Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
ཡིག་དྲུག་བསྐུལ་བ་ངོ་མཚར་ཅན་གཅིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡིག་དྲུག་བསྐུལ་བ་ངོ་མཚར་ཅན་གཅིགnext

ཡིག་དྲུག་བསྐུལ་བ་ངོ་མཚར་ཅན་གཅིག


CMR044_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དྲུག་བསྐུལ་བ་ངོ་མཚར་ཅན་གཅིག་བཞུགས་སོ།


CMR044_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཎི་པདྨེ་ཧཱུྃ། དཔལ་གྱི་བྱེ་བ་ཕྲག་བརྒྱ་ནས། །པད་འབྱུང་བྱེ་བ་ཕྲག་བརྒྱ་ཡིས། །འདིར་ཚོགས་ཁྲོམ་པའི་བར་ཆད་སོལ། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །གསང་བདག་བྱེ་བ་ཕྲག་བརྒྱ་ཡིས། །འདིར་ཚོགས་ཁྲོམ་པའི་བར་ཆད་སོལ། །བདེ་ཆེན་དབང་དྲག་རོལ་པ་ནས། །ཁྲོ་བོ་རྟ་མགྲིན་རིགས་ལྔ་ཡིས། །འདིར་ཚོགས་ཁྲོམ་པའི་བར་ཆད་སོལ། །འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །དྲིན་ཅན་རྩ་བརྒྱུད་བླ་མ་ཡིས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །ལྷོ་ཕྱོགས་དཔལ་གྱི་རི་བོ་ནས། །གྲུབ་ཆེན་བརྒྱ་དང་བརྒྱད་ཅུ་ཡིས། །འདིར་


CMR044_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །པདྨ་འོད་ཀྱི་གཞལ་ཡས་ནས། །རྗེ་འབངས་ཉི་ཤཱུ་རྩ་བདུན་གྱིས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །གངས་ཅན་བོད་ཀྱི་ཞིང་ཁམས་ནས། །གཏེར་སྟོན་བརྒྱ་དང་རྩ་བརྒྱད་ཀྱིས། །འདིར་ཚོགས་ཁྲོམ་ལ་བྱིན་གྱིས་རློབས། །དག་པའི་ཞིང་ཁམས་ལྔ་པོ་ནས། །ཞི་བ་བཞི་བཅུ་རྩ་གཉིས་ཀྱིས། །འདིར་ཚོགས་ཁྲོམ་ལ་དངོས་གྲུབ་གནོང་། །དུར་ཁྲོད་མེ་རི་འབར་བ་ནས། །ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱིས། །འདིར་ཚོགས་ཁྲོམ་ལ་དངོས་གྲུབ་གནོང་། །ཚོམ་བུ་དགུ་ཡི་ད་ལ་ནས། །སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་


CMR044_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །འདིར་ཚོགས་ཁྲོམ་ལ་དངོས་གྲུབ་གནོང་། །རང་བཞིན་རྣམ་དག་གཞལ་ཡས་ནས། །བླ་མ་དགོངས་འདུས་ལྷ་ཚོགས་ཀྱིས། །འདིར་ཚོགས་ཁྲོམ་ལ་དངོས་གྲུབ་གནོང་། །ཕྲིན་ལས་གྲུབ་པའི་གཞལ་ཡས་ནས། །བདུད་འདུལ་ཕུར་པའི་ལྷ་ཚོགས་ཀྱིས། །འདིར་ཚོགས་ཁྲོམ་ལ་དངོས་གྲུབ་གནོང་། །པོ་ཊ་ལ་ཡི་གནས་མཆོག་ནས། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །འདིར་ཚོགས་ཁྲོམ་གྱི་ལམ་སྣ་དྲོངས། །སྟེང་ཕྱོགས་དགའ་ལྡན་ལྷ་ཡུལ་ནས། །རྒྱལ་ཚབ་བྱམས་པ་མགོན་པོ་ཡིས། །འདིར་ཚོགས་ཁྲོམ་གྱི་ལམ་སྣ་དྲོངས། །ཨོ་རྒྱན་གནྡྷོའི་གཙུག་ལག་ནས། །ཡུམ་མཆོག་རྡོ་རྗེ་ཕག་མོ་ཡིས། །འདིར་ཚོགས་ཁྲོམ་གྱི་ལམ་སྣ་དྲོངས། །རྒྱ་ནག་རི་བོ་རྩེ་ལྔ་ནས། །འཇམ་དཔལ་གཞོན་ནུར་གྱུར་པ་ཡིས། །ཆོས་བཤད་གོ་བར་བྱིན་གྱིས་རློབས། །རྒྱ་གར་ཆུ་བོ་གང་གཱ་ནས། །རིག་པའི་ལྷ་མོ་དབྱངས་ཅན་མས། །ཆོས་བཤད་གོ་བར་བྱིན་གྱིས་རློབས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །འཕགས་མ་ཤེར་ཕྱིན་དཀར་མོ་ཡིས། །ཆོས་བཤད་གོ་བར་བྱིན་གྱིས་རློབས། །རི་རབ་རི་ཡི་རྩེ་མོ་ནས། །ཁྱུང་ཆེན་ཉི་ཤཱུ་རྩ་གཅིག་གིས། །ཆོས་བཤད་གོ་བར་


