Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
ཚེ་དབང་གྲུབ་པའི་རྒྱལ་མོའི་ལོ་རྒྱུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་དབང་གྲུབ་པའི་རྒྱལ་མོའི་ལོ་རྒྱུས།next

ཚེ་དབང་གྲུབ་པའི་རྒྱལ་མོའི་ལོ་རྒྱུས།


CMR044_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དབང་གྲུབ་པའི་རྒྱལ་མོའི་ལོ་རྒྱུས་ལགས་སོ། །འོ་ན་ཚེ་དབང་ཟབ་མོ་ཞུ་བའི་ཐོག་མར་ལོ་རྒྱུས་ཟུར་ཙམ་ཞུ་ན། འདི་ནས་ནུབ་ཀྱི་ཕྱོགས་བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་བདེ་སྐྱིད་ཕུན་སུམ་ཚོགས་ཤིང་ངན་སོང་དང་སྡུག་བསྔལ་གྱི་མིང་ཡང་མི་གྲགས་པ་དེ་ན། སངས་རྒྱས་ཚེ་དཔག་མེད་དེ་བཞུགས་ཏེ། སྐུ་ཚེའི་ཚད་སུས་ཀྱང་བགྲང་བར་མི་ནུས་པས། སངས་རྒྱས་ཚེ་དཔག་མེད་པ་ཞེས་བྱའོ། །ཞིང་ཁམས་དེ་དང་སངས་རྒྱས་དེའི་མཚན་ལན་གཅིག་ཐོས་ཤིང་དད་པ་གཅིག་ཙམ་སྐྱེས་ན་ཡང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གསུངས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཚེའི་མདོ་མང་པོ་གསུངས་སོ། །ནང་ལྟར་ན་ཚེ་དཔག་མེད་པ་ཉིད་ཀྱིས་ཚེའི་རྒྱུད་ཏན་བཅོ་བརྒྱད་ལ་སོགས་པ་གསུངས་པ་ལས། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་གོས་དཀར་མོའི་སྤྲུལ་པ་མ་གཅིག་གྲུབ་པའི་རྒྱལ་མོ་བརྫུས་སྐྱེས་སུ་པདྨའི་སྦུབས་སུ་འཁྲུངས་ཏེ། དེ་ཉིད་རྫུ་འཕྲུལ་གྱིས་བདེ་བ་ཅན་དུ་བྱོན་ནས་ཚེའི་རྒྱུད་གཞུང་དབང་ལུང་རྣམས་ཚེ་དཔག་མེད་ཉིད་ལ་ཞུས་པས། འཆི་མེད་ཚེའི་རིག་འཛིན་ཐོབ་སྟེ་ལོ་ལྔ་བརྒྱ་ལོན་ཀྱང་ལོ་བཅུ་དྲུག་གི་ན་ཚོད་དུ་བཞུགས་སོ། །དེ་ལྟ་


