Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ལས་ལྷ་མོ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ཆོ་ག་ལས་ཚོགས་འདོན་ཆ་བཅས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ལས་ལྷ་མོ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ཆོ་ག་ལས་ཚོགས་འདོན་ཆ་བཅས།next

གནམ་ཆོས་ལས་ལྷ་མོ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ཆོ་ག་ལས་ཚོགས་འདོན་ཆ་བཅས།


CMR044_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལས་ལྷ་མོ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ཆོ་ག་ལས་ཚོགས་འདོན་ཆ་བཅས་བཞུགས།


CMR044_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་༔ འགྲོ་བའི་དོན་དུ་འཕགས་མ་བསྒྲུབ༔ རང་ཉིད་སྒྲོལ་མ་དཀར་མོ་དཀར༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ གཡས་པས་མཆོག་སྦྱིན་གཡོན་ཨུཏྤལ༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ དེ་ཡི་ཐུགས་ཀར་ཨུཏྤལ་ནི༔ དཀར་པོ་འདབ་མ་དགུ་པའི་ནང་༔ ལྟེ་བར་ཨོཾ་དང་སྔགས་གཡོན་བསྐོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ སྒྲོལ་མ་དཀར་མོ་ཡེ་ཤེས་པ༔ སྤྱན་དྲངས་ཐིམ་སྟེ་དབང་བསྐུར་གྱུར༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་པས་བསྙེན་པ་ཅི་ནུས་


CMR044_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འབད༔ ཐུན་མཚམས་རང་གི་ཐུགས་ཀ་ནས༔ འོད་འཕྲོས་སྒྲོལ་མ་སྤྱན་དྲངས་ཏེ༔ པོ་ཏ་ལ་ཡི་གནས་མཆོག་ནས༔ ཏཾ་ཡིག་དཀར་པོ་ལས་འཁྲུངས་ཤིང་ཡིག་འོད་ཀྱིས་འགྲོ་བ་འདྲེན༔ སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ༔ པདྨ་ཟླ་བའི་གདན་ལ་བཞུགས༔ མེ་ཏོག་བདུག་སྤོས་མར་མེ་ཞལ་ཟས་རོལ་མོ་ལ་སོགས་པ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ༔ འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ༔ ཞིང་ཁམས་རྡོ་རྗེའི་ས་གཞི་ལ༔ གླིང་བཞི་རི་རབ་མཆོད་པའི་སྤྲིན་༔ རབ་འབྱམས་བསམ་ཡས་རྒྱན་ཕྲེང་འབར༔ སྒྲོལ་མ་


CMR044_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་ཡུམ་མ༔ མཆོག་ཏུ་དད་པས་བདག་གིས་འབུལ༔ ཨོཾ༔ འཁོར་བ་ལས་སྒྲོལ་ཏཱ་རེ་མ༔ ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ༔ ཏུ་རེས་ན་བ་རྣམས་ལས་སྒྲོལ༔ སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད༔ པདྨ་དཀར་པོའི་དབུས་གནས་པ༔ ཟླ་བའི་གཟུགས་ཀྱི་གདན་སྟེང་དུ༔ རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ༔ མཆོག་སྦྱིན་མ་ལ་ཕྱག་འཚལ་བསྟོད༔ སྟོན་ཀའི་ཟླ་བའི་གཟུགས་འདྲ་ཞིང་༔ ཟླ་བ་ལ་ནི་རྒྱབ་རྟེན་མ༔ རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས༔ ཨུཏྤལ་བསྣམས་ལ་ཕྱག་འཚལ་བསྟོད༔ བཅུ་དྲུག་ལོ་ལོན་ལུས་དང་ལྡན༔ རྫོགས་སངས་རྒྱས་ཀུན་དེ་ཡི་སྲས༔ འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ༔ འཕགས་མ་སྒྲོལ་མ་ཕྱག་འཚལ་བསྟོད༔ འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ༔ ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ༔ ལྷ་མོ་ཁྱོད་ལ་གསོལ་བ་ནི༔ བདག་གི་ཚེ་ཡི་བར་ཆད་དང་༔ ནད་དང་སྡུག་བསྔལ་ཐམས་ཅད་ལ༔ ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ མ་ལུས་བདག་ལ་གནང་བར་མཛོད༔ བདག་ཅག་བྱང་ཆུབ་སྒྲུབ་པ་ལ༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ མི་


