Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་སྒྲོལ་དཀར་མངོན་རྟོགས་བསྡུས་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་སྒྲོལ་དཀར་མངོན་རྟོགས་བསྡུས་པའི་ཟིན་བྲིས།next

རྗེ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་སྒྲོལ་དཀར་མངོན་རྟོགས་བསྡུས་པའི་ཟིན་བྲིས།


CMR044_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་སྒྲོལ་དཀར་མངོན་རྟོགས་བསྡུས་པའི་ཟིན་བྲིས་བཞུགས་ལགས།།


CMR044_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་ཏཱ་རེ་ཡེ། སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ཆེན་ལས། །དཀར་མོ་ཟླ་མདོག་སྒྲོལ་མ་ཕྱག་མང་འབྱུང་། །སྒྲོལ་མ་སྣ་ཚོགས་འབྱུང་བ་ལས། །ཞི་བའི་སྒྲོལ་མ་དཀར་མོ་འདི་དག་གསུངས། །རྡོ་རྗེ་གདན་བཞིའི་རྒྱུད་ལས་འདི་ཉིད་གསལ། །འདི་ལ་རྒྱ་གཞུང་བརྒྱད་ནི་ཡོད་པའི་ནང་། །པཎ་ཆེན་ངག་གི་དབང་ཕྱུག་གྲགས་པ་དེ། །སྒྲོལ་མ་བྱིན་རླབས་ཆེ་བས་འཆི་མེད་ཐོབ། །ཉི་མའི་ཟེར་ལ་ཆིབས་ནས་ནམ་མཁར་གཤེགས། །འཆི་བ་བསླུ་བའི་རྟོགས་པ་རྒྱས་པར་ནི། །འཆི་བསླུའི་མན་ངག་གྲུབ་ཆེན་ཁོང་གིས་མཛད། །དེ་ཡི་ནང་ནས་བསྡུས་པའི་སྒྲུབ་ཐབས་


CMR044_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །སློབ་མའི་ཐུ་བོ་པཎྜི་ཏ་ཡིས་མཛད། །ཇོ་འབྲོམ་ཡས་སྲས་སྐུ་མཆེད་རྣམ་གསུམ་གྱི། །འབྲལ་མེད་ལུས་དང་གྲིབ་བཞིན་དངོས་སུ་འགྲུབ། །དགེ་བཤེས་གླེ་ནག་པ་དང་བྱ་ཡུལ་པ། །དྭགས་པོ་དུས་མཁྱེན་འབྲི་སྟག་ཕག་གྲུ་སོགས། །བཀའ་བརྒྱུད་བླ་མ་རྣམས་ཀྱི་སྐུ་ཚེ་བསྲིངས། །ཕྲིན་ལས་འགྲོ་དོན་རྒྱས་བྱེད་ལྷ་འདི་ཡིན། །ཁྱད་པར་ཀཾ་ཚང་འདི་ཡི་དུས་བར་དུ། །ཞལ་གཟིགས་རྒྱུན་མི་འཆད་པས་བྱིན་རླབས་ཆེ། །ཁྱད་པར་རྒྱལ་བ་མཆོག་གི་སྤྲུལ་སྐུ་ཡི། །ཡི་དམ་བཀའ་བབ་མཆོག་ཏུ་གྱུར་པ་སྟེ། །འོད་དཔག་མེད་པའི་སྤྲུལ་པ་ཞྭ་དམར་ཅན། །འདི་ནི་


