Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བ་བཅོམ་ལྡན་འདས་ཀུན་རིག་གི་ཟིན་བྲིས་གོ་བདེ་བར་བཀོད་པ།
   


 
previousདགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བ་བཅོམ་ལྡན་འདས་ཀུན་རིག་གི་ཟིན་བྲིས་གོ་བདེ་བར་བཀོད་པ།next

དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བ་བཅོམ་ལྡན་འདས་ཀུན་རིག་གི་ཟིན་བྲིས་གོ་བདེ་བར་བཀོད་པ།


CMR043_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བ་བཅོམ་ལྡན་འདས་ཀུན་རིག་གི་ཟིན་བྲིས་གོ་བདེ་བར་བཀོད་པ་བཞུགས་སོ༔


CMR043_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཛ་ཡ་པཉྩ་བྷུ༔ རང་ཉིད་བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་ཕྱོགས་བཞིར་གཟིགས་པ༔ ཕྱག་གཉིས་བུདྨ་རིགས་ཀྱི་ཕྱག་རྒྱ་མཛད་པ༔ དར་དང་རིན་པོ་ཆེས་བརྒྱན་པ༔ སེང་གེའི་ཁྲི་ལ་བཞུགས་པའོ༔ ཤར་དུ་རྡོར་སེམས་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ གླང་ཆེན་གྱི་ཁྲི་ལ་བཞུགས་པའོ༔ ལྷོར་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་རྟའི་ཁྲི་ལ་བཞུགས་པའོ༔ ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་རྨ་བྱའི་ཁྲི་ལ་བཞུགས་པའོ༔ བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་


CMR043_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཤང་ཤང་གི་ཁྲི་ལ་བཞུགས་པའོ༔ ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་པར་བསྐྱེད་ལ༔ ཨོཾ་ཧཱུྃ་ཏྲཾ་ཧྲིལླཨཱསཱ་ཧཱ༔ ཞེས་བཟླས་སོ༔ དེ་ནས་རྡོ་རྗེ་སྤྱི་བོར་བཞག༔ རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཧཱུྃ་སྭཱ་ཧཱཿ རིན་ཆེན་སྤྱི་བོར་བཞག༔ རིན་ཆེན་འབྱུང་ལྡན་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཧཱུྃ་སྭཱ་ཧཱཿ པདྨ་སྤྱི་བོར་བཞག༔ སྣང་བ་མཐའ་ཡས་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཧཱུྃསྭཱ་ཧཱཿ རྒྱ་གྲམ་སྤྱི་བོར་བཞག༔ དོན་ཡོད་གྲུབ་པ་ཁྱོད་ཀྱིས་ཟུངས༔


CMR043_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཨཱཿསྭཱ་ཧཱཿ དེ་ནས་ཕྱག་མཚན་བཞི་ཀ་བསྡུས་པ་འཁོར་ལོའི་ཚུལ་དུ་བྱས་ལ༔ བཅོམ་ལྡན་ཀུན་རིག་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཨོཾ་སྭཱ་ཧཱཿ ཞེས་སྤྱི་བོར་བཞག༔ དེ་ནས་མཎྜལ་ཕུལ་ལོ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་དགོངས་གཏེར་ལས་བྱུང་བའོ༔ ཨོཾ༔ ཨོཾ་ན་མ་སྶརྦ་བིད་ཡེ༔ དགོངས་གཏེར་འདི་རང་གི་ཉམས་སུ་ལེན་ན་སྔགས་དང་དམིགས་པ་ཁོ་ནས་ཆོག་གོ༔ སྤྲོ་ན་རྩ་རིག་ཀྱང་བཟླས༔ དབང་བསྐུར་ན་མདུན་བསྐྱེད་རྟེན་དབུ་རྒྱན་ནམ་ཚོམ་བུ་ལྔ་བཀོད༔ བུམ་པ་དང་དབང་རྫས་དངོས་སམ་ཙཀ་ལི་འཛོམ་པར་བྱས་ལ༔ སྐྱབས་སེམས་གནམ་ཆོས་ལྟར་རམ། སྤྱི་ལྟར་ད་ནངས་ཚང་ན་འཐུས༔ མངོན་རྟོགས་གཅིག་གིས་བདག་མདུན་བུམ་གསུམ་དུས་གཅིག་ལྷ་སོ་སོར་བསྐྱེད༔ དམ་ཡེ་དབྱེར་མེད་དྲན་རྫོགས་སུ་བསྒོམས་པ་ཡིན༔ ཧ་ཅང་སྤྲོས་པ་ལ་དགའ་ན༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་སོགས་སྤྱན་འདྲེན་བཞུགས་གསོལ༔ རབ་འབྱམས་ཁ་དོག་དབྱིབས་ལེགས་མ༔ མཉམ་མེད༔ མའི་སྤྱི་བསྟོད་བྱས་ཀྱང་རུང་ངོ་༔ སློབ་མ་འདུས་ནས་ཆབ་དང་མེ་ཏོག་བཀྱེས་ལ༔ མཎྜལ་ཕུལ་ནས༔ འོ་ན་ད་ལམ་ཁྱེད་རྣམས་ལ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དབང་བསྡུས་པ་ཞིག་བསྐུར་བ་ལ་ལོ་རྒྱུས་ཟུར་ཙམ་ཞུ་ན༔ ལྷའི་