CMR044_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་མཁའ་འགྲོ་མ་དེས་ཚེ་དཔག་མེད་རྩ་བའི་རྒྱུད་འབུམ་པ་དང་། བཤད་པའི་རྒྱུད་འོད་ཟེར་དྲྭ་བ་གཉིས་ལ་བརྟེན་ནས། ཕྱི་སྒྲུབ་ལྷ་གཅིག་བུམ་གཅིག །ནང་སྒྲུབ་ཞི་བ་ལྷ་མང་། གསང་སྒྲུབ་ཁྲོ་བོ་ལྷ་མང་སོགས་མཛད་དོ། །དེ་ནས་རས་ཆུང་རྡོ་རྗེ་གྲགས་པ་དེ་རྒྱ་གར་དུ་ལན་གསུམ་བྱོན་པས། རྒྱབ་རེས་བླ་མ་ཏེ་པུ་པའི་ཞལ་ནས། དེ་རིང་ཚོང་དུས་ཕ་ཀི་ན་ལྟད་མོ་ལ་སོང་གསུངས། དེར་བྱོན་པས་ཨ་ཙ་ར་ཁྲི་སྙན་གྱི་པགས་པ་ཕྲག་ལ་བཀལ་བ། རྭ་དུང་འབུད་པ་གཅིག་དང་འཕྲད་པས། བོད་ཕྲུག་སྙིང་རྗེ་བ་གཅིག་འདུག་སྟེ།། ཁྱོད་ལ་ཚེ་ཞག་བདུན་ལས་མི་འདུག་ཟེར། དེ་ནས་རས་ཆུང་བ་སྒུག་ནས་མགྱོགས་པར་འོངས་ཏེ་བླ་མ་ལ་ཞུས་པས། ཁྱོད་ལ་ཚེ་དེ་བས་མེད་པ་ངས་ཀྱང་ཤེས་ཏེ། །ཁྱོད་ཡིད་ཆེས་ཕྱིར་བཏང་བ་ཡིན། ད་སྐྲག་མི་དགོས། མ་གཅིག་གྲུབ་པའི་རྒྱལ་མོ་མཇལ་དུ་འགྲོ་གསུངས་ནས་བྱོན། ལོ་རྒྱུས་ཞུས་པས། གྲུབ་པའི་རྒྱལ་མོས་ཚེ་དབང་འདི་གནང་ནས། རས་ཆུང་བ་ཁྱོད་ལོ་ཅི་ཙམ་ཐུབ་པར་འདོད་གསུངས། ང་རང་ཤི་ན་ཡང་ལེགས་སྙམ་པའི་བར་ཐུབ་པར་འདོད་ཞུས་པས། བོད་བསམ་པ་མཐོན་པོ་ལ་ངེས་པ་


CMR044_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མེད། བུ་ཕའི་ཚེ་དང་མཉམ་པར་བྱེད་གསུངས་ནས་དགུང་ལོ་བཞི་བཅུ་བསྐོར་ནས་སླར་ཡང་བཞི་བཅུ་འཕེལ་ཏེ། མི་ལའི་ཚེ་ཚད་བརྒྱད་ཅུ་གྱ་བརྒྱད་བར་བསྲིངས། །དེས་ན་ཏི་པུ་པས་ཀྱང་ཚེ་དབང་འདི་གནང་སྟེ། ཚེ་སྒྲུབ་འདི་ངས་ཀྱང་ཤེས་ཏེ་གྲུབ་པའི་རྒྱལ་མོ་ཚེ་རིང་བས་ཁྱོད་ཡིད་ཆེས་ཕྱིར་ཞུ་བཅུག་པ་ཡིན་གསུངས། དེ་ནས་བོད་དུ་བྱོན་པས། རྗེ་མི་ལའི་ཞལ་ནས། རས་ཆུང་བ་ཁྱོད་ཀྱིས་སྔར་བོད་དུ་མ་གྲགས་པའི་ཆོས་ཟབ་མོ་ཞིག་མཇལ་སྐྱེལ་བའི་ཚུལ་དུ་ཕུལ་ཅིག་གསུངས་པས། རས་ཆུང་བས་རྒྱ་གར་ནས་རྒྱུད་འགྲེལ་བརྒྱ་རྩ་བརྒྱད་གདན་དྲངས་པའི་ནང་ནས་ཚེ་སྒྲུབ་འདི་ཟབ་པར་དགོངས་ནས། མི་ལ་ལ་ཕུལ་ནས། མི་ལས་དྭགས་པོ། །དེས་ཕག་གྲུ་ལ་བརྒྱུད་པ་དང་། རས་ཆུང་བས་ཟངས་རི་རས་པ་ལ། དེས་འགྲོ་མགོན་རས་ཆེན་ནས་དོན་བརྒྱུད་ལྟར་བརྒྱུད་དོ། །ཚེའི་གཟུངས་འདི་བྱ་རི་དྭགས་ཀྱི་རྣ་ལམ་དུ་ཐོས་ཀྱང་། བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པ་དང་། ཚེ་དཔག་མེད་པའི་མཚན་ཐོས་ནུ་ཡང་ཕན་ཡོན་དུ་མ་གསུངས་ན། དབང་ཐོབ་ན་ལྟ་ཅི་སྨོས། དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ཞེས་ཨ་རཱ་གས་


CMR044_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་པའོ།། །།


previousཚེ་དབང་གྲུབ་པའི་རྒྱལ་མོའི་ལོ་རྒྱུས།next