Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཐུགས་རྗེའི་བསིལ་བའི་ཆུ་རྒྱུན་མེའི་འཇིགས་པ་དང་ཚད་ནད་ཞི་བར་བྱེད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཐུགས་རྗེའི་བསིལ་བའི་ཆུ་རྒྱུན་མེའི་འཇིགས་པ་དང་ཚད་ནད་ཞི་བར་བྱེད་པ།next

ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཐུགས་རྗེའི་བསིལ་བའི་ཆུ་རྒྱུན་མེའི་འཇིགས་པ་དང་ཚད་ནད་ཞི་བར་བྱེད་པ།


CMR044_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཐུགས་རྗེའི་བསིལ་བའི་ཆུ་རྒྱུན་མེའི་འཇིགས་པ་དང་ཚད་ནད་ཞི་བར་བྱེད་པ་བཞུགས་སོ།།


CMR044_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ༔ ཚད་པའི་ནད་རྣམས་ཞི་བའི་ཕྱིར༔ དུང་ཆོས་ཆུ་ཡིས་བཀང་བ་དང་༔ བུམ་པ་གཏོར་མ་ཆུ་ཤེལ་བཤམ༔ མ་འཛོམས་ན་ཡང་ཙཀ་ལིས་ཆོག༔ མངོན་རྟོགས་ཚར་གཅིག་བརྗོད་པ་ཡིས༔ བདག་མདུན་བུམ་པ་གཏོར་མ་དང་༔ ཆུ་ཤེལ་དུང་ཆོས་ཆུར་བཅས་པ༔ སོ་སོར་ལྷ་ཡི་སྐུར་བསྐྱེད་དེ༔ སྐྱབས་སེམས་ད་ནངས་སོང་བས་འཐུས༔ བདག་ཉིད་དང་མདུན་བསྐྱེད་བུམ་པའི་ནང་དང་ཆུ་ཤེལ་དང་དུང་ཆོས་ཀྱི་ནང་རྣམས་སུ་དམ་ཡེ་དབྱེར་མེད་དྲན་རྫོགས་སུ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཆུ་ཤེལ་གྱི་མདོག་ལྟ་བུ་ག་པུར་གྱི་རང་བཞིན་ཅན༔ དར་སྔོན་པོའི་སྟོད་གཡོགས་དང་སྨད་གཡོགས་ཅན༔ རིན་པོ་ཆེས་


CMR044_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་བརྒྱན་པ༔ ཕྱག་གཡས་གཡོན་སྐྱབས་སྦྱིན་དང་པདྨ་འཛིན་པ༔ རྒྱ་མཚོ་དང་པད་ཟླའི་གདན་ལ་བཞུགས་པ༔ ངང་པ་དང་ངུར་པ་ལ་སོགས་ཆུ་བྱ་དང་ཆུ་གནས་སྣ་ཚོགས་ཀྱིས་མཐའ་བསྐོར་བའོ༔ དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱི་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་པོ་ཊ་ལ་ནས་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ནས་སོ་སོ་ལ་ཐིམ་པར་གྱུར༔ ཨཧཱུྃ༴ སོགས། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་


CMR044_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ལ་ཕྱག་འཚལ་བསྟོད། །ཨོཾ་ཤཾ་ལོ་ཤཾ་ལོ་མ་ཧཱ་ཀ་རུ་ཎ་སྭཱ་ཧཱ་ཞེས་མང་དུ་བཟླས༔ འོ་ན་ད་ལམ་ཁྱེད་རང་རྣམས་ལ་ཐུགས་རྗེ་ཆེན་པོའི་དབང་བསྐུར་བ་ཡིན་ཏེ༔ དེ་ཡང་པདྨ་དཀར་པོའི་མདོ་སྡེ་ལས༔ རིགས་ཀྱི་བུ་སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་འཛིན་པ་དེ་དག་གལ་ཏེ་མེའི་ཕུང་པོ་ཆེན་པོར་ལྟུང་ན་ཡང་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་གཟི་བརྗིད་ཀྱིས་མེའི་ཕུང་པོ་ཆེན་པོ་དེ་ལས་རབ་ཏུ་ཐར་བར་འགྱུར་རོ༔ ཞེས་དང་༔ ཐུགས་རྗེ་ཆེན་པོའི་གཟུངས་ལས༔ ཀླུ་གདོན་གཏུམ་པོས་གདུག་པའི་དབུགས་བཏང་བས༔ ཚ་བའི་ནད་ཀྱིས་ཉེན་ནས་འཆི་ཉེ་ཚེ༔ རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན༔ རིམས་ནད་བསལ་ནས་ཚེ་ནི་རིང་བར་འགྱུར༔ ཀླུ་གདོན་རྒྱུ་བས་གཙེས་ཏེ་སྐྱངས་པ་དང་༔ ཤུ་འབྲས་མི་བཟད་རྣག་ཁྲག་འཛག་པའི་ཚེ༔ རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ནས༔ མཆིལ་མ་ལན་གསུམ་བྱུགས་པས་སྐངས་པ་ཞི༔ ཞེས་གསུངས་པས། ནད་དང་གནོད་པ་འཇིགས་པ་