CMR043_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ༔ རྒྱུད་ཀྱི་གསུངས་ཚུམན་ངག་བྱུང་ཚུཕན་ཡོན་དགོས་ཆེད་དང་བཞི་ལས༔ དང་པོ་རྣམ་སྣང་མངོན་བྱང་ལ་སོགས་པ་ནས་གསུངས་པའི་འོག་མིན་སྟུག་པོ་བཀོད་པ་ནས་ལོངས་སྤྱོད་རྫོགས་སྐུར་ངེས་པ་ལྔ་ལྡན་བཞུགས་པའི་རྣམ་པར་སྣང་མཛད་ཆེན་པོ་ཞེས་སམ༔ ཀུན་རིག་དང་ཐུབ་པ་གངས་ཆེན་མཚོ་ཞེས་ཀྱང་བྱ་བ་དེ་ཡིན་ལ༔ དོན་ལ་འཕགས་པ་སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་པའི་སྐུའི་བཀོད་པ་ཆ་གཅིག་ཡིན་པར་གསུངས་སོ༔ གཉིས་པ་དེའི་རྒྱུད་གསུངས་ཚུལ་ནི༔ བཅོམ་ལྡན་འདས་སྤྲུལ་སྐུ་ཤཱཀྱ་ཐུབ་པ་སུམ་ཅུ་རྩ་གསུམ་ལྷའི་གནས་དགའ་བའི་ཚལ་ན་འཁོར་དཔག་ཏུ་མེད་པ་དང་བཅས་ཏེ་བཞུགས་པའི་ཚེ་ལྷའི་བུ་ནོར་བུ་དྲི་མ་མེད་པ་ཤི་ནས་ངན་སོང་དུ་སྐྱེས་པ་དེ་ཐར་བའི་ཆེད་དུ༔ བརྒྱ་བྱིན་གྱིས་ཞུས་པའི་ངོར་སྦྱོང་རྒྱུད་བརྟག་པ་དང་པོ་གསུངས་པས༔ ལྷའི་བུ་དམྱལ་བ་ནས་ཐར་ཏེ་དགའ་ལྡན་ལྷའི་གནས་སུ་སྐྱེས་ཏེ༔ བཅོམ་ལྡན་འདས་དང་བརྒྱ་བྱིན་ལ་དྲིན་ལན་གྱིས་མཆོད་པ་དང་བསྟོད་པ་ཆེད་དུ་བརྗོད་པར་བྱས་སོ༔ བརྟག་པ་ཕྱི་མ་ནི་ཕྱག་ན་རྡོ་རྗེས་གསུངས་ཤིང་སླར་ཡང་ཕྱག་རྡོར་ཉིད་རྡོར་སེམས་སུ་བཞེངས་


CMR043_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མེ་ལྟར་འབར་བའི་དཀྱིལ་འཁོར་གསུངས་པས༔ ལྷ་རྣམས་ཀྱིས་མཆོད་ཅིང་མཚན་བརྒྱའི་བསྟོད་པས་ཀྱང་བསྟོད་དོ༔ དེ་ནས་རྒྱུད་འདི་ལྷ་ཡུལ་དུ་བཞུགས་པ་སངས་རྒྱས་འདས་རྗེས་རྒྱལ་པོ་ཛའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབས་པ་ནས་རྒྱུད་འདི་བྱུང་སྟེ༔ ཕྱག་ན་རྡོ་རྗེས་རྒྱལ་པོ་ཉིད་ལ་དབང་ལུང་གནང་ནས་རིམ་པར་བརྒྱུད་དེ་པཎྜི་ཏ་ཡོ་ག་ལ་མཁས་པ་མི་གསུམ་གྱི་ནང་ནས་ཚིག་དོན་གཉིས་ཀ་ལ་མཁས་པ་ཀུན་དགའ་སྙིང་པོ་ཞེས་ཀྱང་བྱ༔ བྲམ་ཟེ་ཆེན་པོ་པྲ་ཆེན་ཧསྟི་ཞེས་ཀྱང་བྱ་བ་དེ་ལས་ཨུ་རྒྱན་རིན་པོ་ཆེས་གསན། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་པཎྜི་ཏ་ཤཱནྟི་ཀ་ར་དང་ལོ་ཙཱ་བ་ཛ་ཡ་རཀྵི་ཏས་བསྒྱུར༔ ཁྲི་རལ་གྱི་དུས་ཨ་ཙཱརྱ་རིན་ཆེན་མཆོག་གིས་ཞུ་དག་མཛད༔ དེ་ཕྱིན་གསར་དུ་བསྒྱུར་བ་མེད་པས་སྦྱོང་རྒྱུད་འདི་ནི་རྙིང་མ་ཡིན་ནོ་ཞེས་རཏྣ་གླིང་པས་གསུངས༔ འོན་ཀྱང་སྔ་དར་གྱི་དབང་གི་བརྒྱུད་པ་ནི་མ་བྱུང་བས༔ ལོ་ཆེན་རིན་ཆེན་བཟང་པོས་ཤདྨ་ཀཱ་ར་སོགས་པཎྜི་ཏ་མང་པོ་ལ་ཞུས་ནས་གསར་མ་ལུགས་ཀྱི་ཆོ་ག་དང་༔ དབང་རྒྱུན་རྒྱས་བསྡུས་མང་དུ་རྒྱ་ཆེར་འཕེལ་ལོ༔ འོན་ཀྱང་དེ་དག་ནི་ཧ་ཅང་བརྒྱུད་པ་རིང་གྲགས་པས་བཤད་པའི་


