Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
ཡིག་དྲུག་དུང་ཁ་གང་དུས་དགའ་སྟོན་བྱེད་ཅིང་སྨོན་ལམ་འདེབས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡིག་དྲུག་དུང་ཁ་གང་དུས་དགའ་སྟོན་བྱེད་ཅིང་སྨོན་ལམ་འདེབས་པ།next

ཡིག་དྲུག་དུང་ཁ་གང་དུས་དགའ་སྟོན་བྱེད་ཅིང་སྨོན་ལམ་འདེབས་པ།


CMR044_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དྲུག་དུང་ཁ་གང་དུས་དགའ་སྟོན་བྱེད་ཅིང་སྨོན་ལམ་འདེབས་པའི་དབུ་ཕྱོགས་བཀྲ་ཤིས་པར་གྱུར་ཅིག ༈ །དུང་གིས་ཁ་གང་དུས་སྨོན་ལམ་བཏབ་པ་འདི། དུང་གཉིས་ཟེར་བ་ཚིག་ཁ་བསྒྱུར་ནས་བསྙེན་པ་གང་ཐོན་གྱི་མཇུག་ཏུ་ཐོན་ན་ལེགས། སྒྲུབ་པའི་མཇུག་ཏུ་བྱས་ཀྱང་དེ་དང་འདྲ། བྱེ་བ་ཁ་གང་དུས་དུང་གཉིས་ཟེར་བ་བྱེ་བ་ཁ་བསྒྱུར་ནས་ཚར་རེ་འདོན་ནོ། །


CMR044_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། དུས་མཐའི་སྔགས་འཆང་རཱ་ག་ཨ་སྱ་བདག །ནོར་གྱི་སྙིང་པོ་སྔགས་དང་བསྙེན་སྒྲུབ་སོགས། །ལྷ་དང་དྲང་སྲོང་རྣམས་ཀྱིས་བཤད་པ་ཡི། །རིག་སྔགས་ཀྱིས་ཀྱང་བསླུ་བ་མེད་པ་ལས། །རྫོགས་སངས་རྒྱས་ཀྱིས་གསུངས་པའི་རིག་སྔགས་ཀྱིས། །ནམ་ཡང་བསླུ་བ་མེད་སྙམ་ངེས་ཤེས་བསྐྱེད། །ལོ་བརྒྱད་ལོ་དགུ་ལོ་བཅུ་དུས་ཀྱི་ཚེ། །བཛྲ་གུ་རུ་འཐོར་བསྙེན་བྱས་པ་དང་། །དེ་ནས་བཅུ་དགུའི་བར་དུ་མཚམས་ཡིན་པས། །གུ་རུ་ཞི་དྲག་འཐོར་བསྙེན་མང་པོ་དང་། །དབུས་སུ་ལོ་བདུན་ལོ་ངོ་དྲུག་ཐོག་ཚེ། །སྒྲོལ་དཀར་ལ་སོགས་འཐོར་བསྙེན་མང་པོ་དང་། །ཕྲེང་བ་འཐོར་དང་བོར་བ་ལ་སོགས་ཀྱིས། །དགེ་བ་གྲངས་སུ་བརྩི་རྒྱུ་མ་རྙེད་ཀྱང་། །ཁ་བཀང་ལྷག་དང་ལྷུག་པ་འོང་ངོ་སྙམ། །གཞོན་ཚེ་འཇིག་རྟེན་པ་