CMR044_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཡུམ་མཆོག་གོས་དཀར་མོ། །དེ་ཕྱིར་བཀའ་བབ་བརྒྱུད་པ་ཤིན་ཏུ་ཉེ། །ཁྱད་པར་ས་དམ་ཆོས་ཀྱི་རྒྱལ་པོ་དེས། །ཐུགས་དམ་བྱ་ཕྱིར་ཉུང་ངུ་འདི་ཉིད་གནང་། །སྐུ་ཚེ་མཐར་ཕྱིན་བཀའ་འགྱུར་པར་དུ་བཞེངས། །རྩེ་ཤག་དགོན་བཏབ་ཇོ་བོའི་གསེར་ཁང་ཕུབ། །གྲྭ་ཚང་ནང་པ་ཡིས་ནི་དུས་ཇ་བཙུགས། །རྒྱལ་བ་ཉིད་ཀྱིས་དབང་ལུང་གནང་བ་ཡིན། །བདག་ཀྱང་བསྙེན་སྒྲུབ་མང་ཐོབ་ཡི་དམ་བྱས། །དེ་ཕྱིར་བྱིན་རླབས་བརྒྱུད་ལྡན་ཡིད་ཆེས་གྱིས། །ཚིག་ཉུང་དོན་གསལ་གོ་བདེ་བདེ་བའི་ཕྱིར། །འདི་ལ་ཟིན་བྲིས་དགོས་པ་མེད་ནའང་། །འདི་ནི་སྤྱིར་དུ་བྱ་རྒྱུད་ཡིན་བཤད་ཀྱང་། །བླ་མེད་ལྟར་དུ་ཉམས་སུ་ལེན་པ་ཡིན། །དེ་ཕྱིར་གཙང་སྦྲ་ལ་སོགས་མེད་ཀྱང་རུང་། ༈ །སྐྱབས་འགྲོ་སེམས་བསྐྱེད་གཉིས་ནི་གོ་སླ་ཞིང་། །བསྐྱེད་རིམ་གཞུང་ལྟར་དྲན་རྫོགས་བསྒོམས་པས་འཐུས། །སྐུ་ལུས་འགྱིང་བག་མི་བྱ་དྲང་པོར་བསྒོམ། །དེ་ནི་ཚུལ་ཁྲིམས་གཙང་བའི་གནད་ཡོད་གསུངས། །ཕྱག་གཡོན་ཨུཏྤལ་རྩེ་མོ་གསུམ་པ་སྟེ། །གཡས་པ་མེ་ཏོག་བྲུལ་ཏེ་འབྲས་བུར་སྨིན། །གཡོན་པའི་ཁ་ནི་བྱེ་ལ་ཁད་པ་སྟེ། །དབུས་མ་མེ་ཏོག་རབ་ཏུ་རྒྱས་པ་སྟེ། །དུས་གསུམ་སངས་རྒྱས་


CMR044_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ངོ་བོ་ཡིན། །ཕྱག་གཡོན་མཐེབ་སྲིན་སྦྱར་བའི་རྩེ་མོ་གསུམ། །གྱེན་དུ་བསྒྲེང་པ་དཀོན་མཆོག་གསུམ་པོ་མཚོན། །གདན་དང་རྒྱབ་ཡོལ་གཉིས་ཀ་ཟླ་བ་རྒྱས། །ན་བཟའ་ཐམས་ཅད་དཀར་པོ་ཁོ་ན་ཡིན། །སྤྱི་གཙུག་རིགས་བདག་འོད་དཔག་མེད་པ་བསྒོམས། །ཕྱག་གཡས་མཆོག་སྦྱིན་མཛད་པའི་འོག་ཏུ་ནི། །རང་གི་མི་ནོར་བསྒོམ་པ་སྲུང་བའི་མཆོག །སྐུ་ལུས་ནང་གི་སྟོང་པ་སང་ངེ་བ། །དེ་ཡི་སྤྱི་བོས་ནང་དུ་ཨོཾ་དཀར་པོ། །མགྲིན་པར་ཨཱདམར་རིང་ཆ་ཚེག་དྲག་བཅས། །ཐུགས་ཀའི་ཚེ་སྨད་ཧཱུྃ་ཡིག་སྔོན་པོ་སྟེ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཡིན་ནོ། ༈ །ཐུགས་ཀར་ཡིད་བཞིན་འཁོར་ལོ་བསྒོམ་པ་ནི། །བསྡུས་པ་དང་ནི་རྒྱས་པ་གཉིས་ཡོད་དེ། །གཞུང་འདི་ཇོ་བོ་རྗེ་ཡི་ལུགས་ཡིན་ནོ། །འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་མེད། །ཟླ་བའི་མདོག་ཅན་གདན་ཐབས་ཐུགས་ཀར་གནས། །ལྟེ་བར་ཧཱུྃ་ཡིག་དཀར་པོ་རིང་ཆ་ཅན། །འཁོར་ལོ་མ་རེག་ཙམ་དུ་བསྒྲེངས་ཏེ་གནས། །ཏཱཾ་ཡིག་སྟེང་གི་བར་སྣང་ཨོཾ་ཡིག་དཀར། །ཏཾཐད་འཁོར་ལོའི་འོག་ཏུ་ཧཱ་ཡིག་དཀར། །རྩིབས་བརྒྱད་སྟེང་དུ་མདུན་ནས་གཡས་བསྐོར་དུ། །ཡི་གེའི་ངོ་