CMR043_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལྟར་གྱུར་པ་ན༔ ཉུང་བསྡུས་བརྒྱུད་པ་ཉེ་བས་བྱིན་རླབས་ཆེ་བ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་བདུན་པ་ལ་དགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ཞེས་བྱ་བའི་གཏེར་ཁ་ནས་བྱོན་པ་སྟེ༔ ལོང་སྐོར་དགུ་པའི་ལེའུ་བརྒྱ་པ་ནས༔ ཆོས་ཀྱི་དབྱིངས་ཀྱི་གབ་གཏེར་འབྱུང་༔ སྐུ་གསུམ་བསྟན་པ་དར་ཞིང་རྒྱས༔ བདེ་གཤེགས་༧རྒྱལ་བའི་དགོངས་གཏེར་འབྱུང་༔ ཆོས་སྒོ་མཐའ་ཡས་བསྟན་པ་རྒྱས༔ རིག་འཛིན་བླ་མའི་ཐུགས་གཏེར་འབྱུང་༔ མན་ངག་རྒྱ་མཚོའི་བསྟན་པ་རྒྱས༔ ཡིད་བཞིན་ནོར་བུའི་གཙུག་གཏེར་འབྱུང་༔ དགོས་འདོད་ཡིད་བཞིན་བསྟན་པ་རྒྱས༔ ཞེས་དང་༔ རིག་པ་རྒྱལ་པོའི་རྒྱུད་ལས་ཀྱང་༔ དུས་གསུམ་རྒྱལ་བའི་ཐུགས་གཏེར་ཡིན༔ རྫ་ཤིང་སྣོད་ལ་ཡང་མ་བརྟེན༔ ཞེས་པའི་དོན་ནོ༔ སྤྱིར་སྦྱོང་རྒྱུད་འདི་རྣལ་འབྱོར་རྒྱུད་ཡིན་ཀྱང་༔ རྡོ་རྗེ་གདན་པའི་རྡོ་རྗེའི་ཕྲེང་བ་དང་༔ མི་ཏྲ་ཛོ་ཀིའི་མི་ཏྲ་བརྒྱ་རྩ་རྣམས་ཀྱང་བྱ་སྤྱོད་རྒྱུད་བླ་མེད་ལྟར་ཉམས་ལེན་རུང་བར་མཛད་པ་དང་༔ བི་མ་ལས་རྣལ་འབྱོར་བླ་མེད་ལྟར་ཉམས་སུ་ལེན་ཚུལ་མཛད་པ་དང་མཐུན་པར་འདི་ཡང་བླ་མེད་ལུགས་ཡིན་ལ༔ བླ་མེད་


CMR043_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལ་སྤྲོས་བཅས་ཆོ་ག་རྒྱས་པ་དང་༔ སྤྲོས་མེད་དྲན་རྫོགས་སུ་བསྒོམ་པ་གཉིས་ལས༔ འདིར་སྤྲོས་མེད་དྲན་རྫོགས་སུ་བསྒོམ་པ་ཡིན་ཏེ༔ སྡོམ་འབྱུང་ལས༔ རྣོན་པོས་སྐད་ཅིག་རྣམ་པ་ཡིན༔ བསམ་གཏན་ཉིད་ཀྱི་དཀྱིལ་འཁོར་ཏེ༔ སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས༔ རྫོགས་པའི་རིམ་པ་བསྒོམ་པར་བྱ༔ ཞེས་དང་༔ གྲུབ་ཆེན་དྲིལ་བུ་པས༔ རྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན༔ ས་བོན་མེད་པར་རྣམ་པར་བསྒོམ༔ ཞེས་གསུངས་པས༔ འདི་ནི་ཟབ་མོ་བསྐྱེད་རིམ་དང་༔ རྟག་པའི་རྫོགས་རིམ་གཉིས་ཀ་ཡིན་སྡོམ་འབྱུང་དཀའ་འགྲེལ་པདྨ་ཅན་ལས༔ སྐྱེ་གནས་རྫུས་ཏེ་སྐྱེ་བ་ཁོ་ན་ལ་ཟབ་མོའི་བསྐྱེད་རིམ་དང་རྟག་པ་རྫོགས་པའི་རིམ་པ་ཞེས་བརྗོད་དོ༔ ཞེས་གསུངས་པ་དང་མཐུན་པའོ༔ དེ་ལ་རྗེ་བཙུན་ཆེན་པོ་ས་སྐྱ་པཎྜི་ཏས༔ བསྐྱེད་རིམ་འབྱངས་པས་དེ་ལྟར་ཡིན་གྱི༔ ལས་དང་པོ་པས་ཡི་དམ་ཀྲོངས་བསྐྱེད་མི་ཐུབ་པས་མི་རུང་ཞེས་དགག་པ་མཛད་ཀྱང་དགོངས་པ་ཅན་ཡིན་གྱི་ངེས་པ་མ་ཡིན་ཏེ༔ མངོན་རྫོགས་ལེའུ་དྲུག་པ་ལས༔ ལས་དང་པོ་པའི་སྒོམ་རིམ་སྟེ༔ སྐད་ཅིག་གཅིག་གིས་སྐུ་རྫོགས་པ༔ ཞེས་དང་༔