CMR044_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས། །འདིར་ཚོགས་ཁྲོམ་པའི་སྲུང་སྐྱོབ་མཛོད། །སྟག་ཚང་སེང་གེ་བསམ་འགྲུབ་ནས། །གུ་རུ་རྡོ་རྗེ་གྲོ་ལོད་ཀྱིས། །འདིར་ཚོགས་ཁྲོམ་གྱི་བར་ཆད་སོལ། །གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །སྒྲོལ་མ་བརྒྱ་དང་རྩ་བརྒྱད་ཀྱིས། །འདིར་ཚོགས་ཁྲོམ་གྱི་བར་ཆད་སོལ། །ཤར་ཕྱོགས་དག་པའི་ཞིང་བདུན་ནས། །བདེ་གཤེགས་སྨན་ལྷ་མཆེད་བརྒྱད་ཀྱིས། །འདིར་ཚོགས་ཁྲོམ་པའི་ནད་རྣམས་སོལ། །རྒྱ་གར་མངོན་དགའི་རི་ཁྲོད་ནས། །ལྷ་མོ་ཤིང་ལོའི་ན་བཟའ་ཅན། །འདིར་ཚོགས་ཁྲོམ་པའི་ནད་རྣམས་སོལ། །རི་བོ་གྲུ་འཛིན་སྐེད་པ་ནས། །འཕགས་མ་ཡིད་བཞིན་འཁོར་ལོ་ཡིས། །འདིར་ཚོགས་ཁྲོམ་པའི་ནད་རྣམས་སོལ། །གྱི་མི་ཤན་གྱི་གནས་མཆོག་ནས། །སེམས་དཔའ་ས་ཡི་སྙིང་པོ་ཡིས། །རྩྭ་ཁ་ལོ་ཏོག་རྒྱས་པར་མཛོད། །རི་རབ་ཆེན་པོའི་བྱང་ཕྱོགས་ནས། །ལྷ་མོ་ཆེན་མོ་དཔལ་ཆེན་མོས། །རྩྭ་ཁ་ལོ་ཏོག་རྒྱས་པར་མཛོད། །དབང་ཆེན་གསེར་གྱི་ས་གཞི་ནས། །ས་ཡི་ལྷ་མོ་བརྟན་མ་ཡིས། །རྩྭ་ཁ་ལོ་ཏོག་རྒྱས་པར་མཛོད། ༈ འདིར་ཚོགས་ཁྲོམ་པས་ཅི་འདྲ་བསམ། །ང་དེ་ནམ་འཆི་ནམ་འཆི་