CMR044_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ནང་དུ་བསྟན་བྱས་ཏེ། །ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། །དེ་རྣམས་ཀློག་པའི་ཚུལ་དུ་བཟླས། །དེ་ནས་འཁོར་ལོ་གཡས་གཅིག་ཡིག་འབྲུ་གཡོན། །དང་པོ་དལ་ལ་དེ་ནས་ཇེ་མགྱོགས་འཁོར། །ཨོཾ་ཏཱཾཿཧཱ་གསུམ་གཡོ་འགུལ་མེད་པར་གནས། །དེ་ནི་འཁོར་ལོ་བསྡུས་པའི་སྒོམ་ལུགས་ཡིན། ༧ །གལ་ཏེ་འཁོར་ལོ་རྒྱས་པ་སྒོམ་འདོད་ན། །གཞུང་ཚིག་སྒྱུར་ནི་མི་དགོས་ཡིད་ཀྱིས་བསྒོམས། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་རིམ་པ་ལྔ། །དེ་ནི་སྔོན་ལྟར་ཏཱཾ་ཡིག་བསྒྲེངས་ཐབ་གནས། །དེ་ཡི་གཡས་སུ་ཨོཾ་དང་གཡོན་དུ་ཧཱ། །ཧཱུྃ་ཡིག་མཐའ་རུ་འདོད་གསོལ་ཡི་གེ་སྟེ། །མ་མ་ཨཱ་ཡུ་པུཎྱེ་ཛྙཱ་ན་པུཊྚིཾ་ཀུ་རུ། །མ་མ་ཞེས་པ་བདག་ཅེས་པ་སྟེ། །རང་དོན་ཡིན་ན་དེ་ཡིས་ཆོག་པ་སྟེ། ༧ །བླ་མ་སྦྱིན་བདག་ལ་སོགས་སྐུ་རིམ་ལ། །མ་ཡི་ཚིག་གི་མཚམས་སུ་མིང་བཅུག་སྟེ། །རྩིབས་བརྒྱད་ནང་དུ་སྔོན་ལྟར་ཡིག་འབྲུ་བརྒྱད། །དེ་རྒྱབ་མུ་ཁྱུད་ནང་མར་མདུན་ནས་བརྩམས། །དབྱངས་ཡིག་བཅུ་དྲུག་གཡོན་བསྐོར་དག་ཏུ་གནས། །མུ་ཁྱུད་གཉིས་པར་གསལ་བྱེད་གཡས་བསྐོར་དུ། །གསུམ་པར་རྟེན་འབྲེལ་སྙིང་པོ་གཡས་བསྐོར་ཏེ། །བཞི་པ་རྡོ་རྗེའི་ཕྲེང་བ་ནས་འབྲུ་ཙམ། །ལྔ་པར་མེ་


CMR044_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རི་དཀར་པོ་སོར་གཅིག་ཙམ། །ཐམས་ཅད་མུ་ཏིག་མདོག་ཅན་འོད་ཟེར་འཕྲོ། །འདི་ལ་སྔགས་ཕྲེང་འཁོར་ལོ་འཁོར་རྒྱུ་མེད། །དེ་ལྟར་འཁོར་ལོ་རྒྱས་བསྡུས་གང་སྒོམ་ཡང་། །འཁོར་ལོ་ཡིག་འབྲུ་ས་བོན་བཅས་པ་ལ། །འོད་ཟེར་དཀར་པོ་འཕྲོས་པས་བདག་ལུས་གང་། །ནད་གདོན་སྡིག་སྒྲིབ་དུས་མིན་འཆི་བ་སོགས། །བ་མོར་ཉི་ཟེར་ཕོག་ལྟར་གསལ་བར་བསྒོམས། །འོད་ཟེར་ཕྱིར་འཕྲོས་འཇིག་རྟེན་ཐམས་ཅད་ཁྱབ། །སངས་རྒྱས་ཐམས་ཅད་མཆོད་ཅིང་ཐུགས་རྒྱུད་བསྐུལ། །སེམས་ཅན་ཀུན་ལ་ཕོག་པས་སྡིག་སྒྲིབ་དག །ཐམས་ཅད་སྒྲོལ་མའི་སྐུར་གྱུར་སྔགས་སྒྲ་སྒྲོག །དེ་དག་ཀུན་གྱི་ཡོན་ཏན་ཡེ་ཤེས་དང་། །བྱིན་རླབས་ཚེ་དང་བསོད་ནམས་དངོས་གྲུབ་དང་། །འབྱུང་བ་ལྔ་ཡི་བཅུད་དང་ནུས་པ་ཀུན། །འོད་ཟེར་དཀར་པོའི་རྣམ་པར་ཚུར་ཐོན་ནས། །རང་གི་ཐུགས་ཀའི་ཡིག་འབྲུ་ལ་ཐིམ་པས། །ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་བསྒོམས། །བསྲུང་བྱ་གཞན་གྱི་རིམ་གྲོ་བྱེད་ན་ནི། །འོད་ཟེར་རང་དང་བསྲུང་བྱ་རྣམས་ལ་ཐིམ། །བསྙེན་པའི་སྔགས་འདི་ཡི་གེ་བཅུ་པ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གདན་ཐོག་གཅིག་གིས་སྒྲུབ་པ་བྱེད་ན་


