Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
རྗེ་དྲུག་པས་བསྩལ་བའི་སྒྲོལ་དཀར་བསྡུས་པའི་ལྷན་ཐབས་ཀྱི་མདུན་བུམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་དྲུག་པས་བསྩལ་བའི་སྒྲོལ་དཀར་བསྡུས་པའི་ལྷན་ཐབས་ཀྱི་མདུན་བུམ།next

རྗེ་དྲུག་པས་བསྩལ་བའི་སྒྲོལ་དཀར་བསྡུས་པའི་ལྷན་ཐབས་ཀྱི་མདུན་བུམ།


CMR044_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དྲུག་པས་བསྩལ་བའི་སྒྲོལ་དཀར་བསྡུས་པའི་ལྷན་ཐབས་ཀྱི་མདུན་བུམ་བཞུགས་སོ།


CMR044_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་ཏཱ་རེ་ཡེ། རྗེ་རྒྱལ་བ་ཐམས་ཅད་མཁྱེན་པ་ཞྭ་དམར་རིན་པོ་ཆེ་དྲུག་པས་བསྩལ་བའི་སྒྲོལ་དཀར་བསྡུས་པའི་ཁ་སྐོང་ལྷན་ཐབས་མདུན་བུམ་ནི། །མཎྜལ་ཚོམ་བུ་བུམ་པ་མཆོད་གཏོར་འདུ་བར་བྱས་ལ་བདག་བསྐྱེད་སྔོན་དུ་སོང་ནས། ཨོཾ་ཤཱ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉཧཾ། ཧཱུྃ་ལས་བུམ་པའི་ནང་དུ་མཎྜལ་སྟེང་། །གཞལ་ཡས་ཁང་དབུས་པདྨ་ཟླ་བའི་སྟེང་། །ཏཱཾ་ཡིག་དཀར་པོའི་འོད་ཀྱིས་འཕགས་པ་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་ཡོངས་གྱུར་ལས། །འཕགས་མ་སྒྲོལ་མ་རབ་དཀར་ཞི་འཛུམ་ཅན། །ཕྱག་གཉིས་གཡས་པས་མཆོག་སྦྱིན་གཡོན་པ་ན། །མཐེབ་སྲིན་སྦྱར་


CMR044_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཨུཏྤལ་ཡུ་བ་འཛིན། །བྱེ་དང་མ་བྱེ་མེ་ཏོག་ལྷག་པ་ཡི། །རྩེ་མོ་གསུམ་གྱི་དུས་གསུམ་སངས་རྒྱས་མཚོན། །སྒེག་ཅིང་ཡིད་འོང་ཡེ་ཤེས་སྤྱན་བདུན་ལྡན། །རིན་ཆེན་རྒྱན་སྤྲས་དར་དཔྱངས་སྨད་གཡོགས་གསོལ། །དབུ་སྐྲ་ནག་ལ་སྣུམ་པ་བཅིངས་ཤིང་གྲོལ། །རྡོ་རྗེའི་གདན་ལ་བཞུགས་པའི་གནས་གསུམ་པོ། །འབྲུ་གསུམ་མཚན་དང་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་ཡེ་ཤེས་པ་དང་དབང་ལྷ་རྣམས། །ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛ། །པོ་ཊ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་དཀར་པོ་ལས་འཁྲུངས་ཤིང་། །ཏཱཾ་ཡིག་འོད་