CMR044_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། །ཟས་གོས་འདི་ཚོ་ཟད་ལུགས་ཀྱིས། །མི་ཚེ་ཟད་ཤི་ན་ཡོད་ཡོད་འདྲ། །ཕུ་ཤི་མདའ་ཤི་ཟེར་བའི་དུས། །རང་ཡང་དེ་དང་འདྲ་སྣང་བྱུང་། །ཕྱུག་པོ་ཤི་བ་ཐོས་པའི་ཚེ། །སྨན་དང་རིམ་གྲོས་མི་ཕན་དོགས། །བཙན་པོ་ཤི་བ་ཐོས་པའི་ཚེ། །དཔུང་གིས་འཆི་བ་མི་ཁོག་དོགས། །གབ་བླ་རྐང་རུས་མཐོང་བའི་ཚེ། །རང་ཡང་དེ་འདྲ་ནམ་ཡོང་བསམ། །དེ་འདྲའི་དུས་ཤིག་བྱུང་ཙ་ན། །དམ་པའི་ཆོས་ཤིག་མ་གཏོགས་པ། །ཅིས་ཀྱང་ཕན་པ་མི་གདའ་བསམ། །གསུང་མཆོག་ཡི་གེ་དྲུག་པ་འདིས། །དེ་དུས་ཕན་ངེས་ཡིན་ནོ་བསམ། །ཡར་མཆོད་མར་སྦྱིན་གང་ཐིངས་ཀྱང་། །དེ་དུས་ལམ་རྒྱགས་ཡིན་ན་བསམ། །དེ་རིང་འདུས་པའི་ཁྲོམ་པ་ཚོ། །ལོ་བརྒྱ་སོང་ནས་གཅིག་ཀྱང་མེད། །དེ་ལ་བསམས་ནས་མཆི་མ་ཤོར། །དེ་རིང་ཚོགས་པའི་མཛེས་མ་ཚོ། །དྲུག་ཅུ་སོང་ནས་ཡི་དྭགས་འདྲ། །དེ་ལ་བསམས་ནས་ཡི་མུག་སྐྱེ། །སྐྱེས་མཐའ་འཆི་དང་བསགས་མཐའ་ཟད། །གང་ལ་སྙིང་པོ་མི་འདུག་པས། །སྙིང་པོ་དམ་པའི་ལྷ་ཆོས་མཛོད། །ཨ་ཀྱང་བུས་ནི་ཀུ་རེ་མིན། །དབྱར་ཁའི་འབུ་སྲིན་མང་ལུགས་ཀྱིས། །མི་ལུས་ཐོབ་པ་དཀའ་དཀའ་འདྲ། །ད་རིས་


CMR044_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་སྙིང་པོ་ལོངས། །གདན་གཅིག་ངག་བཅད་ཁས་ལེན་མཛོད། །དུད་འགྲོ་ཚོ་ལ་ཕར་བལྟས་པས། །སྨྲ་བརྗོད་ཤེས་པ་དཀའ་དཀའ་འདྲ། །ད་རེས་ངག་ལ་སྙིང་པོ་ལོངས། །ཡིག་དྲུག་འདོན་པའི་ཁས་ལེན་མཛོད། །བཤའ་ལུག་འདི་ཚོའི་སྡུག་བསྔལ་ལ། །དམྱལ་བའི་སྡུག་བསྔལ་ཇི་ལྟར་ཁྱག །སྡིག་སྤངས་དགེ་སྒྲུབ་ཁས་ལེན་མཛོད། །བར་དོའི་འཕྲང་ལ་འགྲིམ་པའི་དུས། །གྲོགས་སུ་རིག་པའི་ཁྱེའུ་ཆུང་བཟང་། །ད་ལྟ་ངོ་ཤེས་མཛད་ན་ལེགས། །དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས། །བར་དོའི་འཕྲང་ནས་བསུ་བ་མཛད། །ད་ལྟ་ཞལ་འགྲིས་ཡོད་ན་ལེགས། །ཆོས་ཀྱི་རྒྱལ་པོའི་ཁྲིམས་ར་ནས། །སྡིག་པ་གསང་ཡང་མེ་ལོང་གསལ། །ད་ལྟ་བཤགས་པ་བྱེད་ན་བསམ། །དགེ་བ་འདོད་ཀྱང་ཚོལ་ཁུངས་མེད། །ཡང་ལྗིད་གཤིན་རྗེའི་རྒྱུ་མར་བཀྱག །ད་ལྟ་རང་དབང་ཡོད་དུས་འདིར། །དགེ་བའི་རྒྱ་ཁ་མཐོ་ཙམ་རེམ། །སྤྲང་པོ་ང་ཡི་དཀོར་བཤགས་མཛོད། །ཨ་ཀྱང་ང་དོ་དཀོར་བཤགས་ལ། །ནམ་མཁའ་འདི་ལ་ཕར་བལྟས་པས། །ལྟ་བ་ཕྱོགས་རིས་མེད་པ་དྲན། །ཉི་ཟླ་འདི་ལ་ཕར་བལྟས་པས། །རང་རིག་རང་གསལ་རྗེན་པ་དྲན། །སྤྲིན་