CMR044_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དུས་ཀྱི་བསྙེན་པ་རབ་ལ་ཟླ་བ་དྲུག །འབྲིང་གསུམ་ཐ་མ་ཞག་ནི་ཉེར་གཅིག་གོ །ཡང་མཐའ་ཞག་བདུན་གྱིས་ཀྱང་ཆོག་པར་བཤད། །གྲངས་ཀྱི་བསྙེན་པ་འབུམ་ཕྲག་བཅུ་ཡིན་ཏེ། །སྙིགས་མའི་དུས་འདིར་བཞི་འགྱུར་ཐོན་ན་རབ། །ཐ་མ་འབུམ་ཕྲག་གསུམ་གྱིས་འགྲུབ་པ་སྟེ། །ཡང་ན་འབུམ་ཕྲག་གཅིག་གིས་ཆོག་པར་བཤད། །དེ་ལྟར་བསྙེན་པ་ཅི་ཙམ་ཐོན་པ་ཡི། །བཅུ་ཆའི་ཚད་ཙམ་སྒྲུབ་པའི་སྔགས་འདི་སྦྱར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨ་ཡུ་པུཎྱེ་ཛྙཱ་ན་པུཎྚི་ཀུ་རུ་ཡེ་སྭཱ་ཧཱ། གལ་ཆེན་བསྲུང་བྱ་ཡོད་ན་མ་ཡི་ནང་། །དེ་ཡི་མིང་དེ་རྒྱ་སྐད་བསྒྱུར་ལ་བཅུག །གལ་ཏེ་སྒྲུབ་པ་མ་ཐོན་རྒྱུན་ཁྱེར་ལ། །སྔགས་ཐུང་སྟོང་རེ་སྔགས་རིང་བརྒྱ་རེ་སྦྱར། །སྔགས་ཐུང་དེ་ཉིད་བརྒྱ་རེ་རྒྱུན་ཁྱེར་ལ། །སྔགས་རིང་དེ་ཉིད་བཅུ་རེ་བཟླས་པ་བྱ། །སྒྲོལ་མའི་དབང་ཐོབ་ཡི་དམ་གྲལ་ཙམ་ནས། །སྔགས་རིང་སྔགས་ཐུང་བརྒྱ་རེ་ཆག་མེད་དམ་ཚིག་ཡིན། །རྗེས་ནི་འོད་ཞུ་སྟོང་པར་བསྡུ་བ་དང་། །བསྔོ་བ་ལ་སོགས་གཞུང་ཚིག་རང་གི་འཐུས། །གལ་ཏེ་འདི་ཡིས་མཚམས་སྦྱོར་བྱེད་ན་ནི། །ཐུན་མཚམས་སླར་ཡང་སྒྲོལ་མའི་སྐུར་གསལ་ནས། །སྤྱོད་ལམ་གང་དགོས་བྱ་བ་འགྲུབ་པ་ཡིན། །