CMR043_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་པཀྱིས༔ སྐྱེ་བོ་ཐ་མལ་པ་ལ་སྐད་ཅིག་དྲན་རྫོགས་སུ་སྒོམ་པ་ཟིན་སླ་བས་ཕན་ཆེ་གསུངས་སོ༔ དེ་བཞིན་དུ་རྫོང་ཕྲེང་གི་འཇམ་རྡོར་སྐབས་སུ༔ འདིར་རྫོགས་པའི་རྣལ་འབྱོར་ལ་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་དང་༔ ཡེ་ཤེས་སེམས་དཔའ་དགུག་གཞུག་སོགས་ནི་མ་བཤད་དོ༔ ཞེས་གསུངས་པ་དང་༔ ཨུ་རྒྱན་ཆེན་པོས༔ དྲན་པ་ཙམ་གྱིས་རྫོགས་པ་ཉིད༔ ལྟ་བ་གྱད་ཀྱི་ལྷ་ཞེས་བྱ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་འདི༔ སྲུང་བ་ཀུན་གྱི་མཆོག་ཡིན་ནོ༔ ཞེས་པ་ལྟ་བུའོ༔ དེ་ལྟར་རྒྱུད་གཞུང་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང་རྩོད་པ་དང་བྲལ་བ༔ མན་ངག་བརྒྱུད་པ་ཉེ་ཞིང་གནད་ཟབ་པའི་ཀུན་རིག་གི་དབང་འདིའི་ཕན་ཡོན་ནི༔ ངན་སོང་སྦྱོང་བའི་རྒྱུད་ཀྱི་རྒྱལ་པོ་ཉིད་ལས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ལྷའི་དབང་པོ་ཉོན་ཅིག༔ སེམས་ཅན་དམྱལ་བ་ལ་སོགས་པའི་དབང་དུ་གྱུར་པའི་སེམས་ཅན་སྡིག་པ་བྱེད་པ༔ སྡིག་པ་ཆེན་པོ་བྱས་པ༔ དེ་དག་ཅི་ནས་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཐར་སླ་བས༔ གྲོལ་བར་འགྱུར་བ་ཉོན་ཅིག༔ དེ་ནི་དཀྱིལ་འཁོར་བྲིས་ནས་ནི༔ དེ་ལྟར་ཡང་ནི་བུམ་


CMR043_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ༔ བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི༔ དབང་བསྐུར་བ་ནི་རབ་ཏུ་བཏགས༔ དེ་ནས་སྡིག་པ་ཀུན་བྱང་སྟེ༔ དམྱལ་བ་ལ་སོགས་སྡུག་བསྔལ་ལས༔ དེ་ནི་མྱུར་དུ་རྣམ་པར་ཐར༔ སྡིག་ལས་བདག་ཉིད་རྣམ་གྲོལ་ཏེ༔ དག་པར་འགྱུར་བའི་ལྷ་རྣམས་ཀྱི༔ རིགས་སུ་སྐྱེ་བར་གྱུར་ནས་ཀྱང་༔ དེ་ནི་རྟག་ཏུ་སངས་རྒྱས་དང་། ཆོས་འགྲོ་བ་ནི་ཐོབ་པར་འགྱུར༔ ཕྱིར་མི་ལྡོག་པའི་ས་ལ་གནས༔ རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར༔ ཞེས་གསུངས་ཤིང་༔ འདི་ཐོབ་པ་ནི་བསོད་ནམས་ཤིན་ཏུ་ཆེ་བ་ཡིན་ཏེ༔ བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའི་རྒྱུད་དེ་ལས༔ དགེ་བ་བཅུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་ཐོས་པར་འགྱུར་གྱི༔ སེམས་ཅན་མ་རབས་རྣམས་ཀྱི་མ་ཡིན་ནོ༔ ཕ་རོལ་ཏུ་ཕྱིན་པ་བཅུ་ལ་མོས་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་ཉེ་བར་འགྲོ་བར་འགྱུར་གྱི༔ སེམས་ཅན་ཕལ་པ་རྣམས་ཀྱི་མ་ཡིན་ནོ༔ སེམས་ཅན་བསམ་པ་ངེས་པ་རྣམས་དང་ཕྱིར་མི་ལྡོག་པའི་ཡོན་ཏན་མང་པོ་ལ་མངོན་པར་དད་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་གྲག་པར་འགྱུར་ཏེ༔ མདོར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་སེམས་ཅན་