CMR044_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འདི་ལ་ཕར་བལྟས་པས། །གང་ཤར་ངོ་བོ་སྟོང་པ་དྲན། །ཆུ་བོ་འདི་ལ་ཕར་བལྟས་པས། །གཉུག་མ་རྒྱུན་ཆད་མེད་པ་དྲན། །ཆུ་རླབས་འདི་ལ་ཕར་བལྟས་པས། །འགྱུ་བ་རང་ཞི་རང་གྲོལ་དྲན། །འཇའ་ཚོན་འདི་ལ་ཕར་བལྟས་པས། །སྣང་སྟོང་ཡི་དམ་ལྷ་སྐུ་དྲན། །བྲག་ཆ་འདི་ལ་ཕར་བལྟས་པས། །གྲག་སྟོང་སྔགས་ཀྱི་རོལ་པ་དྲན། །ཨ་ཀྱང་དེ་ཚོ་ཀུ་རེ་ཡིན། །སྟོང་སྒྲུབ་ཚེས་པ་མཐོལ་ལོ་བཤགས། །ནུབ་ནི་གཏི་མུག་གཉིད་ལ་སོང་། །ནངས་ནུབ་ཟས་གོས་གཡེང་བས་ཁྱེར། །བྱ་བཞག་ཆུ་ཡི་གཉེར་མ་འདྲ། །དོན་ཆུང་ལས་ལ་མི་ཚེ་ཟད། །དམ་ཆོས་བྱེད་བསམ་ངང་ལ་ལུས། །བསམ་རྒྱུ་མེད་པ་འཆི་བདག་སླེབས། །དེ་འདྲའི་དུས་ཤིག་ནམ་ཡོང་ཨང་། །བསམ་ལོ་ཡོད་པའི་མི་ཡོད་ན། །དམ་ཆོས་བསྒྲུབ་ན་ད་རན་གདའ། །རན་པས་མི་ཚད་ཕྱིས་པ་འདྲ། །དེ་ལ་སོམས་ལ་ལྷ་ཆོས་མཛོད། ༈ །ཤར་གྱི་ཕྱོགས་ནས་བཀྲ་ཤིས་པ། །ཐུགས་རྗེ་ཆེན་པོ་སེང་གེ་སྒྲ། །འདིར་འཚོགས་ཁྲོམ་ལ་བཀྲ་ཤིས་ཤོག །ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་པ། །ཡིད་བཞིན་འཁོར་ལོ་སྤྱན་རས་གཟིགས། །འདིར་འཚོགས་ཁྲོམ་ལ་བཀྲ་ཤིས་ཤོག །ནུབ་ཀྱི་ཕྱོགས་


CMR044_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཀྲ་ཤིས་པ། །འཇིག་རྟེན་དབང་ཕྱུག་སྤྱན་རིས་གཟིགས། །འདིར་འཚོགས་ཁྲོམ་ལ་བཀྲ་ཤིས་ཤོག །བྱང་གི་ཕྱོགས་ནས་བཀྲ་ཤིས་པ། །དོན་ཡོད་ཞགས་པ་སྤྱན་རས་གཟིགས། །འདིར་འཚོགས་ཁྲོམ་ལ་བཀྲ་ཤིས་ཤོག །སྟེང་གི་ཕྱོགས་ནས་བཀྲ་ཤིས་པ། །པདྨ་གཙུག་ཏོར་སྤྱན་རས་གཟིགས། །འདིར་འཚོགས་ཁྲོམ་ལ་བཀྲ་ཤིས་ཤོག །འོག་གི་ཕྱོགས་ནས་བཀྲ་ཤིས་པ། །མགྲིན་པ་སྔོན་པོ་སྤྱན་རས་གཟིགས། །འདིར་འཚོགས་ཁྲོམ་ལ་བཀྲ་ཤིས་ཤོག །དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་པ། །ནམ་མཁའ་རྒྱལ་པོ་སྤྱན་རས་གཟིགས། །འདིར་འཚོགས་ཁྲོམ་ལ་བཀྲིས་ཤོག །ཕྱག་སྟོང་འཁོར་ལོས་སྒྱུར་རྒྱལ་སྟོང་། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །སྤྱན་སྟོང་བསྐལ་བཟང་སངས་རྒྱས་སྟོང་། །འབྲེལ་ཚད་དོན་ལྡན་བཀྲ་ཤིས་ཤོག །ཅེས་པ་ས་མོ་བྱ་ཡི་ལོ། །མགོ་ཟླའི་ཚེས་དྲུག་ནུབ་མོ་ལ། །བླ་མ་སྦྱིན་པས་བསྐུལ་བའི་ངོར། །ར་གཱ་ཨ་སྱས་གང་དྲན་སྨྲས། །བསྐུལ་བ་པོ་དེས་ཞུན་མར་གྱི། །ངོས་ལ་མགྱོགས་བྲིས་བྱས་པའོ། །མངྒ་ལཾ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཡིག་དྲུག་བསྐུལ་བ་ངོ་མཚར་ཅན་གཅིགnext