CMR044_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚེ་འམ་ནི་སྲོད་ཀྱི་དུས་ལ་སོགས། །སྲུང་འཁོར་བསྒོམ་པར་འདོད་ན་འདི་ལྟར་བསྒོམ། །རང་གི་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་ལས། །འོད་ཟེར་དཀར་པོ་ཟླ་བའི་མདོག་ལྟར་འཕྲོས། །ལུས་གང་འོད་ཟེར་ཕྱི་རུ་འཕྲོས་པ་ལས། །འཁོར་ལོ་དཀར་པོ་གུར་ཐབས་རྩིབས་བཅུ་པ། །ཕྱོགས་མཚམས་རྩིབས་བརྒྱད་དེ་དང་འོག་རྩིབས་བཅུ། །སྦུབ་ཆོལ་ཁ་སྦྱོར་ལྟ་བུ་ནང་སྟོང་པ། །མུ་ཁྱུད་དང་བཅས་འཁོར་ལོའི་ལྟེ་བ་དེར། །རང་ཉིད་སྒྲོལ་མར་གསལ་བའི་གཡས་གཡོན་དུ། །རང་གི་བསྲུང་བྱ་ཐམས་ཅད་གུས་པར་འཁོད། །རྩིབས་བཅུ་ནང་དུ་སྟེང་འོག་ཨོཾ་ཧྥུདང་། །རྩིབས་བརྒྱད་ཡིག་འབྲུ་བཅུ་པོ་མེ་འབར་བསྒོམ། །རྩིགྲོས་རྣམས་རལ་གྲི་སོ་གཉིས་ལྟ་བུ་ལ། །སྲུབ་མེད་རྣོ་ཞིང་གཡས་སུ་དྲག་ཏུ་འཁོར། །སླར་ཡང་ཐུགས་ལས་འོད་ཟེར་དཀར་པོ་འཕྲོས། །བདག་གཞན་ནད་གདོན་བར་ཆད་ཞི་བར་བྱ། །འཁོར་ལོའི་ཕྱི་རོལ་འོད་ཟེར་དཀར་པོའི་གུར། ༧ །འོད་ཟེར་སེར་པོ་འཕྲོས་པས་ཚེ་བསོད་རྒྱས། །དེ་རྒྱབ་འོད་ཟེར་སེར་པོའི་གུར་དུ་གྱུར། ༧ །དམར་པོ་འཕྲོས་པས་སྣང་སྲིད་དབང་དུ་བསྡུས། །དེ་རྒྱབ་འོད་ཟེར་དམར་པོའི་གུར་དུ་གྱུར། ༧ །སྔོན་


CMR044_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཕྲོས་པས་བདུད་བཞི་ཚར་བཅད་ཏེ། །དེ་རྒྱབ་འོད་ཟེར་སྔོན་པོའི་གུར་དུ་གྱུར། ༧ །ལྗང་གུ་འཕྲོས་པས་ཕྲིན་ལས་སྣ་ཚོགས་འགྲུབ། །དེ་རྒྱབ་འོད་ཟེར་ལྗང་གུའི་གུར་དུ་གྱུར། །འོད་ཟེར་མཐིང་ཀ་འཕྲོས་པས་དེ་དག་ཀུན། །བརྟན་པར་བྱས་ཤིང་དེ་རྒྱབ་མཐིང་ཀའི་གུར། ༧ །དེ་རྒྱབ་རྡོ་རྗེ་དཀར་པོའི་གུར་ཁང་དང་། །དེ་རྒྱབ་མེ་རི་དཀར་པོ་བར་མེད་འབར། །གུར་ཁང་དྲུག་གི་མཚམས་དང་འཁོར་ལོའི་ནང་། །མེ་ཏོག་ཨུཏྤལ་སྔོན་པོས་ཤིག་སེར་གང་། །གཞུང་དུ་ཟུང་འཇུག་སྐུ་ཡི་ཞེས་པའི་དོན། །དེ་ལྟར་ལྷ་དང་འཁོར་ལོ་གུར་ཁང་རྣམས། །སྣང་སྟོང་སྒྱུ་མ་ཆུ་ཟླ་འཇའ་ཚོན་ལྟར། །སེམས་ངོ་གཤིས་དང་མ་བྲལ་ངང་ནས་བསྒོམ། །འདི་ནི་སྒྲོལ་དཀར་སྤྲོས་མེད་རྫོགས་རིམ་སྟེ། །སྲུང་འཁོར་བསྒོམ་པ་འདི་ལས་ལྷག་པ་མེད། །སྲོད་ལ་ཐུན་རེ་མ་ཆག་བསྒོམ་ན་ནི། །བདུད་དང་འཕྲད་ཀྱང་ཕམ་པར་མི་འགྱུར་གསུངས། །མཐར་ནི་གུར་རྣམས་ཕྱི་ནས་རིམ་པ་བཞིན། །གཅིག་ནི་གཅིག་ཐིམ་ཐམས་ཅད་རང་ལ་ཐིམ། །རང་ཉིད་ཐུགས་ཀའི་ཡིག་འབྲུ་ཏིལ་ཐིམ། །དེ་ཡང་མཐའ་ནས་གྱེན་རྫོགས་སྟོང་པར་ཡལ། །ཅི་ཡང་མི་དམིགས་སྨྲ་བསམ་བརྗོད་དང་བྲལ། །