CMR044_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྲུང་ཞིང་སྐྱོབ་པས༔ འདིའི་སྐུ་འདྲ་རབ་གནས་བྱས་པ་ཡོད་ན་མེའི་འཇིགས་པ་ལས་སྐྱོབ༔ འདིའི་བསྙེན་པ་བྱས་པའམ་དབང་མང་དུ་ཐོབ་ན་ཚད་པའི་ཚད་རོ་ཡོད་པ་མི་ལྡང་བའི་ཐབས་ལ་དེ་བས་ཟབ་པ་མེད༔ དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཕྱིར་མཎྜལ་ཕུལ༔ སློབ་མ་ཁྱོད་ཀྱིས་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་ཐུགས་རྗེ་ཆེན་པོ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ བདག་ལ་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ།རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་


CMR044_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་ཤོག༔ ད་སློབ་མ་ལྷར་བསྐྱེད་པའི་དོན་དུ་འདི་ལྟར་བསྒོམ་མཛོད༔ ཨོཾ་པྲ་བྷ་ཝ་སོགས། སློབ་མ་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཆུ་ཤེལ་གྱི་མདོག་ལྟ་བུ་ག་པུར་གྱི་རང་བཞིན་ཅན་དར་སྔོན་པོའི་སྟོད་གཡོགས་སྨད་གཡོགས་ཅན༔ རིན་པོ་ཆེས་བརྒྱན་པ༔ ཕྱག་གཡས་གཡོན་སྐྱབས་སྦྱིན་དང་པདྨ་འཛིན་པ༔ རྒྱ་མཚོ་དང་པད་ཟླའི་གདན་ལ་བཞུགས་པ༔ ངང་པ་དང་ངུར་པ་ལ་སོགས་པ་ཆུ་བྱ་དང་ཆུ་གནས་སྣ་ཚོགས་ཀྱིས་མཐའ་བསྐོར་བ༔ དེའི་དཔྲལ་བར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ དེ་ལས་འོད་ཟེར་འཕྲོས་པས་པོ་ཊ་ལ་ནས་ཐུགས་རྗེ་ཆེན་པོ་དཔག་ཏུ་མེད་པ་སྤྱན་དྲངས་སློབ་མ་ལ་ཐིམ་པར་གྱུར༔ ཧཱུྃ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་ཤཾ་ལོ་ཤཾ་ལོ་མ་ཧཱ་ཀཱ་རུ་ཎ་སཱ་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ རྡོ་རྗེ་མགོར་བཞག་ལ༔ ཏིཥྛ་བཛ྄༔ བུམ་པ་ཆུས་བཀང་བ་སྤྱི་བོར་བཞག་ལ༔ ད་བུམ་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་པ༔ མགྲིན་པ་རིང་


CMR044_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ མཆུ་འཕྱང་བ༔ ལྷ་རྫས་གོས་ཀྱིས་མགྲིན་པ་དཀྲིས་པ༔ དཔག་བསམ་ཤིང་གིས་ཁ་བརྒྱན་པ༔ ནང་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས་པའི་སྐུ་ལས་བདུད་རྩི་ག་བུར་གྱི་རང་བཞིན་གྱིས་རྒྱུན་བབས༔ སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས༔ ལུས་ཀྱི་གནས་བཞི་གང་༔ སྒྲིབ་པ་བཞི་དང་ཚད་པའི་ནད་ཐམས་ཅད་བྱང་ཞིང་དག༔ ནད་མེད་བདེ་བའི་དངོས་གྲུབ་ཐོབ་པར་བསྒོམས༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ཐུགས་རྗེ་ཆེན་པོ་འཁོར་བཅས་བཞུགས་པ་ཡི༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཤཾ་ལོ་ཤཾ་ལོ་མ་ཧཱ་ཀཱ་རུ་ཎ་སྭཱ་ཧཱ༔ ཨོཾ་པཱ་ཎི་མཱ་ཧཱ་ཀཱ་རུ་ཎ་ཀཱ་ཡ་སིདྡྷི་ཨོཾ༔ མེ་ཏོག་འཐོར་ཞིང་༔ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་ཀུན་གྱི་གཏེར་གྱུར་པའི༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི༔ ཐུགས་རྗེ་ཆེན་པོའི་སྐུ་ཡི་བཀྲ་ཤིས་ཤོག༔ འོ་དེས་ལུས་ཀྱི་སྒྲིབ་པ་དག༔ ལུས་ལ་གནོད་པའི་ཚད་པའི་ནད་ཐམས་ཅད་ཞི༔ སྐུའི་དབང་ཐོབ༔ འབྲས་བུ་སྤྲུལ་སྐུའི་ས་བོན་ཐེབས་པའོ༔ དུང་ཆོས་ཆུས་བཀང་