CMR044_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ལྷ་ཕྲན་རིགས། །རྣམ་གྲངས་ཉི་ཤཱུ་རྩ་ཙམ་བསྙེན་སྒྲུབ་པ། །ཕྱི་མར་ཕན་གནོད་མེད་སྙམ་འདིར་མ་རྩིས། །བཅུ་གཅིག་ནས་བཟུང་བཅུ་དགུའི་ལོ་མགོ་བར། །ཟླ་མཚམས་འགའ་ཟུང་བྱས་ཚེ་གང་ཐོན་རྣམས། །ཡི་གེར་བྲིས་ནས་འདུག་པ་གཞིར་བྱས་ཏེ། །ཉེར་ལྔ་ནས་བཟུང་དེང་སང་ང་དགུའི་བར། །མཚམས་དང་སྒྲུབ་པ་འཐོར་བསྙེན་ཀུན་བསོགས་པ། །དུང་ཕྱུར་གཅིག་དང་སུམ་འབུམ་བཟླས་པ་ཐེམ། །དེ་ཡི་ནང་དུ་ཚེ་སྒྲུབ་བསྙེན་པ་ནི། །བྱེ་བ་དྲུག་དང་དྲུག་འབུམ་འདྲེས་པ་ཡིན། །དེ་ལྟར་ཡི་དམ་ལྷ་ཚོགས་དུས་འདི་ལ། །ལོ་གྲངས་བཞི་བཅུ་ཞེ་དགུ་ཐོག་པར་གྱུར། །ཉེར་ལྔ་ནས་བཟུང་ཐུགས་རྗེ་ཆེན་པོ་བསྙེན། །ཡིག་དྲུག་ཡིག་བདུན་ཡིག་བཅུ་ལ་སོགས་དང་། །རྒྱལ་བ་རྒྱ་མཚོའི་སྔགས་རིང་གཉིས་ལ་སོགས། །མཚམས་དང་སྒྲུབ་


CMR044_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཐོར་སྙེན་ཀུན་བསྡོམས་པའི། །ཐུགས་རྗེ་ཆེན་པོ་དུང་ཕྱུར་གཅིག་དང་ནི། །ཁ་བཀང་འབུམ་ཕྲག་གཉིས་ནི་ཐེམ་པ་ཡིན། །དེ་ལྟར་ཐུགས་རྗེ་ཆེན་པོའི་དུང་འདི་ལ། །ལོ་གྲངས་སུམ་ཅུ་སོ་གཅིག་ཐོག་པ་ནི། །གཏོར་བསྔོས་དུས་མཆོད་རྣམ་གྲངས་མང་བ་དང་། །ཞལ་གདམས་ཟིན་བྲིས་གནམ་ཆོས་ཆག་ཕྱི་སོགས། །རྣམ་གཡེང་བྱ་བ་མང་བས་ལན་པ་ཡིན། །ཁ་བཀང་རྣམས་ནི་སླད་ནས་འདོན་རྒྱུ་ཡིན། །གཞི་མ་ཉིད་དུ་བརྩི་བར་བྱེད་པ་དང་། །འཐོར་བསྙེན་གཞན་གྱི་ཚེ་སྒྲུབ་བདུད་རྩི་ཡིན། །ཁ་བཀང་ལས་བཞིའི་སྦྱིན་སྲེག་བརྒྱ་རྩ་རེ། །རྒྱལ་བ་རྒྱ་མཚོའི་དབང་བཞི་གཏོར་དབང་གཉིས། །གནམ་ཆོས་ཚེ་དབང་བདག་འཇུག་བརྒྱ་རྩ་རེ། །བསྔོ་བ་བརྒྱ་རྩ་བཟླས་པ་རབ་གནས་ཀྱི། །རྟེན་འབྲེལ་སྙིང་པོ་བཟླས་པ་མང་ཞིག་བཅས། །རང་ལོ་ང་དགུ་མེ་མོ་ལུག་གི་ལོ། །ཆོ་འཕྲུལ་ཆེན་པོའི་ཡར་ཚེས་བརྒྱད་ལ་འགྲུབ། །དགའ་སྟོན་བཀྲ་ཤིས་ཚོགས་ཀྱི་འཁོར་ལོ་བྱས། །འདི་ཉིད་བྲི་བ་དགོས་པ་མི་འདུག་ཀྱང་། །བཟླས་པའི་ཁ་བཀང་སྦྱིན་སྲེག་བདག་འཇུག་དང་། །བཟླས་པ་མི་ཉམས་རབ་གནས་རྟེན་འབྲེལ་སྙིང་། །བསྔོ་སྨོན་བརྒྱ་རྩེ་བཀྲ་ཤིས་དགའ་སྟོན་སོགས། །ཕྱི་རབས་རྗེས་འཇུག་རྣམས་ཀྱིས་ཤེས་ཕྱིར་བྲིས། །དུས་ཆེན་སྐར་མ་བཟང་དང་བསྒྲིགས་པ་ཡིན། །རང་གི་ཚོད་ཀའི་དགེ་བ་རླབས་ཆེན་ལ། །བསྔོ་སྨོན་གོ་མ་ལོག་པ་རྒྱ་ཆེན་པོ། །བཏབ་ན་གང་བཏབ་འགྲུབ་པ་རྒྱལ་བས་གསུངས། །དེ་ཕྱིར་རང་གི་འདོད་པ་དང་བསྟུན་པའི། །བསྔོ་བ་སྨོན་ལམ་གང་ཤེས་འདི་ལྟར་གདབ། །།ན་མོ་