CMR043_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྣ་ལམ་དུ་གྲག་པར་འགྱུར་རོ༔ ཞེས་གསུངས་སོ༔ དེ་ལྟ་བུའི་དབང་ཞུ་བའི་ཕྱིར་སློབ་མ་ཁྱོད་རྣམས་ཀྱིས་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་བཅོམ་ལྡན་ཀུན་རིག་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ ལན་གསུམ་ཞུ༔ དེ་ཡང་སྦྱོང་རྒྱུད་ལས༔ འགྲོ་ལ་ཕན་ཕྱིར་མྱུར་དུ་བྱང་ཆུབ་བར༔ དེ་དག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཞུགས༔ ཞེས་གསུངས་པས༔ སློབ་དཔོན་བཅོམ་ལྡན་འདས་ཀུན་རིག་དངོས་ཡིན་བསམ་པའི་མོས་གུས་དང་༔ མདུན་དུ་དབང་རྫས་རྣམས་འདི་ལྟར་གསལ་ཐོབ་ཅིག༔ དཀྱིལ་འཁོར་བསྡུས་པ་ཚོམ་བུའི་དཀྱིལ་འཁོར་འདི་ཉིད་བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་ཕྱོགས་བཞིར་གཟིགས་པ༔ ཕྱག་གཉིས་བུདྨ་རིགས་ཀྱི་ཕྱག་རྒྱ་མཛད་པ༔ དར་དང་རིན་པོ་ཆེས་བརྒྱན་པ༔ སེང་གེའི་ཁྲི་ལ་བཞུགས་པའོ༔ ཤར་དུ་རྡོར་སེམས་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པ་གླང་ཆེན་གྱི་ཁྲི་ལ་བཞུགས་པའོ༔ ལྷོར་རིན་འབྱུང་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་རྟའི་ཁྲི་ལ་བཞུགས་པའོ༔ ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་


CMR043_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་རྨ་བྱའི་ཁྲི་ལ་བཞུགས་པའོ༔ བྱང་དུ་དོན་གྲུབ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་ཤང་ཤང་གི་ཁྲི་ལ་བཞུགས་པའོ༔ ཐམས་ཅད་ཀྱང་དར་དང་རིན་པོ་ཆེས་བརྒྱན་པ༔ ལྟའཁོར་ཡུམ་བཞི༔ སེམས་དཔའ་དང་སེམས་མ་ཉན་རང་ཁྲོ་བོ་འཇིག་རྟེན་སྐྱོང་བ་དང་བཅས་པ་སྤྲིན་གཏིབ་པ་ལྟར་བཞུགས་པའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ ཞེས་སོགས༔ སངས་རྒྱས་འགྲུབ་པར་ཤོག༔ ཞེས་པའི་བར་ལན་གསུམ༔ སྦྱོང་རྒྱུད་ཉིད་ལས༔ དེ་ནས་སྔགས་པས་བླ་མེད་བྱང་ཆུབ་ཀྱི༔ གནས་སུ་སློབ་མ་ཡོངས་སུ་སྨིན་པར་བྱ༔ ཞེས་གསུངས་པའི་དོན༔ སྨིན་བྱེད་ཀྱི་དབང་དངོས་ལ་ཡང་༔ མོས་པ་བརྟན་དང་ལྡན་པར་བཅས་ནས་ནི༔ སརྦ་བིད་ཀྱིས་ཇི་སྙེད་དབང་བསྐུར་ཏེ༔ ཞེས་གསུངས་པའི་དོན་སྔགས་ཀྱི་དབང་ནི་མདུན་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཡིག་འབྲུ་གསེར་བཙོ་མའི་ཁ་དོག་ཅན་དཔག་ཏུ་མེད་པ་བྱོན་ནས༔ ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་ཡིག་འབྲུས་གང་བས་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་


CMR043_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་སྒོམས་ཤིག༔ རྒྱས་པར་སྤྲོ་ན་རྡོ་རྗེ་སྤྱི་བོར་བཞག་ལ་རྩ་རིག་ཚར་གཅིག་བརྗོད༔ དེ་ནས་རྡོ་རྗེ་སྤྱི་བོར་དབུས་དང་ཕྱོགས་བཞིར་རེག་ཅིང་དབྱངས་དང་བཅས་པས༔ ཨོཾ་སྭཱ་ཧཱཿ ཧཱུྃ་སྭཱ་ཧཱཿ ཏྲཱྃ་སཱ་ཧཱུ༔ ཧྲཱིཿསྭཱ་ཧཱཿ ཨཱཿསྭཱ་ཧཱཿ རྒྱུད་ལས༔ བུམ་པ་ལ་སོགས་ཇི་སྙེད་མང་ཐོགས་ཏེ༔ བཅུ་པོ་རྣམས་ཀྱི་དབང་ནི་ཅི་དགར་བསྐུར༔ ཅེས་གསུངས་པས༔ ཅི་དགར་གསུངས་པའི་དོན་གཅིག་ཏུ་དབང་བཅུའི་ངེས་པ་མེད་པའི་ཕྱིར༔ འདིར་དབང་བཅུ་བསྡུས་པ་རིགས་ལྔའི་ཕྱག་མཚན་བརྡ་དབང་ཁོ་ན་ལས་མ་བྱུང་ཡང་༔ དེ་ལ་ཕྱག་ལེན་གྱིས་བརྒྱན་ཏེ་བུམ་དབང་རྐྱང་པའམ༔ འཁོར་བཅས་ཅོད་པན་ཕྲེང་བ་མཐའ་རྟེན་རྒྱལ་སྲིད་སྦྱར་ཡང་ལེགས་པའི་ཕྱིར༔ བུམ་པ་འདིའི་ནང་ན་བཅོམ་ལྡན་འདས་ཀུན་རིག་ལྷ་ཚོགས་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས༔ སྤྱི་བོ་ཚངས་བུག་ནས་ཞུགས་ཏེ་སྡིག་སྒྲིབ་ཐམས་ཅད་ཆུ་སྣས་སྒྱུར་མ་ཁྱེར་བ་ལྟར་ནག་ཉི་ལི་ལི་བ་སྤུ་དང་འོག་སྒོ་རྐང་མཐིལ་ཀླུནས་ཕྱིར་ཐོན༔ ལུས་ཡེ་ཤེས་ཀྱི་བདུད་རྩིས་ལྟེམ་གྱིས་གང་བར་སྒོམས་ཤིག༔ ཧཱུྃ༔ བུམ་པ་འདི་ནི་རིན་ཆེན་ཁང་༔ ཀུན་རིག་འཁོར་བཅས་བཞུགས་པ་ཡི༔ དབང་བཞི་