CMR044_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་བཞི་སྐྱེད་བྱེད་ཆོས་སྐུ་ཡུམ་ཆེན་མོ། །དོན་དམ་སྒྲོལ་མ་རང་རིག་སེམས་ཉིད་དུ། །ངོ་ཤེས་དོན་དམ་སྐྱོང་བས་འཁོར་བ་སྒྲོལ། །ས་ལམ་ཡོན་ཏན་སྐྱེ་བའི་མ་ཡིན་པས། །དེ་ཕྱིར་སེམས་ཉིད་སྒྲོལ་མ་ཡིན་ཞེས་བྱ། །གལ་ཏེ་འདི་ཉིད་བསྙེན་སྒྲུབ་མཚམས་བྱེད་ན། །དཀར་གསུམ་ཤ་ཆང་མ་འདྲེས་གཏོར་མ་བཤམས། །ཨ་ཀཱ་རོ་ཡི་སྔགས་ཀྱིས་བྱིན་གྱིས་བརླབས། །བཛྲ་ས་མཱ་ཛ་ཡིས་སྤྱན་འདྲེན་ལ། །རྩ་སྔགས་བྷ་ལི་ཁཱ་ཧི་བཏགས་ལ་འབུལ། །ཨནྡྷུ་ལ་སོགས་སྔགས་ཀྱིས་མཆོད་བྱས་ནས། །མཆོད་བསྟོད་ནང་གི་སྒྲོལ་དཀར་བསྟོད་པ་འདོན། །གཤེགས་སམ་རྟེན་ལ་ཐིམ་སོགས་ཅི་བདེར་བསྒོམས། །ཐུན་དྲུག་ཐུན་བཞི་ཐུན་གསུམ་གང་འགྲུབ་བྱ། །ཐུན་མཚམས་དགེ་སྦྱོར་ཆག་མེད་གང་དགོས་བྱ། །ཚོགས་རྫས་མིན་པའི་ཤ་ཆང་སྒོག་ཙོང་སྤང་། །ཆབ་ལེན་ལ་སོགས་གཙང་སྦྲ་ཅི་ནུས་འབད། ༧ །རྟགས་ནི་མ་སྲིང་བུད་མེད་གོས་དཀར་ཅན། །མཛེས་སྡུག་རྒྱན་ལྡན་བཟའ་བཏུང་རིན་ཆེན་གཏེར། །ལོངས་སྤྱོད་དཀར་གསུམ་བདུད་རྩི་ལ་སོགས་ཟ། །མེ་ཏོག་དམར་པོ་ཁོ་ན་མ་ཡིན་པ། །མེ་ཏོག་ཚལ་དུ་ཕྱིན་དང་ཨུཏྤལ་འཐུ། །འཇིགས་སྐྲག་ལས་


CMR044_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་གྱེན་དུ་འགྲོ་བ་དང་། །གོས་དཀར་གྱོན་དང་རྒྱན་གོས་བཟང་པོ་ཐོགས། །ཉི་ཟླ་ཤར་དང་རོལ་མོའི་སྒྲ་སྒྲོག་དང་། །སཱཙྪ་ལུང་དུ་སྟོན་ནམ་་་་་་བརྒྱུན་ཉུང་ཤོས། །སཱཙྪ་དཀར་པོ་མང་པོ་མཐོང་བ་དང་། །སཱཙྪ་གྲངས་ཀ་མཐོང་བ་ཚེ་ཡི་ཚད། །སཱཙྪམཐོང་དང་བརྡབ་རྨིས་བར་ཆད་ཟློག །ཚེ་འདིར་ནད་གདོན་འཇིགས་པ་ཀུན་ལས་ཐར། །ཕྱི་མ་བདེ་ཆེན་ཞིང་ཁམས་པོ་ཏ་ལར། །སྐྱེས་ནས་ངན་སོང་སྒྲ་ཡང་མི་ཐོས་གསུངས། །གལ་ཏེ་ཟླ་བ་དྲུག་ཏུ་གཉིད་སྤངས་ནས། །བྱ་བ་གཞན་སྤང་རྩེ་གཅིག་བསྒོམས་བྱས་ན། །ལུས་འདི་ལ་ནི་འཆི་མེད་འགྲུབ་པར་གསུངས། །དཔེར་ན་ངག་གི་དབང་ཕྱུག་གྲགས་པ་བཞིན། །འདི་ཡི་ལས་ཚོགས་དཔག་ཏུ་མེད་ན་ཡང་། །ཉེར་མཁོ་སྟབས་བདེ་ཅུང་ཟད་འདིར་བརྗོད་ན། །ཆུ་དང་དགྲ་དང་ལམ་ངན་ལ་སོགས་པ། །འཇིགས་སྐྲག་ཡོད་པའི་ཕྱོགས་སུ་འགྲོ་བའི་དུས། །དེ་ཡི་ཐད་ཀྱི་ནམ་མཁར་སྒྲོལ་མ་བསྒོམས། །ཚུར་ལ་ཞལ་གཟིགས་སྐུ་ནི་ཤིན་ཏུ་ཆེ། །ཕྱག་གཡས་སྐྱབས་སྦྱིན་མཛད་པའི་ཞབས་སུ་ནི། །རང་དང་ཁལ་མ་ལ་སོགས་འགྲོ་བར་བསྒོམ། །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ། འཇིགས་པ་སྨྲེ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་