CMR044_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བ་མགྲིན་པར་བཞག་ལ༔ ད་དུང་དཀར་པོ་གཡས་སུ་འཁྱིལ་བ་ནང་གི་རྩ་རྗེས་ལ་བཀྲ་ཤིས་པའི་རྟགས་བརྒྱད་དོད་པ༔ དེའི་ནང་ན་འཕགས་པ་སྤྱན་རས་གཟིགས་བཞུགས་པའི་སྐུ་ལས་བདུད་རྩི་ག་བུར་གྱི་རྒྱུན་བབས༔ ཁྱེད་རང་གི་མགྲིན་པ་ནས་ཞུགས༔ ལུས་ཐམས་ཅདེ་གང་༔ ཚད་པའི་ནད་དང་ངག་གི་སྡིག་སྒྲིབ་དག་པར་བསྒོམ༔ ཧཱུྃ༔ དུང་ཆོས་འདི་ནི་རིན་ཆེན་གཞལ་ཡས་ཁང་༔ ཐུགས་རྗེ་ཆེན་པོ་འཁོར་བཅས་བཞུགས་པ་ཡི༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཤྲཱི་ལོ་ཤཾ་ལོ་མ་ཧཱ་ཀཱ་རུ་ཎ་སྭཱ་ཧཱ༔ ཨོཾ་སུ་ལཾ་སུ་ལཾ་མ་ཧཱ་ཀ་རུ་ཎ་ཝཱཀ་སིདྡྷི་ཨཱཿ མེ་ཏོག་འཐོར་ཞིང་༔ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་ཀུན་གྱི་གཏེར་གྱུར་པའི་སྤྱན་རས་གཟིགས་ཞེས་མཚན་གསོལ་བའི༔ ཐུགས་རྗེ་ཆེན་པོའི་གསུང་གི་བཀྲ་ཤིས་ཤོག༔ འོ་དེས་ངག་གི་སྒྲིབ་པ་དག༔ མགྲིན་པ་ལ་གནོད་པའི་ཚད་པ་དང་འགགས་པའི་ནད་ཐམས་ཅད་ཞི༔ གསུང་གི་དབང་ཐོབ་ངག་ལོངས་སྐུར་འགྲུབ་པའི་སྐལ་བ་དང་ལྡན་པའོ༔ ཆུ་ཤེལ་སྙིང་གར་བཞག་ལ༔ ཆུ་ཤེལ་འདི་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀ་


CMR044_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རིན་པོ་ཆེ་ཆུ་ཤེལ་ཟུར་བརྒྱད་པ་དཔག་ཏུ་མེད་པ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ ཆུ་ཤེལ་འདི་ནི་ཐུགས་རྗེ་ཆེན་པོ་ཡིན༔ མ་ལུས་འཁོར་བཅས་ལྷམ་མེར་བཞུགས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག། ཨོཾ་ཤཾ་ལོ་ཤཾ་ལོ་མ་ཧཱ་ཀཱ་རུ་ཎ་སྭཱ་ཧཱ༔ ཨོཾ་སུ་རུ་ཏ་ལ་མ་ཧཱ་ཀཱ་རུ་ཎ་ཙིཏྟ་སིདྡྷི་ཧཱུྃ༔ མེ་ཏོག་འཐོར་ཞིང་༔ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་ཀུན་གྱི་གཏེར་གྱུར་པའི༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི། ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་སེམས་ཀྱི་སྒྲིབ་པ་དག༔ སྙིང་ཚད་ལ་སོགས་ཚད་པའི་ནད་ཐམས་ཅད་ཞི༔ ཐུགས་ཀྱི་དབང་ཐོབ༔ སེམས་ཆོས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པའོ༔ དེ་ནས་སློབ་མ་ཆུས་བྲན་ལ༔ ཁྱེད་རང་སློབ་མ་རྣམས་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཆུ་ཤེལ་གྱི་མདོག་ལྟ་བུ་ག་པུར་གྱི་རང་བཞིན་ཅན༔ དར་སྔོན་པོའི་སྟོད་གཡོགས་སྨད་གཡོགས་ཅན༔ རིན་པོ་ཆེས་བརྒྱན་པ༔ ཕྱག་གཡས་གཡོན་སྐྱབས་སྦྱིན་དང་པདྨ་འཛིན་པ༔ རྒྱ་མཚོ་དང་པད་ཟླའི་གདན་ལ་བཞུགས་པ༔ ངང་པ་དང་