CMR044_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འགྲོ་བ་སྒྲོལ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །འཕགས་མ་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བ་ནི་བཞུགས་སུ་གསོལ། །ཨོཾ་ཨཱརྱ་ཏཱ་རེ་པདྨ་ཀ་མ་ལཱ་ཡེ་སྟེ། ཛཿཧཱུྃ་བཾ་ཧོ༔དམ་ཡེ་དབྱེར་མེད་འདྲེས། །དབང་ལྷས་དབང་བསྐུར་རིགས་བདག་གིས་མཚན་པའི། །ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་ལྟེ་བར་ཧཱུྃ། །གཡས་གཡོན་ཨོཾ་ཧཱ་ལྷག་མའི་ཡི་གེ་བརྒྱད། །རྩིབས་སྟེང་གནས་པའི་འཁོར་ལོ་མུ་ཁྱུད་ལྔ། །དབྱངས་གསལ་རྟེན་འབྲེལ་རྡོ་རྭ་པོ་མེ་རིས་བསྐོར། །འོད་ཟེར་འཕྲོ་འདུས་འཆི་མེད་ཚེ་ལ་སོགས། །ཡོན་ཏན་ཡེ་ཤེས་ཐམས་ཅད་འཕེལ་བར་གྱུར། །ཅེས་བསྒོམས་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་སམ། །ཡང་ན། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨཱ་ཡུཔུཎྱེ་ཛྙཱ་ན་པུཊྚི་ཀུ་རུ་ཡེ་སྭ་ཧཱ། ཞེས་པ་ཅི་འགྲུབ་དང་། གཟུངས་ཐག་བརྒྱུད་ནས་འོད་འཕྲོས་བུམ་ལྷ་བསྐུལ། །ཐུགས་ཀའི་འོད་ཀྱིས་བརྟན་


CMR044_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གཡོའི་ཚེ་བཅུད་བསྡུས། །སྐུ་ལས་བདུད་རྩིའི་རྒྱུན་བབ་བུམ་པ་གང་། །གོང་ལྟར་ཡིག་བཅུའམ། ཡང་ན་ཚེ་སྙིང་དང་། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་སརྦ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས། ལས་བུམ་ནང་དུ་བདུད་རྩི་འཁྱིལ་པ་གསལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་ལན་བདུན་བཟླས། ཧཱུྃ་ལས་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་བགྱིའོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པའི། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཨོཾ་ཨཱརྱ་ཏཱ་རེ་ཨརྒྷཾ། པཱདྡྷཾ། པུཥཱ། དྷ་པེ། །ཨཱ་ལོ་ཀེ། གྷནྡྷེ། ནི་ཝི་ཏྱཱ། ཤཔྟ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤུ་ར་ཎ་ས་མ་ཡེ་ཧཱུྃ། རྒྱལ་ཡུམ་ཟག་མེད་འབྱོར་པ་མངའ་སྒྱུར་ཡང་། །འགྲོ་བའི་དོན་དུ་འདོད་ཡོན་རྣམ་ལྔ་ཡིས། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །བསོད་ནམས་མི་བཟད་གཏེར་ལ་སྤྱོད་


CMR044_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ཨོཾ་ཨཱརྱ་ཏཱ་རེ་རུ་པ་ཤབྡ་གནྡྷེ་རྭ་ས་སྤངྒེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །འཕགས་མ་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་དམིགས་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་ཨཱརྱ་ཏཱ་རེ་སསྟ་རཏྣ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྨྲ་ར་ཎ་ས་མ་ཡེ་ཧཱུྃ། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བའི་ཡུམ་དང་བྱང་ཆུབ་སེམས་དཔའ་རྣམས། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨོཾ་ཨཱརྱ་ཏཱ་རེ་ཨཊྚ་མངྒ་ལཾ་དྲ་བྱ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རིན་ཆེན་གདུགས་དང་གསེར་ཉ་པདྨ་དུང་། །བུམ་པ་དཔའ་བེའུ་རྒྱལ་མཚན་འཁོར་ལོ་སྟེ། །ལྷ་ཡི་དགའ་ཚལ་མཛེས་པར་བྱེད་པ་ཡི། །བཀྲ་ཤིས་རྟགས་བརྒྱུད་དག་ནི་འབུལ་བར་བགྱི། །ཨོཾ་ཨཱརྱ་ཏཱ་རེ་ཨཊྚ་མངྒ་ལཾ་ཧེ་ཏུ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། བསོད་ནམས་ཡེ་ཤེས་སྐུ་ལྔ་བརྙེས་པ་ལ། །རིན་ཆེན་སྨན་འབྲུ་དྲི་དང་སྙིང་པོ་སོགས། །ལྔ་ཕྲག་ལྔ་ལྡན་རྫས་མཆོག་མཆོད་པ་འབུལ། །འགྲོ་བའི་


