཡི་བཏབ་པས་འཁྲོལ་མ་གྱུར། །གཅིག་པ་བྱང་ཆུབ་སེམས་ཀྱི་རྒྱ། །གཉིས་པ་ཐབས་དང་ཤེས་རབ་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །མི་འགྱུར་ངེས་པའི་རྒྱ་ཡིས་བཏབ། །སྟེང་དུ་ཤིང་ཐོག་མཁར་སྒོང་བཞག་གོ །གཏེར་འཛུགས་ཀྱི་ཆོ་ག་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། ༈་ཁུངས་དག་གང་ཡིན་མ་ཤེས་ཀྱང་ཆགས་མེད་རིན་པོ་ཆེའི་གསུང་ཡིན་པ་འདྲ།


previousཀླུ་གཏེར་འཛུགས་པ།next