CMR044_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ངུར་པ་ལ་སོགས་ཆུ་བྱ་དང་ཆུ་གནས་སྣ་ཚོགས་ཀྱིས་མཐའ་བསྐོར་བ་ཅིག་ཏུ་བསྐྱེད༔ དེ་ལྟར་ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོར་གསལ་བ་ལ་བཀྲ་ཤིས་རྫས་བརྒྱུད་ཕུལ་བས་བཀྲ་ཤིས་པར་བྱས་པོར་སྒོམས་ཤིག༔ ཧཱུྃ༔ ཡུངས་ཀར་རྒྱལ་པོ་ཤ་རི་རཾ༔ བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་བརླབས༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་འཇོམས༔ དཔའ་བོ་སྟོབས་ཀྱི་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ བཀྲ་ཤིས་རྩ་མཆོག་དཱརྦ་འདི༔ ལྷ་ཡི་དབང་པོས་བྱིན་གྱིས་བརླབས༔ ནད་གདོན་གནོད་པ་ཀུན་ལས་རྒྱལ༔ སྡུག་བསྔལ་ཞི་བྱེད་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ རྫས་མཆོག་བིལ་བ་ལོང་ཏང་ཙེ༔ རྒྱུ་ཆུང་འབྲས་བུ་འཕེལ་སྟོབས་ཆེ༔ མཐུ་སྟོབས་མི་འཇིགས་སྐུ་ལྔ་རྫོགས༔ སྨིན་རྒྱས་འཕེལ་བའི་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ ལི་ཁྲི་མཚལ་ཆེན་ཆུ་ལས་སྐྱེས༔ སེམས་དཔས་བྱིན་རླབས་རིན་པོ་ཆེ༔ ཁམས་གསུམ་ལྷ་མི་ཀུན་དབང་སྡུད༔ ཐུགས་རྗེས་བདག་གཞན་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ གི་ཝཾ་ཁྱུ་མཆོག་ལས་བྱུང་རྫས༔ དཀར་པོའི་ཆོས་རྣམས་མ་ལུས་འཛིན༔ བཞི་བརྒྱ་རྩ་བཞིའི་ནད་ཀུན་སྒྲོལ༔ ཤེས་བཅུ་དཔལ་ལྡན་བཀྲ་


CMR044_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་དབང་ཐོབ་ཤོག༔ ཧཱུྃ༔ ཞོ་ནི་སྙིང་པོ་བཅུད་ཀྱི་གཞི༔ དབང་པོའི་གཟི་མདངས་བཅུད་ཀུན་འཕེལ༔ བསམ་གཏན་ཏིང་འཛིན་ཡོན་ཏན་སྐྱེ༔ སེམས་ཉིད་དྲི་མེད་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ མེ་ལོང་ཟླུམ་གསལ་སྐུ་གསུམ་མཚོན༔ ཆོས་རྣམས་གཟུགས་བརྙན་རྣམ་དག་ཅིང་༔ མ་རིག་བག་ཆགས་རབ་སངས་ནས༔ མངོན་རྫོགས་སངས་རྒྱས་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ དུང་མཆོག་གཡས་འཁྱིལ་བཀྲ་ཤིས་རིན་པོ་ཆེ༔ གསུང་དབྱངས་ཡན་ལག་དྲུག་ཅུར་ལྡན༔ ཡོན་ཏན་རྒྱ་མཚོ་ཚངས་པའི་གསུང་༔ ཆོས་སྒྲས་ཀུན་ཁྱབ་བཀྲ་ཤིས་དབང་ཐོབ་ཤོག༔ ཨོཾ་སྭ་སྟི་པྲ་སྟི་དྷརྨ་སྭ་སྟི་ཤྲཱི་བྷི་བྷི༔ ཨ་བྷི་ཥིཉྩ་ཨཱཿ དེ་ནས་གཏོར་མ་ཐོགས་ལ༔ ད་གཏོར་མ་འདི་ཉིད་སྔར་སྨོས་མ་ཐག་པའི་ཐུགས་རྗེ་ཆེན་པོར་གསལ་བ་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་བཅས་པ་ཁྱེད་རང་གི་སྤྱི་བོར་བྱོན་ནས་འོད་དུ་ཞུ་བ་ལས་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག། ཧཱུྃ༔ གཏོར་མ་འདི་ནི་ཐུགས་རྗེ་ཆེན་པོ་ཡིན༔ མ་ལུས་འཁོར་བཅས་ལྷམ་མེར་བཞུགས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག༔ ཆོས་