CMR043_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿསྭཱ་ཧཱཿ ཀ་ལ་ཤ་ཨ་བྷི་ཥིཉྩ་མཾ༔ དེ་ནས་རྒྱས་པར་སྤྲོ་ན༔་དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ་རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཧྭ་ཧྭ་ཙམ་པ་ཀའམ་མེ་ཏོག་ཕྲེང་བ་བྲིས་པ༔ རིན་ཆེན་མཛེས་པའི་མེ་ཏོག་ཕྲེང་བ་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བསམ་པ་མྱང་འདས་སྦྱོར་བ་ཁམས་གསུམ་གནས༔ མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག༔ ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿསྭཱ་ཧཱཿ དར་རམ་བྲིས་པ༔ མཛེས་ཤིང་ཡིད་འོང་དར་གྱི་ཅོད་པན་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང་༔ འགྲོ་བའི་དོན་ལ་མཐུ་དབང་ཐོབ་པར་ཤོག༔ ཨོཾ་བཛྲ་པཊྚ་ཨ་ཝ་ལཾ་བྷ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནི་ཡོ་ག་རྒྱལ་པོ་དང་ཆོས་བསྟུན་ནས་རྒྱལ་བུ་རྒྱལ་སར་དབང་བསྐུར་བ་ལྟར༔ བུམ་ཆུས་བཀྲུ་ཞིང་དབུ་རྒྱན་དང་ཅོད་པན་གསོལ་བའོ༔ དེ་ནས་དངོས་གཞི་དོན་གྱི་དབང་ནི་རྡོ་རྗེ་འདི་སྤྱི་བོར་བཞག་པ་


CMR043_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་མངོན་པར་དགའ་བ་ལ་སོགས་པ་ཤར་ཕྱོགས་ཀྱི་ཞིང་ཁམས་ཐམས་ཅད་ནས་རྡོ་རྗེ་སེམས་དཔའ་དང་སྤྱོད་པའི་རྒྱལ་པོ་ལ་སོགས་པ་ཐུགས་རྡོ་རྗེ་རིགས་ཀྱི་དེ་བཞིན་གཤེགས་པ་དང་གཤེགས་མ་སེམས་དཔའ་དང་སེམས་མ༔ ཁྲོ་བོའི་ཚོགས་ཐམས་ཅད་ཆར་ལྟར་བབས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག༔ དབྱངས་དང་བཅས་པས་རྡོ་རྗེ་ཐོགས་ལ༔ རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཧཱུྃ་སྭཱ་ཧཱཿ འོ་དེ་ལྟར་རྡོ་རྗེས་དབང་བསྐུར་བས་ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་པའི་དོན་འགྲུབ་པ་ཡིན་ནོ༔ ད་རིན་པོ་ཆེ་འདི་སྤྱི་བོར་བཞག་པ་ཙམ་གྱིས་དཔལ་དང་ལྡན་པ་ལ་སོགས་པ་ལྷོ་ཕྱོགས་ཀྱི་ཞིང་ཁམས་ཐམས་ཅད་ནས་འཁོར་ལོས་སྒྱུར་བ་རིན་ཆེན་འབྱུང་ལྡན་དང་རྒྱལ་མཆོག་རིན་ཆེན་ལ་སོགས་པའི་ཡོན་ཏན་རིགས་ཀྱི་ལྷ་ཚོགས་དེ་བཞིན་གཤེགས་པ་དང་གཤེགས་མ༔ སེམས་དཔའ་དང་སེམས་མ༔ ཁྲོ་བོའི་ཚོགས་ཆར་ལྟར་དུ་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག༔ རིན་ཆེན་འབྱུང་ལྡན་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཧཱུྃ་སྭཱ་