CMR044_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཟླས་ཤིང་འགྲོ་བའམ། །ཕྱག་འཚལ་ཉེར་གཅིག་སྒྲོལ་དཀར་བསྟོད་པ་འདོན། །དེ་ཡིས་འཇིགས་པ་ཐམས་ཅད་སྐྱོབས་པར་བཤད། །མགོ་ཐོན་ལམ་སྲུང་མཆོག་ཏུ་གྱུར་པ་ཡིན། །གལ་ཏེ་རང་དང་གཞན་དག་ན་གྱུར་ན། །ཡིད་ཀྱིས་སྒྲོལ་དཀར་ནམ་མཁར་སྤྱན་དྲོངས་ལ། །དེ་ཡི་སྐུ་ལས་བདུད་རྩི་འོ་མ་ལྟར། །ལྷུད་ལྷུད་བབས་པས་རང་ངམ་ནད་པ་ཡི། །ཚངས་བུག་ནས་ཞུགས་ལུས་ཀུན་ཐམས་ཅད་བཀྲུས། །ནད་གདོན་ཀུན་དག་ཤེལ་སྒོང་ལྟ་བུར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཅི་ནུས་བཟླས་རྗེས་སྒྲོལ་མ་ནད་པར་ཐིམ། །མིག་སོགས་ཚ་ནའང་སྔགས་ཆུའི་སྔགས་མཆིལ་བྱུག །དམིགས་པ་གསལ་ཞིང་དད་གུས་ཆེ་བ་ན། །ཐུན་རེ་བྷེ་པས་ནད་པ་ལ་ཕན་པར། །མང་པོ་བྱུང་ཞེས་བཀའ་གདམས་རྣམས་ཀྱིས་གསུངས། །རང་དང་བསྲུང་བྱ་འཁོར་ཚོགས་བཅས་པ་རྣམས། །དམག་ཇག་ཆོམ་རྐུན་རྒྱལ་པོའི་ཆད་པ་རྣམས། །ནད་གདོན་ཡམས་ནད་འཚེ་བའི་རིགས་གྱུར་ཀུན། །ཞི་ཞིང་བསྲུང་བའི་སྔགས་དམིགས་མཆོག་གྱུར་པ། །གོང་དུ་ཤེས་པའི་སྲུང་འཁོར་རྒྱ་ཆེན་བསྒོམ། །དེ་ནས་རང་ཉིད་སྒྲོལ་མའི་གཡས་གཡོན་མདུན། །


CMR044_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བྱ་ཐམས་ཅད་ཟླ་བའི་གདན་ལ་བསྒོམས། །རང་གི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། །སྒྲོལ་དཀར་སྐུར་གྱུར་ནམ་མཁར་སྤྱན་དྲངས་ལ། །ཀུན་ཀྱང་ཕྱག་ན་བུམ་པ་དཀར་པོ་ནི། །བདུད་རྩིའི་རྒྱུན་བབ་བསྲུང་བྱ་ཐམས་ཅད་ཀྱིས། །འཇིགས་པ་དེ་དག་འབྱུང་བའི་ལས་སྒྲིབ་དག །ནད་གདོན་ཀུན་དག་ཤེལ་སྒོང་ལྟ་བུར་གྱུར། །རང་གི་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་ལས། །འོད་ཟེར་དཀར་པོ་དཔག་མེད་འཕྲོས་པ་ཡི། །འཇིགས་དང་གནོད་པ་ལ་སོགས་གང་ཡིན་དེ། །མྱུར་བར་བཅོ་ལྔའི་ཟླ་ཤར་ལྟར་གསལ་བསྒོམ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སོགས། །སྤྱི་ལ་འཇིགས་པ་བཅུ་དྲུག་ཅེས་པའམ། །བྱེ་བྲག་འཇིགས་པ་སྨྲེ་སོགས་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འཇིགས་དང་མ་བྲལ་བར་དུ་རྒྱུན་ཁྱེར་ལ། །ཤིན་ཏུ་སྐྲག་ན་ཞག་བདུན་མཚམས་བྱས་བསྒྲུབས། །ཐུན་མཚམས་གཏོར་བསྔོས་འདོད་གསོལ་གང་བདེར་བྱ། །འཇིགས་དང་བྲལ་བའི་རྨིས་ལྟས་གསལ་བའམ། །ཡང་ན་ལུང་བསྟན་ཚིག་དང་ཡི་གེ་མཐོང་། །དེ་བྱུང་འཇིགས་པ་གང་ལའང་ཡ་ང་མེད། །སྲུང་བའི་སྐུད་པ་སྔགས་མར་ལ་སོགས་པར། །ཨ་མྲྀ་ཏ་སོགས་སྔགས་


