Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོངས་གཏེར་ཀུན་རིག་གི་དབང་སྒྲུབ།
   
   


 
previousདགོངས་གཏེར་ཀུན་རིག་གི་དབང་སྒྲུབ།next

དགོངས་གཏེར་ཀུན་རིག་གི་དབང་སྒྲུབ།


CMR043_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་ཀུན་རིག་གི་དབང་སྒྲུབ་ནི། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ། །སོགས་སྐྱབས་སེམས་བགེགས་གཏོར་སོང་ནས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན། །རྡོ་རྗེའི་རྭ་གུར་མེ་རིས་བསྐོར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། སྟོང་པའི་ངང་ལས་བདག་མདུན་བུམ་ལྷར་བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་ཕྱོགས་བཞིར་གཟིགས་པ། ཕྱག་གཉིས་བུདྡྷ་རིགས་ཀྱི་ཕྱག་རྒྱ་མཛད་པ། དར་དང་རིན་པོ་ཆེས་བརྒྱན་པ་སེང་གེའི་ཁྲི་ལ་བཞུགས་པའོ། ཤར་དུ་རྡོར་སེམས་མཐིང་ག་རྡོ་རྗེ་དང་དྲིལ་བུ་བསྣམས་པ་གླང་ཆེན་གྱི་ཁྲི་ལ་བཞུགས་པའོ། །ལྷོར་རིན་འབྱུང་སེར་པོ་རིན་ཆེན་དང་དྲིལ་བུ་འཛིན་པ་རྟ་ཡི་ཁྲི་ལ་བཞུགས་པའོ། །ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་རྨ་བྱའི་ཁྲི་ལ་བཞུགས་པའོ། །བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ཤང་ཤང་གི་ཁྲི་ལ་བཞུགས་པའོ། །ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་པ་ཀུན་གྱི་གནས་གསུམ་འབྲུ་གསུམ་དང་ཐུགས་ཀའི་ས་བོན་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས། མ་ལུས་སེམས་


CMR043_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་སརྦ་བིད་ཛ་ཡ་པཉྩ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་དབྱེར་མེད་པར་གྱུར་ཅིག །ཡེ་ཤེས་ལྔའི་དབང་རྫོགས་གྱུར། ཨོཾ་ཧཱུྃ་ཏྲཾ་ཧྲིལླཱ༔། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་བདག་མདུན་བུམ་པར་མཆོད་ཅིང་བསྟོད་པར་གྱུར། ཆུ་བཞི་ཉེར་སྤྱོད་ལྔ་དང་རོལ་མོ་དང་། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །ངོ་མཚར་མཆོད་པ་བཅོ་བརྒྱད་སྒེག་སོགས་བརྒྱད། །ཅོད་པན་གདུགས་སོགས་མཆོད་པ་ཉི་ཤུ་ལྔ། །སྐྱེད་ཚལ་གཞལ་མེད་ཁང་པ་དཔག་བསམ་ཤིང་། །གཏེར་གྱི་བུམ་པ་ཁྲུས་རྫི་ང་པདྨ་བཅས། །འབྲུ་སྨན་རིན་ཆེན་རྩི་བཅུད་བང་མཛོད་དང་། །གོས་དར་ཁྲི་སྟན་བཞོན་པ་བྲན་ཁོལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་


CMR043_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་མ་ལུས་ཐམས་ཅད་ཀྱིས། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །སེམས་ཅན་བསམ་པ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོགས་གསུང་གི་བདག །གསུང་རབ་པདྨ་ཁ་འབྱེད་པ། །ཁམས་གསུམ་དབུགས་དབྱུང་མཛད་པ་པོ། །ཤཱཀྱ་རིགས་དབང་ཁྱོད་ཕྱག་འཚལ། །ནན་ཏན་ཡེ་ཤེས་ཕྲིན་ལས་བདག །སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་པར་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཁྱོད་ཕྱག་འཚལ། །ཅེས་བསྟོད་ནས། ལྷ་ལྔའི་ཐུགས་ཀར་སོ་སོའི་ས་བོན་སོགས་བསྒོམ་ནས། བར་རོ། བསྙེན་པ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པཱ་རི་ཤུ་དྷ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་སཾ་མྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤཱ་དྷ་ནེ་ཤཱ་དྷ་ནེ་སརྦ་པ་པཾ་བི་ཤྭ་དྷ་ན་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤྭ་དྷ་ནེ་སྭཱ་ཧཱ། ཞེས་རྩ་རིག་དང་། ཨོཾ་ཤོ་དྷ་ནེ་སོགས་མན་ཆད་རྩ་རིག་ཐུང་བ་དང་། ཨོཾ་སརྦ་བིད་སརྦ་ཨ་ཝ་ར་ཎ་ནི་བི་ཤོ་དྷ་ཡ་ཧ་ན་


CMR043_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ༔ ཅེས་སྙིང་པོ་དང་། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ༔ སཱ་ཧཱ། བསྙེན་པ་ཅི་འགྲུབ་བྱའོ། །ལས་བུམ་གྱི་ནང་དུ་ཏཱཾ་ལས་རྡོ་རྗེ་གནོད་སྦྱིན་ནག་པོ་ལྟོ་བ་ཡངས་ཤིང་ཕྱག་གཉིས་ཀྱིས་མཆེ་བ་ཞལ་གྱི་གྲྭ་གཉིས་སུ་འཛིན་པ། དེའི་གནས་གསུམ་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་བཛྲ་ཡཀྵ་ཧཱུྃ། །ཅི་འགྲུབ་བཟླས་ལ་མཆོད་བསྟོད་བྱ། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱིས། བགེགས་རྣམས་བཟློག་པའི་ཕྲིན་ལས་མཛོད། དེ་ནས་བདག་འཇུག་བླང་བ། །རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཟུང་། །སོགས། སྭཱ་ཧཱ། བར་ཙཀ་ལི་བུམ་པས་དབང་བླངས་ལ་གཞན་ལ་བསྐུར་བར་བྱའོ། །ལྷ་ལྔའི་ཐུགས་ཀར་ས་བོན་ཡིག་འབྲུ་ལྔ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་མཆོད་པས་མཉེས་ནས་ཐམས་ཅད་རིགས་ལྔའི་རྣམ་པར་ཆར་བབ་པ་ལྟར་བྱོན་ནས་བདག་མདུན་བུམ་པའི་ལྷ་ལ་ཐིམ་པར་བསྒོམ།


previousདགོངས་གཏེར་ཀུན་རིག་གི་དབང་སྒྲུབ།next