CMR043_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ༔ འོ་དེ་ལྟར་རིན་པོ་ཆེས་དབང་བསྐུར་བས་བསོད་ནམས་དང་ཡེ་ཤེས་འཕེལ་ཞིང་རྒྱས་ནས་འཁོར་ལོས་སྒྱུར་བའི་འདོད་པའི་དོན་རྣམས་འགྲུབ་པའོ༔ ད་པདྨ་འདི་སྤྱི་བོར་བཞག་པ་ཙམ་གྱིས་ནུབ་ཕྱོགས་བདེ་བ་ཅན་སོགས༔ ནུབ་ཕྱོགས་ཀྱི་ཞིང་ཁམས་ཐམས་ཅད་ནས་སྣང་བ་མཐའ་ཡས་ཚེ་དཔག་ཏུ་མེད་པ་དང་༔ ཤཱཀྱ་རིགས་དབང་ལ་སོགས་པ་པདྨ་རིགས་ཀྱི་དེ་བཞིན་གཤེགས་པ་དང་གཤེགས་མ་སེམས་དཔའ་དང་སེམས་མ་ཁྲོ་བོའི་ཚོགས་ཆར་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག༔ སྣང་བ་མཐའ་ཡས་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཧཱུྃ་སྭཱ་ཧཱཿ དེས་འཁོར་བའི་སྐྱོན་གྱིས་མ་གོས་ཤིང་དག་པའི་ཞིང་ཁམས་བགྲོད་པའི་དོན་རྣམས་འགྲུབ་པ་ཡིན་ནོ༔ དེ་ནས་རྒྱ་གྲམ་སྤྱི་བོར་བཞག་པའི་ཚེ་ལས་རབ་རྫོགས་པའི་སངས་རྒྱས་ཀྱི་ཞིང་བྱང་ཕྱོགས་རྣམས་ནས་དོན་ཡོད་གྲུབ་པ་དང་མེ་ཏོག་ཆེར་རྒྱས་ལ་སོགས་པ་ཕྲིན་ལས་རིགས་ཀྱི་དེ་བཞིན་གཤེགས་པ་དང་གཤེགས་མ་སེམས་དཔའ་དང་སེམས་མ་ཁྲོ་བོའི་ཚོགས་ཆར་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག༔ དོན་ཡོད་གྲུབ་པ་ཁྱོད་ཀྱིས་ཟུངས༔ འདོད་


CMR043_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་རྣམས་འགྲུབ་པར་འགྱུར༔ ཨཱཿསྭཱ་ཧཱཿ དེས་ཕྲིན་ལས་བཞི་ལ་མངའ་བརྙེས་ནས་རང་གཞན་གྱི་དོན་བསྒྲུབ་པ་ལ་ཐོགས་པ་མེད་པའི་དོན་འགྲུབ་པའོ༔ ད་ཕྱག་མཚན་བཞི་ཀ་གཅིག་ཏུ་བསྡུས་པ་དང་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱུ་ཕྱག་རྟགས་འཁོར་ལོའི་ཚུལ་དུ་བྱས་པ་འདི་སྤྱི་བོར་བཞག་པ་ཙམ་གྱིས་འོག་མིན་སྟུག་པོ་བཀོད་པ་ལ་སོགས་པ་དབུས་ཕྱོགས་ཀྱི་ཞིང་ཁམས་ཐམས་ཅད་ནས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ལ་སོགས་པ་བུད་རིགས་ཀྱི་དེ་བཞིན་གཤེགས་པ་དང་གཤེགས་མ་སེམས་དཔའ་དང་སེམས་ཁྲོ་བོའི་ཚོགས་ཆར་ལྟར་བབས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག༔ བཅོམ་ལྡན་ཀུན་རིག་ཁྱོད་ཀྱིས་ཟུངས༔ འདོད་པའི་དོན་རྣམས་འགྲུབ་པར་འགྱུར༔ ཨོཾ་སྭཱ་ཧཱཿ དེས་རྒྱུ་དང་འབྲས་བུའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་འདོད་དོན་འགྲུབ་པ་ཡིན་ནོ༔ འོ་དེ་ལྟར་དབང་བསྐུར་བས་སྡིག་སྒྲིབ་དག་ནས་ཐ་མལ་པའི་ལུས་མ་ཡིན་པར་སློབ་བུ་ཁྱེད་རང་བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་ཕྱོགས་བཞིར་གཟིགས་པ༔ ཕྱག་གཉིས་བུདྡྷ་རིགས་ཀྱི་ཕྱག་རྒྱ་མཛད་


CMR043_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ དར་དང་རིན་པོ་ཆེས་བརྒྱན་པ༔ སེང་གེའི་ཁྲི་ལ་བཞུགས་པའི་སྐུར་ལམ་གྱིས་གྱུར་པར་སྒོམས་ཤིག༔ དེ་ནས་སྔགས་ཀྱི་བཟླས་ལུང་གི་དོན་དུ་མེ་ཏོག་གི་ཕྲེང་བ་ཞིག་ཕུལ་བའི་མོས་པས་རྗེས་ཟློས་མཛོད༔ བཅོམ་ལྡན་ཀུན་རིག་བཟུང་ལགས་ཀྱིས༔ བདག་ལ་འགོ་བར་མཛད་དུ་གསོལ༔ དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་༔ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱོན་ཏེ་ཞལ་ནས་ཐོན་ཞིང་ཁྱེད་རང་གི་ཞལ་དུ་ཞུགས་ནས་ཐུགས་ཀར་ཧཱུྃ་དཀར་པོའི་མཐར་ཟླ་བའི་གདན་ལ་གཡས་སུ་འཁོར་བར་བསྒོམས་ལ་རྗེས་ཟློས་དང་ཕྲེང་བ་བགྲང་༔ ཨོཾ་ཧཱུྃ་ཏུཾ་ཨཱསཱ་ཧཱ༔ རྒྱས་པར་སྤྲོ་ན་རྩ་རིག་ཚར་གཅིག་བརྗོད༔ དེ་ནས་སྔགས་ཕྲེང་མེ་ཏོག་གི་ཕྲེང་བར་གྱུར་ནས་སྤྱི་བོར་བཅིང་བར་སྒོམས་ཤིག༔ ཙམ་པ་ཀའམ་ནས་སམ་ཕྲེང་བ་བཞག་ལ༔ བཅོམ་ལྡན་ཀུན་རིག་འདི་ལ་བསྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ སྤྲོ་ན་ཚིག་རྗེས་མ་གསུམ་ཡང་བརྗོད༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ ཞེས་མེ་ཏོག་གཏོར་བས་བརྟན་ཅིང་རབ་ཏུ་གནས་པར་བྱས༔ དེ་ནས་བསྡུ་ན་རྒྱལ་སྲིད་ཙཀ་ལི་གཅིག་ལ་བྲིས་པ་ཐོགས་ལ༔ ད་དབང་གི་མཐའ་རྟེན་ནི་ཡོ་ག་རྒྱལ་པོ་དང་ཆོས་ལུགས་བསྟན་ཏེ་རྒྱལ་སྲིད་སྣ་