CMR044_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་ཏྲ་ཡཱ་ཡ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །རྒྱལ་བ་རྒྱལ་སྲས་ཉན་ཐོས་རང་རྒྱལ་ཚོགས། །ཐམས་ཅད་མ་ལུས་བདག་ལ་དགོངས་སུ་གསོལ། །ཡེ་ཤེས་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ། །ཐུགས་རྗེའི་བརྩེ་བས་སེམས་ཅན་ཐམས་ཅད་ལ། །རྟག་ཏུ་གཟིགས་རྣམས་བདག་ལ་ཐུགས་རྗེས་གཟིགས། །རྡོ་རྗེའི་སྙན་གྱིས་སེམས་ཅན་ཐམས་ཅད་ཀྱི། །ངག་ཏུ་ཅི་སྨྲས་རྟག་ཏུ་གསན་པ་རྣམས། །བདག་གིས་སྨྲས་པའི་ཚིག་འདི་གསན་དུ་གསོལ། །མངོན་ཤེས་ཐུགས་ཀྱིས་སེམས་ཅན་ཐམས་ཅད་ལ། །ཡིད་ལ་ཅི་འགྱུས་རྟག་ཏུ་མཁྱེན་པ་རྣམས། །བདག་གི་འདོད་པའི་དོན་འདི་མཁྱེན་པར་གསོལ། །བདག་ནི་ཐོག་མེད་དུས་ནས་ད་ལྟའི་བར། །དགེ་བའི་རྩ་བ་བགྱིས་དང་བགྱིད་བསྩལ་དང་། །གཞན་གྱིས་བགྱིད་ལ་རྗེས་སུ་ཡི་རང་དང་། །འདི་ལྟར་ཐུགས་རྗེ་ཆེན་པོ་དུང་ཕྱུར་དང་། །རྩ་གསུམ་ལྷ་ཡི་བསྙེན་པ་དུང་ཕྱུར་དང་། །དགེ་བའི་རྩ་བ་ཐམས་ཅད་གཅིག་བསྡུས་ཏེ། །སངས་རྒྱས་འོད་དཔག་མེད་པ་གཙོར་བྱས་པའི། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་དང་། །