CMR044_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསང་སྦྱངས་བྱ། །སྭ་བྷ་ཝ་དང་སྔགས་ཀྱིས་སྟོང་པར་སྦྱངས། །དེ་ནས་དེ་ཉིད་སྒྲོལ་མའི་སྐུར་བསྒོམས་ཏེ། །པོ་ཏཱ་ལ་ནས་ཡིད་ཀྱིས་སྤྱན་དྲངས་བསྟིམ། །ཡི་གེ་བཅུ་པོའི་སྭཱ་ཧཱའི་གོང་དེ་རུ། །བཏགས་ལ་སྔགས་ཆུ་སྔགས་མར་ལ་སོགས་ལ། །ནད་གདོན་སརྦ་ཤཱནྟཾ་ཀུ་རུ་སྦྱར། །སྲུང་སྐུད་རཀྵ་རཀྵ་སྦྱར་བར་བྱ། །རྟ་ཕྱུགས་ལ་སོགས་འཆ་བསྲུང་ཕྱིར་ཡིན་ན་ནི། །གཅན་གཟན་ཆོམ་རྐུན་སརྦ་རཀྟ་སྦྱར། །སྲུང་སྐུད་དཀར་པོར་མདུད་པ་ཉེར་གཅིག་བྱ། །མདུད་པ་རེ་ལ་སྒྲོལ་མ་རེ་རེ་བསྒོམ། །དེ་དག་གང་མང་སྔགས་བཟླས་ཕུ་བཏབ་ནས། །སྒྲོལ་དཀར་འོད་ཞུ་སོ་སོར་ཐིམ་དམིགས་ལ། །བཏགས་དང་བྱུག་སོགས་གང་དགོས་སྐབས་དང་སྦྱར། །འདི་ནི་རྒྱུད་དང་རྒྱ་གཞུང་ལ་སོགས་ནས། །གསུངས་པའི་མན་ངག་ཟབ་མོ་ཁྱབ་ཆེན་ཡིན། །མདོར་ན་འཇིགས་པ་ཐམས་ཅད་སེལ་བ་དང་། །སྒྲོལ་མ་ལས་ལྷག་གཅིག་ཀྱང་མེད་པ་དང་། ༧ །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ་གསུངས། །མདོར་ན་འཇིགས་སྐྲག་གང་དང་གང་བྱུང་ཡང་། །སྒྲོལ་མའི་སྤྲུལ་པས་མི་སླེབས་མི་སྲིད་དེ། །འདི་ཡི་སྨོན་ལམ་ཐུགས་བསྐྱེད་སྟོབས་ཆེན་ཡིན། །འོན་ཀྱང་རང་ཉིད་


CMR044_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མ་སོང་ན། །དེ་རུ་ཕེབས་ཀྱང་སྐྱོབ་རྒྱུ་མེད་པ་ཡིན། །སྐྱབས་ཞུས་ན་ནི་སྔོན་གྱི་ལས་ངན་གྱི། །རྣམ་སྨིན་མ་གཏོགས་ཐམས་ཅད་སྐྱོབ་པར་ངེས། །ཞེས་གསུངས། ཤཱཀྱའི་དགེ་ཚུལ་པདྨ་ཐབས་མཁས་ཀྱིས། །བསྐུལ་ཕྱིར་རཱ་ག་ཨ་སྱས་ཐུན་མཚམས་ཤིག །སྨྲས་པ་བསྐུལ་བ་པོ་དེས་ཡི་གེར་བཀོད། །འཁྲུལ་པ་མེད་པས་བཤགས་བྱ་མ་མཆིས་ཤིང་། །དགེ་བས་འགྲོ་ཀུན་འཇིགས་ལས་གྲོལ་བར་ཤོག །སརྦ་མངྒ་ལཾ། །འདི་བྲིས་དགེ་བས་མཁའ་མཉམ་སེམས་ཅན་ཀུན། །འཕགས་མ་སྒྲོལ་མའི་གོ་འཕང་མྱུར་ཐོབ་ཤོག །བཀྲ་ཤིས་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྗེ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་སྒྲོལ་དཀར་མངོན་རྟོགས་བསྡུས་པའི་ཟིན་བྲིས།next