CMR043_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་དབང་བསྐུར་བས་འཕགས་པའི་ནོར་བདུན་དང་ལྡན་ནས༔ སྐྱེ་བ་ཀུན་ཏུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་དང་༔ མཐར་ཐུག་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་པར་འགྱུར་བའི་རྟེན་འབྲེལ་དུ་གྱུར་པར་སྒོམས་ཤིག༔ འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ལ༔ མི་ཡི་དབང་ཕྱུག་འཁོར་ལོ་ཐོབ་པ་དང་༔ སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ༔ ཨོཾ་དྲ་བྱ་རཏྟ་ཨ་བྷི་ཥིཉྩམཱ༔ རྒྱས་པར་སྤྲོ་ན་གསར་མ་ལྟར་རྒྱལ་སྲིད་སོ་སོར་ཚིགས་བཅད་དང་སྔགས་ཀྱིས་དབང་བསྐུར་ཏེ༔ ཚིག་ལྷུག་པ་ནི་མི་སྦྱར་ཨ་རོ༔ དེ་ལྟར་བཅོམ་ལྡན་འདས་ཀུན་རིག་གི་བརྡ་དབང་ཟབ་མོ་ཐོབ་པ་ཡིན་པས༔ དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་བསྲུང་ཞིང་སྐྱོབ་པ་སོགས་ཚེ་འདིའི་ཕན་ཡོན་དང་ངན་སོང་དུ་ནམ་ཡང་མི་ལྟུང་ཞིང་བྱང་ཆུབ་ཐོབ་པ་སོགས་ཕན་ཡོན་མཐའ་ཡས་ཏེ༔ ཚེ་འདིའི་བདེ་བ་མ་ལུས་དང་༔ འཇིག་རྟེན་ཕྱི་མའི་བདེ་མཆོག་དང་༔ སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན༔ ལྷ་མིའི་བདེ་བ་སྨོས་ཅི་དགོས༔ ཞེས་པས་ད་ལྟ་ཡང་ལྷ་དང་བླ་མ་མི་སྤང་ཞིང་རིམ་གྱིས་རྟོགས་པ་ན་འཕོས་པ་ན་གསང་སྔགས་ཀྱི་


CMR043_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་སོགས༔ མཎྜལ་ཕུལ༔ དེ་ལྟར་དབང་རྒྱས་པ་གཅིག་ཚར་རྗེས་བརྒྱ་རྩ་སོགས་བྱེད་ན༔ གསོལ་འདེབས༔ དུས་གསུམ་སངས་རྒྱས༔ སོགས་ཚིག་གསུམ་དང་༔ རྩ་ཚིག་གི་ཚིག་གཉིས་རེ་དང་སྔགས་འབྲུ་གསུམ་ཁོ་ནས་ཕྱག་མཚན་ལྔ་རྫོགས་པ་ལ་དབང་རེ་བརྩི་ཞིང་ཡང་མཇུག་ཏུ་རྒྱས་པ་གཅིག་བསྐུར་རོ༔ རྗེས་ཆོག་སེམས་ངོ་བསྐྱངས་པས་འཐུས་ཀྱི༔ བསྡུ་ཆོག་གཤེགས་གསོལ་མི་དགོས་ཏེ་མི་དམིགས་པའོ༔ ཞེས་པ་སྤྱིལ་བུ་དགོན་གྱི་བླ་མ་གཉིས་ཀྱིས་བསྐུལ་ཕྱིར་རཱ་ག་ཨ་སྱས་སྦྱར་བ་ལ་ཉེས་འགལ་མཆིས་ན་རྩ་བ་གསུམ་ལ་བཤགས་ཤིང་དགེ་བས་སེམས་ཅན་ལ་ཕན་པ་རྒྱ་མཚོ་ལྟ་བུར་གྱུར་ཅིག༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousདགོངས་གཏེར་ཐུགས་ཀྱི་ཀློང་རྡོལ་ལས་བྱུང་བ་བཅོམ་ལྡན་འདས་ཀུན་རིག་གི་ཟིན་བྲིས་གོ་བདེ་བར་བཀོད་པ།next