CMR044_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བརྒྱུད་བླ་མ་ཀུན་གྱི་སྤྱན་སྔར་འབུལ། །མཆོད་སྤྲིན་རྒྱ་མཚོ་ནམ་མཁའི་མཐའ་ཁྱབ་པའི། །ཉེར་སྤྱོད་ལྔ་དང་འདོད་ཡོན་རྣམ་པ་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །མཆོད་པའི་ལྷ་མོ་བཅུ་དྲུག་ལ་སོགས་པ། །དུས་གསུམ་རྒྱུན་ཆད་མེད་པར་འབྱུང་གྱུར་ཅིག །དེ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་ནི། །རབ་འབྱམས་འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །རྙེད་དང་བཀུར་བསྟི་དང་བཅས་རྒྱས་གྱུར་ཅིག །བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ནི། །གང་ན་སུ་བཞུགས་གང་ཕན་བྱེད་པ་དང་། །དེ་དག་ཐམས་ཅད་ཡུན་རིང་ཞབས་བརྟན་ཞིང་། །འགྲོ་དོན་ཕྲིན་ལས་ཕྱོགས་མཐར་ཁྱབ་གྱུར་ཅིག །དེ་ལྟར་དགེ་རྩ་ཐམས་ཅད་གཅིག་བསྡུས་ཏེ། །ཕ་དང་མ་དང་སློབ་མ་ཡོན་བདག་དང་། །བདག་ལ་འབྲེལ་བ་ཐོགས་ཚད་གཙོར་བྱས་པའི། །འགྲོ་དྲུག་སེམས་ཅན་མ་ལུས་ཀུན་ལ་བསྔོ། །ངན་སོང་འཁོར་བའི་སྡུག་བསྔལ་ཀུན་བྲལ་ནས། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །དེ་ལྟར་དགེ་རྩ་དེ་དག་ཀུན་བསྡུས་ཏེ། །བདག་གི་རྒྱུད་ལ་ད་ལྟ་སྐད་ཅིག་ཉིད། །སྨིན་ནས་དེ་ཡི་འབྲས་བུ་གསལ་གྱུར་ཅིག །ནད་གདོན་འཇིགས་


CMR044_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅུ་དྲུག་ཀུན་ཞི་ནས། །ཚེ་དང་བསོད་ནམས་ཉམས་རྟོགས་འཕེལ་གྱུར་ཅིག །བྱང་ཆུབ་བསྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་གྱུར་ཅིག །བདག་གི་རིགས་རྒྱུད་ཆོས་བརྒྱུད་ཐམས་ཅད་ནི། །ཇི་སྲིད་གསང་སྔགས་བསྟན་པ་གནས་ཀྱི་བར། །གང་གཱའི་རྒྱུན་བཞིན་འཕེལ་ཞིང་རྒྱས་པ་དང་། །མཁས་བཙུན་བཟང་པོའི་ཡོན་ཏན་ཀུན་ལྡན་ཞིང་། །མི་ནུབ་བསྟན་པའི་རྒྱལ་མཚན་ཚུགས་གྱུར་ཅིག །ཡུལ་ཕྱོགས་འདི་དང་ཡངས་པའི་རྒྱལ་ཁམས་སུ། །ཡམས་ནད་མུ་གེ་འཁྲུག་རྩོད་མི་འབྱུང་ཞིང་། །ལོ་ལེགས་བདེ་སྐྱིད་ཕུན་སུམ་ཚོགས་གྱུར་ཅིག །བདག་ནི་ནམ་ཞིག་འཆི་བའི་དུས་ཀྱི་ཚེ། །དུག་མཚོན་བསམ་སྦྱོར་ངན་པ་མི་འབྱུང་ཞིང་། །གནད་གཅོད་ཟུག་ཟེར་ཆགས་ཞེན་མེད་གྱུར་ཅིག །དྲན་པ་གསལ་ཞིང་ཐིམ་རིམ་ངོས་ཟིན་ནས། །འཆི་བ་འོད་གསལ་མ་བུ་འཕྲད་གྱུར་ཅིག །འོད་གསལ་ངང་དུ་ཅི་འདོད་གནས་པ་དང་། །དེ་ལ་འབྲོག་སོགས་བར་ཆད་མེད་གྱུར་ཅིག །དེ་ནས་འཁོར་བའི་སྒོ་བརྒྱད་བཀག་བྱས་ཏེ། །ཤེས་བཞིན་ཚངས་པའི་བུག་ནས་འཕོ་གྱུར་ཅིག །དེ་ནས་འོད་གསལ་གཉིས་པ་ངོ་