CMR044_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ ལོ་ཆེན་བེ་རོ་ཙཱ་ན༔ ཤུད་བུ་དཔལ་གྱི་སེང་གེ༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ༔ གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག༔ འཇིགས་པ་འཇིགས་པ་མེད་པར་སྦྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་དང་ལྡན་པས་བྱིན་གྱིས་རློབས་ཤིག༔ ནད་གདོན་བགེགས་དང་བར་ཆད་ཐམས་ཅད་ཞི་བར་བྱིན་གྱིས་རློབས་ཤིག༔ ཁྱད་པར་དུ་ཡང་མགོ་ཚད་དང་༔ གློ་ཚད་དང་༔ སྙིང་ཚད་དང་༔ མཁྲིས་ཚད་དང་མཁལ་ཚད་དང་རྒྱུ་ཚད་དང་ཚད་པའི་ནད་ཐམས་ཅད་ཞི་བར་བྱིན་གྱིས་རློབས་ཤིག༔ ཨོཾ་ཤི་ལོ་ཤི་ལོ་མ་ཧཱ་ཀཱ་རུ་ཎ་སྭཱ་ཧཱ༔ གསུམ་མམ་བདུན་བརྗོད༔ ནད་རིགས་བཞི་བརྒྱ་རྩ་བཞི་ཞི་བ་དང་༔ མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་ཡི༔ མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ འོ་དེས་མེའི་འཇིགས་པ་དང་ཚད་པའི་ནད་ཐམས་ཅད་ཞི་བར་བྱེད་


CMR044_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐུགས་རྗེ་ཆེན་པོའི་དབང་ཐོབ་པ་ཡིན་པས་འདི་ཉིད་ཡི་དམ་གྱི་ལྷར་བཟུང་བའི་མོས་པས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར༴ སོགས་མཎྜལ་ཕུལ༔ དེ་ནས་དབང་བརྒྱ་སོགས་བྱེད་ན༔ མཎྜལ༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་ཐུགས་རྗེ་ཆེན་པོ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ཐུགས་རྗེ་ཆེན་པོ་འཁོར་བཅས་བཞུགས་པ་ཡི༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཤཾ་ལོ་ཤ་ལོ་མ་ཧཱ་ཀཱ་རུ་ཎ་སྭཱ་ཧཱ༔ ཨོཾ་པཱ་ཎི་མཱ་ལ་མ་ཧཱ་ཀཱ་རུ་ཎ་ཀཱ་ཡ་སིདྡྷི་ཨཱི༔ དུང་ཆོས༔ ཧཱུྃ༔ དུང་ཆོས་འདི་ནི་རིན་ཆེན་གཞལ་ཡས་ཁང་༔ ཐུགས་རྗེ་ཆེན་པོ་འཁོར་བཅས་བཞུགས་པ་ཡི༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་ཤཾ་ལོ་ཤཾ་ལོ་མ་ཧཱ་ཀཱ་རུ་ཎ་སྭཱ་ཧཱ༔ ཨོཾ་སུ་ལཾ་སུ་ལཾ་མ་ཧཱ་ཀཱ་རུ་ཎ་ཝཱཀ་སིདྡྷི་ཨཱཿ ཆུ་ཤེལ། ཧཱུྃ༔ ཆུ་ཤེལ་འདི་ནི་ཐུགས་རྗེ་ཆེན་པོ་ཡིན༔ མ་ལུས་འཁོར་བཅས་ལྷམ་མེར་བཞུགས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག༔ ཨོཾ་ཤཾ་