CMR044_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སྙིང་པོ་རྟོགས་པར་ཤོག །ཨོཾ་ཨཱརྱ་ཏཱ་རེ་གརྦྷ་པཉྩ་སརྦ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཐེག་མཆོག་བླ་བྲེ་གདུགས་དང་བ་དན་དང་། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་སྟེང་འཕན་དང་། །གར་དང་རོལ་མོ་མཆོད་པའི་སྒྲ་དབྱངས་ཀྱིས། །འཕགས་མའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་བགྱི། །ཨོཾ་ཨཱརྱ་ཏཱ་རེ་སརྦ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞིང་ཁམས་རྣམ་དག་རྡོ་རྗེའི་ས་གཞི་ལ། །གླིང་བཞི་རི་རབ་ལ་སོགས་མཆོད་པའི་སྤྲིན། །རབ་འབྱམས་བསམ་ཡས་རྡོ་རྗེའི་རྒྱན་ཕྲེང་འབར། །རྡོ་རྗེའི་མཎྜལ་བླ་མེད་བཀོད་པ་འདི། །རྡོ་རྗེ་སྒྲོལ་མ་སངས་རྒྱས་ཀུན་ཡུམ་མར། །མཆོག་ཏུ་དད་པས་ཀུན་ཏུ་བདག་འབུལ་ལོ། །བདག་དང་འགྲོ་བ་རྟག་ཏུ་བདེ་ལེགས་ཀྱིས། །གཞལ་ཡས་འབྱོར་པ་ཟད་མེད་བསྩལ་དུ་གསོལ། །ཨོཾ་ཨཱརྱ་ཏཱ་རེ་མཎྜ་ལ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་འཕགས་མ་སྲས་བཅས་ལ། །དད་པས་ཕུལ་བའི་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་


CMR044_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ནམ་མཁའ་མཛོད་ཀྱི་ཕྱག་རྒྱས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདུད་རྩིས་རྒྱ་མཚོར་བྱིན་གྱིས་བརླབས་ནས། ཨོཾཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ་ནས། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་ཅག་རྗེ་ཞེས་བྱ་འཁོར་བཅས་རྣམས། །ཚེ་རིང་ལྕེ་ནད་མེད་འཇིགས་པ་ཐམས་ཅད་ནི། །བསོད་ནམས་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ། །ཕྱི་མ་བདེ་བ་ཅན་དུ་བརྫུས་སྐྱེས་ནས། །འགྲོ་བའི་དོན་དུ་བྱང་ཆུབ་ཐོབ་པར་ཤོག །ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་བསྟོད། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད། །སྟོན་ཀའི་ཟླ་བའི་མདོག་འདྲ་ཞིང་། །ཟླ་བ་ལ་ནི་རྒྱབ་རྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་བསྟོད། །བཅུ་དྲུག་


CMR044_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འཆང་བའི་ཡུམ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །འཁོར་ལོ་དཀར་མོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་འཁོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་ཆད་དང་། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱོད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱེད་ལ་གསོལ་འདེབས་ཀྱིས། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །ལྷ་མོའི་སྐུ་མདོག་ཟླ་འདྲའི་མདོག་།སྒེག་ཅིང་དུལ་བའི་ཆ་བྱད་ཅན། །


