Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྒྱུད་པའི་གསོལ་འདེབས།
   
   
   
   


 
previousབརྒྱུད་པའི་གསོལ་འདེབས།next

བརྒྱུད་པའི་གསོལ་འདེབས།


CMR043_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་ཏོག །གསང་སྔགས་ཀུན་གྱི་མཛོད་འཆང་རྡོ་རྗེ་འཛིན། །ཤིནྟ་ཀ་ར་ཛ་ཡ་རཀྵིའི་ཞབས། །གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྩོལ། །དྷརྨ་པ་ལ་ལོ་ཆེན་རིན་ཆེན་བཟང་། །རང་བྱུང་རྡོ་རྗེ་མཐོང་བ་དོན་ལྡན་ཞབས། །ཆོས་གྲགས་རྒྱ་མཚོ་མི་བསྐྱོད་རྡོ་རྗེ་དང་། །དཀོན་མཆོག་ཡན་ལག་དབང་ཕྱུག་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྩོལ། །ཆོས་ཀྱི་དབང་ཕྱུག་མཁས་གྲུབ་རཱ་གའི་མཚན། །རབ་འབྱམས་རྩ་བརྒྱུད་བླ་མའི་ཚོགས་དང་བཅས། །བཅོམ་ལྡན་རྣམ་སྣང་རིགས་བཞིའི་ཡུམ་དང་བཅས། །སེམས་དཔའ་བཅུ་དྲུག་ཕྱི་ནང་ལྷ་མོའི་ཚོགས། །གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྩོལ། །སྒོ་བ་བཞི་དང་སྐལ་བཟང་དཔེ་བྲལ་ཚོགས། །ཉན་ཐོས་རང་རྒྱལ་རབ་འཇིགས་ཁྲོ་བོ་བརྒྱད། །མཐའ་ཡས་འགྲོ་བའི་ངན་སོང་སྦྱོང་མཛད་པའི། །རབ་འབྱམས་དཀྱིལ་འཁོར་ལྷ་ཡི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་དབང་བཞིའི་ཡེ་ཤེས་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་བརླབས་ཀྱིས། །བདག་སོགས་ནམ་མཁའ་མཉམ་པའི་འགྲོ་བ་ཀུན། །


CMR043_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་ལས་ཉོན་སྡིག་སྒྲིབ་ཀུན་དག་ནས། །ཚེ་དཔལ་ཡེ་ཤེས་སྣང་བ་རབ་ཏུ་རྒྱས། །མཐོང་ཐོས་དྲན་རེག་འབྲེལ་ཐོགས་སེམས་ཅན་རྣམས། །ངན་སོང་འཁོར་བའི་སྐྱེ་སྒོ་ཀུན་བཀག་སྟེ། །ཕྱིར་མི་ལྡོག་པའི་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་འདིའང་དད་ལྡན་ཤཱཀྱའི་བཙུན་པ་ཀརྨ་ཆོས་རྒྱལ་རབ་བརྟན་ནས་བསྐུལ་ངོར། བརྒྱུད་པའི་གསོལ་འདེབས་དང་སྨོན་ལམ་བཅས་ཕྱོགས་འཐུས་སུ་ཆགས་སྤྲུལ་ལྔ་པས་བྲིས་པ་དགེ་བར་གྱུར་ཅིག །མངྒ་ལཾ།། །།


previousབརྒྱུད་པའི་གསོལ་འདེབས།next