CMR044_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོད་དེ། །དེ་ཡི་ངང་ལ་ཅི་འདོད་གནས་གྱུར་ཅིག །དེ་ནས་ཡི་དམ་ཐུགས་རྗེ་ཆེན་པོའི་སྐུ། །བསྒོམས་པས་བར་དོ་ཡིད་ལུས་གནས་གྱུར་ནས། །ལྷ་སྐུ་ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ཅིག །གལ་ཏེ་སྒྲ་འོད་ཟེར་གསུམ་ཞི་ཁྲོའི་ལྷ། །ཤར་ནས་མི་སྐྲག་རང་ངོ་ཤེས་གྱུར་ནས། །ཡི་དམ་ལྷ་དང་དགོངས་པ་མཉམ་གྱུར་ཅིག །ཁྱད་པར་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །དགེ་སློང་དགེ་འདུན་ཚོགས་ཀྱིས་མདུན་བདར་ཏེ། །བསུ་བའི་ཚུལ་གྱིས་མདུན་དེར་འབྱོན་གྱུར་ཅིག །སྨན་བླའི་དྲུང་ནས་བྱང་ཆུབ་སེམས་དཔའ་བརྒྱད། །ནམ་མཁར་བྱོན་ནས་བདེ་ཆེན་ཞིང་ཁམས་སུ། །འགྲོ་བའི་ལམ་ཡང་གསལ་བར་སྟོན་གྱུར་ཅིག །ཕྱག་བཞི་པ་དང་ཞིང་སྐྱོང་རྣམ་སྲས་སོགས། །ཡེ་ཤེས་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས། །ཞིང་ཁམས་བསྒྲོད་པའི་ལམ་གྱི་བར་ཆད་སྲུངས། །བདེ་བ་ཅན་གྱི་ཞིང་དེར་སྐྱེས་གྱུར་ཅིག །འོད་དཔག་མེད་པའི་སྐུ་རྒྱབ་རྟེན་པའི་ཤིང་། །མཐོ་ཚད་དཔག་ཚད་སྟོང་དང་དྲུག་བརྒྱ་པ། །དེ་མཐོང་ཡོན་ཏན་དཔག་མེད་ཐོབ་པར་ཤོག །དེ་ཡི་དྲུང་ན་རིན་ཆེན་རྨ་བྱའི་ཁྲིར། །རྒྱལ་བ་འོད་དཔག་མེད་པ་མཚན་དཔེ་འབར། །སྤྱན་རས་གཟིགས་


CMR044_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུ་ཆེན་ཐོབ་ལ་སོགས། །བྱང་ཆུབ་སེམས་དཔའི་དགེ་འདུན་འཁོར་དང་བཅས། །མངོན་སུམ་ལྷང་ངེར་བདག་གིས་མཐོང་གྱུར་ཅིག །སྐུ་ཡི་འོད་ཟེར་ཕོག་པས་སྒྲིབ་པ་དག །ལུས་ངག་ཡིད་གསུམ་དགའ་ཞིང་བདེ་བ་རྒྱས། །མེ་ཏོག་པདྨའི་སྦུབས་སུ་བདག་ཞུགས་ནས། །སྐད་ཅིག་དེ་ལ་བརྫུས་ཏེ་སྐྱེ་གྱུར་ཅིག །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་དཔེ་ཀུན་རྫོགས་འོད་ཟེར་འབར་བའི་ལུས། །ཞིང་དེའི་སེམས་པ་གཞན་དང་མཚུངས་གྱུར་ཅིག །དེ་མ་ཐག་ཏུ་པདྨ་ཁ་བྱེ་སྟེ། །རྒྱལ་བ་འོད་དཔག་མེད་པ་མཐོང་གྱུར་ཅིག །རང་གི་ལག་པའི་མཐིལ་ནས་མཆོད་པའི་སྤྲིན། །དཔག་མེད་སྤྲུལ་ནས་རྒྱལ་བ་མཆོད་གྱུར་ཅིག །འོད་དཔག་མེད་ཀྱི་ཕྱག་གིས་དབང་གནང་ནས། །བྱང་ཆུབ་མཆོག་གི་ལུང་བསྟན་ཐོབ་གྱུར་ཅིག །དེ་མ་ཐག་ཏུ་རབ་དགའི་ས་ཐོབ་ནས། །རིམ་གྱིས་ས་བཅུ་མངོན་དུ་བྱེད་གྱུར་ཅིག །པོ་ཊ་ལ་དང་ཟངས་མདོག་དཔལ་གྱི་རི། །དགའ་ལྡན་ལྕང་ལོ་ཅན་དང་ཨོ་རྒྱན་ཡུལ། །འོག་མིན་འཐུགས་པོ་བཀོད་དང་མངོན་པར་དགའ། །རྫུ་འཕྲུལ་སྟོབས་ཀྱིས་སྐད་ཅིག་བགྲོད་བྱ་ཞིང་། །ཞིང་དེའི་གཙོ་