CMR044_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ཕྱོགས་རྣམས་ཞི་བ་དང་༔ མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག༔ མདུན་བསྐྱེད་སྒྲོལ་མ་བདག་ལ་ཐིམ༔ དེ་ཡང་མི་དམིགས་རྒྱལ་བའི་ཡུམ་སྨྲ་བསམ་བརྗོད་མེད་སྟོང་པ་ཉིད༔ དགེ་བས་བདག་དང་འགྲོ་བ་ཀུན༔ བླ་མེད་བྱང་ཆུབ་ཐོབ་པར་ཤོག༔ དེ་ལྟར་རྒྱུན་ཁྱེར་ཉམས་ལེན་ནམ༔ རྩེ་གཅིག་བསྒྲུབས་ན་ཐུན་བཞིར་འབད༔ དེ་ཚེ་ཐུན་མཚམས་དཀར་གསུམ་གྱི༔ གཏོར་མ་ཨ་ཀཱ་རོ་སོགས་ཀྱིས༔ བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ མགྲོན་རིགས་བཞི་པོ་སྤྱན་དྲངས་ཏེ༔ ཀུན་གྱིས་གཏོར་མ་གསོལ་བར་བསྒོམས༔ རྩ་སྔགས་བ་ལིཾ་ཏ་ནི་བཏགས༔ སེ་གོལ་གཏོགས་པས་རང་གནས་གཤེགས༔ བསོད་ནམས་བསགས་པའི་མཆོག་ཡིན་ནོ༔ དེ་ནས་འདི་ཡི་ཞལ་གདམས་ནི༔ ཚུལ་ཁྲིམས་མི་གཙང་སྐྱོན་ཡོད་པས༔ སྐུ་ལུས་དྲངས་པོ་བསྲངས་བར་བསྒོམས༔ ཕྱག་གཡོན་ཨུཏྤལ་ཡལ་ག་གསུམ༔ གཡས་པས་འབྲས་བུར་སྨིན་པ་སྟེ༔ གཡོན་པས་མེ་ཏོག་ཁ་མ་བྱེ༔ དབུས་མ་འདབ་བརྒྱད་བཀྲག་མདངས་ལྡན༔ དེ་གསུམ་དུས་གསུམ་སངས་རྒྱས་མཆོག༔ ཕྱག་ཞབས་བཞི་དང་དཔྲལ་བ་རུ༔ སྤྱན་རེ་ཡོད་པས་སྤྱན་བདུན་མ་རས་དཀར་སྟོད་གཡོགས་སྨད་དཀྲིས་དང་༔ མུ་ཏིག་ལ་སོགས་རིན་ཆེན་རྒྱུན༔ ཐམས་ཅད་དཀར་པོ་ཁོ་ན་བསྒོམས༔ ཟླ་བའི་གདན་ལ་རྒྱབ་ཡོལ་ཅན༔ ཐུགས་ཀར་ཨུཏྤལ་དཀར་