CMR044_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཤཾ་ལོ་མ་ཧཱ་ཀཱ་རུ་ཎ་སཱ་ཧཱ༔ ཨོཾ་སུ་རུ་ཏ་ལ་མ་ཧཱ་ཀཱ་རུ་ཎ་ཙིཏྟ་སིདྡྷི་ཧཱུྃ༔ གཏོར་མ་ཐོགས་ལ། ཧཱུྃ་གཏོར་མ་འདི་ནི་ཐུགས་རྗེ་ཆེན་པོ་ཡིན༔ མ་ལུས་འཁོར་བཅས་ལྷམ་མེར་བཞུགས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག༔ འཇིགས་པ་འཇིགས་པ་མེད་པར་སྦྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་དང་ལྡན་པས་བྱིན་གྱིས་རློབས་ཤིག༔ ཨོཾ་ཤཾ་ལོ་ཤ་ལོ་མ་ཧཱ་ཀཱ་རུ་ཎ་སྭཱ་ཧཱ༔ གསུམ། མེ་ཏོག་འཐོར་ཞིང་། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་ཀུན་གྱི་གཏེར་གྱུར་པའི༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི༔ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག༔ འོ་དེས་མེའི་འཇིགས་པ་དང་ཚད་པའི་ནད་ཐམས་ཅད་ཞི་བར་བྱེད་བའི་ཐུགས་རྗེ་ཆེན་པོའི་དབང་བསྡུས་པ་ཐོབ་པ་ཡིན་པས་འདི་ཉིད་ཡི་དམ་གྱི་ལྷར་བཟུང་བའི་མོས་པས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་སོགས། མཎྜལ་ཕུལ༔ ཞེས་པ་དེ་ལ་གྲངས་བཟུང་༔ སྐབས་སུ་དབང་བསྒྲུབ་བསྐྱར་ལ་བསྙེན་པ་མང་དུ་བསྐྱལ༔ དབང་བསྡུས་པ་བསྐུར་ཚེ་རྒྱས་པའི་སྐབས་ཀྱི་དམིགས་པ་རྣམས་ཀྱང་ཡིད་ཀྱིས་བསྒོམས༔ དེ་


CMR044_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རབ་བརྒྱ་རྩ༔ འབྲིང་ལོ་གྲངས༔ ཐ་ནའང་བཅུ་གསུམ་སོགས་བསྐུར་ཚེ་གོང་དུ་མདོ་དང་རྒྱུད་ལས་བཤད་པའི༔ ཐུགས་རྗེ་ཆེན་པོའི་བྱིན་རླབས་ཚད་པ་ཞི་བའི་ཕན་ཡོན་དེ་ལ་ཐེ་ཚོམ་ཅུང་ཟད་ཀྱང་མེད་པའི་ངེས་ཤེས་ཆེན་པོ་བྱས་ན་ཚད་པའི་ནད་ཞི་བར་ཐེ་ཚོམ་མེད༔ ཐེ་ཚོམ་གྱི་རྣམ་པ་ཅུང་ཟད་སྐྱེས་ཀྱང་ཕན་ཡོན་མི་འབྱུང་བར་བཤད་པས་བླ་མ་དང་སློབ་མ་གཉིས་ཀ་ཐེ་ཚོམ་མེད་པའི་ངེས་ཤེས་ཆེན་པོ་གལ་ཆེ༔ ཞེས་པ་འདི་ནི་དགོངས་གཏེར་གྱི་རྩ་ཚིག་རྡོ་རྗེའི་གསུང་གོ་དཀའ་བར་འདུག་པས་རཱ་ག་ཨ་སྱས་གསལ་བར་བཀོད་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ༔ འདི་ལ་ཉེས་འགལ་གང་མཆིས་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་༔ དགེ་བས་དུས་ངན་སྙིགས་མའི་སྐབས་འདིར་ཚད་པའི་ནད་ཀྱིས་མི་ཕྱེད་ཕྱགས་མས་འདེབས་པའི་སྐབས་སུ་རྐང་གཉིས་འགྲོ་བ་དཔག་ཏུ་མེད་པའི་སྲོག་སྐྱོབ་པར་གྱུར་ཅིག༔ འདི་བྲིས་པས་ཀྱང་མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པ་རྒྱ་ཆེན་པོར་གྱུར་ཅིག༔ མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


no previousཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཐུགས་རྗེའི་བསིལ་བའི་ཆུ་རྒྱུན་མེའི་འཇིགས་པ་དང་ཚད་ནད་ཞི་བར་བྱེད་པ།next