CMR044_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྣམས་ལ་མཆོད་སྤྲིན་མཆོད། །དབང་དང་གདམས་ངག་ཞུས་ནས་སྐད་ཅིག་ལ། །སླར་ཡང་བདེ་བ་ཅན་དུ་སླེབས་གྱུར་ཅིག །བདག་དང་སློབ་མ་བརྒྱུད་པར་བཅས་པ་ལ། །ཟས་ནོར་ཆོས་ཀྱིས་འབྲེལ་པའི་འགྲོ་བ་ཀུན། །ནམ་ཞིག་བར་དོར་འཁྱམས་པ་དེ་ཡི་ཚེ། །བདག་གི་མངོན་པར་ཤེས་པས་དེ་མཐོང་ནས། །རྫུ་འཕྲུལ་སྟོབས་ཀྱིས་སྐད་ཅིག་དེར་འོང་སྟེ། །བདེ་བ་ཅན་གྱི་ཞིང་དེར་ཁྲིད་གྱུར་ཅིག །འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ན། །བྱམས་པ་ལ་སོགས་བསྐལ་བཟང་སངས་རྒྱས་སྟོང་། །བྱེ་བ་ཕྲག་བརྒྱ་རིམ་བཞིན་བྱོན་ནས་ཀྱང་། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །སྐད་ཅིག་ཉིད་ལ་བདག་ཀྱང་དེར་འོང་ནས། །སངས་རྒྱས་མཆོད་ཅིང་དམ་ཆོས་ཉན་བྱས་ཏེ། །སྐད་ཅིག་ཉིད་ལ་བདེ་ཆེན་ཞིང་སླེབས་ཤོག །དེ་བཞིན་ཤར་ཕྱོགས་བཻཌཱུརྱ་སྣང་ཞིང་། །ལྷོ་ཕྱོགས་དཔལ་ལྡན་ཞིང་དང་ལས་རབ་རྫོགས། །དག་པའི་ཞིང་ཁམས་རབ་འབྱམས་ཐམས་ཅད་དུ། །རྫུ་འཕྲུལ་སྟོབས་ཀྱིས་སྐད་ཅིག་བགྲོད་བྱེད་ཅིང་། །དབང་དང་གདམས་ངག་ནོད་ནས་སྐད་ཅིག་ལ། །བདེ་བ་ཅན་གྱི་ཞིང་དེར་ཕྱིན་པར་ཤོག །འོད་དཔག་མེད་པའི་སྐུ་ཚེ་