CMR044_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡི༔ ལྟེ་བར་ཨོཾ་ཡིག་དཀར་པོའི་མཐར༔ ཨོཾ་མེད་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་ཟླ་བའི་མདོག༔ ཕྱོགས་བཅུར་འཕྲོས་པའི་འོད་ཟེར་གྱིས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་མཆོད༔ དེ་དག་ཀུན་གྱི་བྱིན་རླབས་དང་༔ འགྲོ་བའི་བསོད་ནམས་འབྱུང་བའི་བཅུད༔ ཐམས་ཅད་བསྡུས་ནས་རང་ལ་བསྟིམས༔ ཚེ་བསོད་ཡེ་ཤེས་འཕེལ་བར་བསྒོམས༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ༔ མ་མ་ཨཱ་ཡུཔུཎྱེ་ཛྙཱ་ན་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། དེ་ལྟར་བཟླས་པས་ཚེ་སྒྲུབ་ཡིན༔ དེ་ལྟར་རྩེ་གཅིག་བཟླས་པ་ནི༔ རྨི་ལམ་བུད་མེད་རྒྱན་ལྡན་གྱིས༔ དཀར་གསུམ་བདུད་རྩི་སྟེར་བ་དང་༔ ཚེ་ཚད་བརྡ་ཡི་ལུང་བསྟན་འབྱུང་༔ འཇིགས་པ་རྣམས་ལས་ཐར་བ་དང་༔ ཚ་ཚ་འདེབས་དང་མཐོང་བ་དང་༔ ཤེལ་དང་རིན་ཆེན་རྒྱན་ཆ་རྙེད༔ ཉི་མ་ཤར་སོགས་རྨིས་ལྟས་འབྱུང་༔ ཡི་གེ་བཅུ་པ་འབུམ་ཕྲག་བཅུ༔ བཟླ་བ་བསྙེན་པའི་ཚད་ཡིན་ཏེ༔ འབུམ་ཕྲག་གཅིག་ནི་བཟླས་པས་ཀྱང་༔ བར་ཆད་ཀྱིས་ནི་མི་ཚུགས་གསུངས༔ བསྙེན་པ་ཐོན་ན་ཉེར་མཁོ་ཡི༔ ལས་ཚོགས་གང་དགོས་བསྒྲུབས་པས་འགྲུབ༔ ཆུ་དང་གཡང་ས་ཇག་རྐུན་སོགས༔ ཐག་རིང་ལམ་དུ་འགྲོ་བའི་ཚེ༔ འགྲོ་བའི་མདུན་གྱི་བར་སྣང་ལ༔ སྒྲོལ་དཀར་ཕྱག་གཡས་སྐྱབས་སྦྱིན་ཅན༔ དེ་ཡི་ཕྱག་འོག་འགྲོ་བར་བསྒོམ༔ ངག་ཏུ་སྔགས་སམ་བསྟོད་པ་འདོན༔ དེ་ནི་ལམ་སྲུང་མཆོག་ཡིན་ནོ༔ རྩ་སྔགས་ཏུ་རེ་སྭཱ་ཧཱ་མཚམས༔ འཇིགས་པ་ཆེ་གེ་ཤིནཾ་ཀུ་རུ་ཡེ༔ ཞེས་སྦྱར་བཟླ་བ་ཟབ་པ་ཡིན༔


CMR044_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་ན་བའི་དུས་ཀྱི་ཚེ༔ ནམ་མཁར་སྒྲོལ་དཀར་སྤྱན་དྲངས་ལ༔ སྐུ་ལས་བདུད་རྩིའི་འོ་རྒྱུན་ལྟར༔ བབས་པས་ནད་གདོན་དག་པར་བསྒོམས༔ ཏུ་རེ་སྭཱ་ཧཱའི་བར་མཚམས་སུ༔ ནད་གདོན་སརྦ་ཤཱནྟིཾ་ཀུ་རུ་ཡེ༔ སྦྱར་ནས་བཟླས་པས་ནད་རྣམས་སེལ་བའི་མཆོག༔ དེ་ནས་སྒྲོལ་དཀར་ནད་པར་བསྟིམས༔ ཐུན་རེ་བཟླས་པས་ནད་རྣམས་སེལ་ནུས་གསུངས༔ རཱ་ག་ཨ་སྱས་ཟིན་བྲིས་འཕྲལ་དུ་སྨྲས༔ བྱས་ཡི་གེར་བཀོད༔ མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ལས་ལྷ་མོ་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ཆོ་ག་ལས་ཚོགས་འདོན་ཆ་བཅས།next