CMR044_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བཟང་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པའི་དར་གྱི་སྨད་གཡོགས་ཅན། །པདྨ་ཟླ་བའི་གདན་དབུས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཞལ་གཅིག་བྷཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། །ཁྱོད་ལ་བག་ཙམ་བསྟོད་པ་ནི། །བདག་ཅག་བྱང་ཆུབ་བསྒྲུབ་པ་ལ། །དུས་འདི་ནས་བཟུང་བྱང་ཆུབ་བར་། །མི་མཐུན་ཕྱོགས་རྣམས་ཞི་གྱུར་ཅིག །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །ཅེས་བསྟོད། བུམ་ལྷ་འོད་ཞུ་བུམ་ཆུ་དང་འདྲེས་ཤིང་། །ལས་བུམ་ཁྲོ་བོའི་བགེགས་རྣམས་བཟློག་པར་མཛོད། །སྐབས་འདིར་བདག་འཇུག་ལེན་པ་དང་བསྐུར་བ་སོགས་བྱའོ། །རྗེས་ཆོག་ནི། ཨོཾ་ཨཱརྱ་ཏཱ་རེ་ཨརྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད། །སོགས་ཀྱིས་མཆོད། ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་


CMR044_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཤོག །བཟོད་གསོལ་བྱ། མདུན་བསྐྱེད་ཡེ་ཤེས་པ་གཤེགས་སམ་རྟེན་ལ་ཐིམ་པར་བསམ་དམ་ཚིག་པ་བདག་ལ་བསྟིམས། ཐུན་བསྡུ་བ་ནི། བཅོམ་ལྡན་འདས་མ་འོད་ཞུ་ས་བོན་ལ། །ཐིམ་ཞིང་དེ་ཡང་མི་དམིགས་འོད་གསལ་བ། །སླར་ཡང་ཟུང་འཇུག་སྐུ་ཡིས་འགྲོ་དོན་བྱ། །དགེ་བས་འགྲོ་ཀུན་ཤེར་ཕྱིན་ཡུམ་འགྲུབ་ཤོག །ཅེས་པ་འདི་ནི་རང་གི་ཐུགས་དམ་བྱ་བའི་ཆེད་དུ་སྔར་གྱི་བཀའ་གདམས་ཡིག་རྙིང་དང་། རྒྱ་གཞུང་གཉིས་དང་། སྤྱན་སྔ་ཆོས་གྲགས་དང་། དཔའ་བོ་གཙུག་ལག་ཕྲེང་བ་དང་། དཀོན་མཆོག་འབངས་དང་རྗེ་དབང་ཕྱུག་རྡོ་རྗེས་མཛད་པ་ཐམས་ཅད་གོ་བསྟུན་ཏེ། རྗེ་དྲུག་པས་མཛད་པའི་ཁ་བཀང་དུ་༧ཀརྨ་ཨ་རཱ་གས་ཆུ་སྟོད་ཟླ་བའི་ཚེས་བཅུ་གསུམ་ཉིན་སྔ་དྲོའི་ཚེ་ལ་རྫོགས་པར་བྲིས་པའོ། །འདི་ལ་ཟིན་བྲིས་རི་ཆོས་ནང་གི་ཚེ་གཡང་ཁ་སྤྲོད་དང་། པདྨ་ཐབས་མཁས་ལ་གནང་བ། ནང་ཆེན་ཨ་ཉོག་ལ་གནང་བ་སོགས་དུ་མ་ཡོད་པས་ཁ་བསྒྱུར་སོགས་དམིགས་བསྲུང་ཚེ་སྒྲུབ་སྦྱིན་སྲེག་ལས་ཚོགས་གང་དགོས་རིག་པས་དཔྱད། དགེ་བས་བཀྲ་ཤིས་བདེ་ལེགས་ཚེ་དང་བསོད་ནམས་སྟོབས། ཡར་ངོའི་ཟླ་འཕེལ་ཆོས་དང་མཐུན་པ་ཡིན། གེགས་མེད་མཐར་ཕྱིན་རྒྱལ་ཡུམ་ཉིད་འགྲུབ་ཤོག །དགེའོ།། ། ༧ བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousརྗེ་དྲུག་པས་བསྩལ་བའི་སྒྲོལ་དཀར་བསྡུས་པའི་ལྷན་ཐབས་ཀྱི་མདུན་བུམ།next