CMR044_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པའི་ཡུན། །ཇི་སྲིད་གནས་བར་ཞིང་དེར་བདག་གནས་ཤོག །དེ་བཞིན་འོད་ཟེར་དཔལ་བརྩེགས་རྒྱལ་པོ་ཡི། །སྐུ་ཚེ་བསྟན་པ་ཇི་སྲིད་གནས་བར་དང་། །ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ་ཡི། །སྐུ་ཚེ་ཇི་སྲིད་གནས་པ་དེ་ཡི་བར། །བདག་ནི་ཞིང་དེར་ཁོ་ནར་འཛིན་པར་ཤོག །དེ་ནི་བདག་གི་ཚེ་དེ་བརྗེས་མ་ཐག །ཞིང་ཁམས་དེའམ་དག་པའི་ཞིང་ཁམས་སུ། །བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ། །པདྨ་ཆུ་སྐྱེས་དྲི་མེད་ཅེས་བྱར་ཤོག །དེ་ཡི་སྐུ་ཚེ་བསྟན་པ་འཁོར་ལ་སོགས། །འོད་དཔག་མེད་པ་ཉིད་དང་མཚུངས་པར་ཤོག །བདག་ཉིད་ནམ་ཞིག་རབ་དགའི་ས་ཐོབ་ནས། །སྤྲུལ་པ་ཡང་སྤྲུལ་མང་པོ་འབྱེད་པ་ཡང་། །གཞན་ཕན་ཕྲན་ཚེགས་ཙམ་པ་མ་ཡིན་པར། །སྤྱན་རས་གཟིགས་དབང་བྱེ་བ་ཕྲག་བརྒྱ་ཡི། །འགྲོ་དོན་གཅིག་ཏུ་བསྡུས་འདྲའི་ཕྲིན་ལས་དང་། །འཇམ་དབྱངས་བྱེ་བ་ཕྲག་བརྒྱའི་མཁྱེན་རབ་དང་། །ཕྱག་རྡོར་བྱེ་བ་ཕྲག་བརྒྱའི་མཐུ་སྟོབས་དང་། །ཨོ་རྒྱན་བྱེ་བ་ཕྲག་བརྒྱའི་རྫུ་འཕྲུལ་དང་། །རྣམ་སྲས་བྱེ་བ་ཕྲག་བརྒྱའི་དཔལ་འབྱོར་རྣམས། །གཅིག་ཏུ་བསྡུས་འདྲ་ཁོ་ནར་འབྱུང་བར་ཤོག །དེ་


CMR044_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་བརླབས་ཆེན་མཛད་པའི་ཕྲིན་ལས་ཀྱིས། །སྲིད་པ་ཇི་སྲིད་འགྲོ་དོན་བྱེད་པ་ལ། །འཕགས་མཆོག་རིགས་གསུམ་མགོན་དང་དབྱེར་མེད་ཤོག །བདག་ནི་སྐྱེ་བ་འདི་དང་སྐྱེ་བ་གཞན། །ཟས་ནོར་ཆོས་ཀྱིས་འབྲེལ་པ་ཐོབ་པ་དང་། །མཐོང་དང་ཐོས་དང་དད་ཅིང་གུས་པ་ཡིས། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ཤ་ཁྲག་རུས་དང་སྐྲ་དང་གོས་དུམ་སོགས། །ལུས་ལ་འཆང་ངམ་དེ་ཡི་དྲི་ཚོར་བ། །ནད་རིགས་གདོན་རིགས་ཐམས་ཅད་ཞི་བ་དང་། །ངན་སོང་གསུམ་གྱི་སྐྱེ་སྒོ་ཆོད་པར་ཤོག །འཕགས་པ་དཀོན་མཆོག་གསུམ་ཚེགྱི་བྱིན་རླབས་དང་། །སངས་རྒྱས་བྱང་སེམས་ཀུན་གྱི་ཐུགས་རྗེ་དང་། །ཆོས་ཉིད་གདོད་ནས་རྣམ་པར་དག་པ་ཡི། །བདེན་ལྡན་ཇི་སྙེད་རྣམས་ཀྱི་བདེན་སྟོབས་ཀྱིས། །སྨོན་ལམ་དེ་དག་བསླུ་མེད་འགྲུབ་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ་པཉྩ་དྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ། ཞེས་པ་འདི་ནི་མེ་མོ་ལུག་གི་ལོ་ཆོ་འཕྲུལ་ཆེན་པོའི་ཡར་ཚེས་བརྒྱད་ཀྱི་ཉིན། །དུང་ཕྱུར་ཁ་གང་བའི་དགའ་སྟོན་ཚོགས་འཁོར་དུས། །གཉིས་མེད་རཱ་ག་ཨ་སྱས་བདག་གིས་སྨྲས། །ཡི་གེ་པ་ནི་བེ་ཁྲོ་དགེ་བཤེས་པདྨ་སྦྱིན་པའོ། །སྨོན་ལམ་འདེབས་དུས་ཚེས་བདུན་ཉིན། །སརྦ་མངྒ་ལཾ།། །།


previousཡིག་དྲུག་དུང་ཁ་གང་དུས་དགའ་སྟོན་བྱེད་ཅིང་སྨོན་ལམ་འདེབས་པ།next