Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤིན་རྗེའི་གཏོར་ཆེན་གྱི་བཅའ་ཚོགས་གསལ་བར་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྗེའི་གཏོར་ཆེན་གྱི་བཅའ་ཚོགས་གསལ་བར་བཀོད་པ།next

གཤིན་རྗེའི་གཏོར་ཆེན་གྱི་བཅའ་ཚོགས་གསལ་བར་བཀོད་པ།


CMR044_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་གཏོར་ཆེན་གྱི་བཅའ་ཚོགས་གསལ་བར་བཀོད་པ་བཞུགས་སོ། །


CMR044_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ གཤིན་རྗེའི་གཏོར་ཆེན་བཅའ་ཚོགས་ནི༔ གཞུང་དང་དཔེའུ་རིས་ལྟར་ནི༔ བསྡུ་ན་གཙོ་བོ་མ་གཏོགས་ལོ་སྐོར་ཙཀླུ་བཙུགས་ཀྱང་ཆོག༔ སྔོན་དུ་ཁྱེར་རྒྱུའི་དཀར་གཏོར་གཅིག་དང་རྗེས་ནས་ཁྱེར་རྒྱུའི་དམར་གཏོར་གཅིག་བཅའ༔ ད་ནངས་སྔོན་དུ་ཚེ་སྒྲུབ་ཀྱི་ལས་བྱང་ཚར་གཅིག་ལ་སོགས༔ དཀོན་མཆོག་སྤྱི་འདུས་བཏོན་ཀྱང་ཆོག༔ གཤིན་རྗེའི་བདག་བསྐྱེད་གཅིག་ཡོད་ན་བཟང་དེ་ནས་ལྷོ་ཕྱོགས་ནས་ཚུར་ཁ་གྲུ་ལ༔ གདན་གཙང་མ་ཞིག་མཐོ་བའི་ཁར་གཤིན་རྗེའི་གཟུགས་ཁ་རྒྱུ་ལ་བཞག༔ དེ་ཡང་མགོ་འཕང་མཐོ་ན་མི་རུང་


CMR044_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཅུང་ཟད་དགུ་བར་བཞག༔ ཞལ་དེ་རས་ནག་པོ་ཞིག་གིས་བཀབ་ལ་བཞག༔ དེའི་མདུན་དེར་མཆོད་པ་སྣ་བདུན་ལེགས་པར་བཤམས༔ གཞུང་ནས་མ་བཤད་ཀྱང་ཁོ་རང་གི་མདུན་དེར་དམར་གཏོར་གཅིག་བཤམས༔ དེའི་མདུན་གཡས་ཟུར་ཟངས་དམར་གཙང་མ་ལ༔ གཡོན་དུ་ལྕགས་འགུ་གཙང་མ་ལ༔ དེ་གཉིས་གདན་གྱི་མཚམས་དེར་བསྒྲིགས་ལ་བཞག༔ རང་དང་གཤིན་རྗེའི་བར་དུ་གཏོར་ཁྲི་ཐུར་དུ་བཤམས་པའི་སྟེང་དུ་ཐེབ་ཙེ་བཅུའམ་བདུན་བཤམས༔ འབྲུ་སྣ་སོགས་མང་ཆེ་ན་ཟངས་སྡེར་ཡང་རུང་༔ གཏོར་ཁྲིའི་གཡས་ངོས་སུ་གཞི་དཀར་པོའི་སྟེང་དུ་


CMR044_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུ་དཀར་པོ་བརྒྱ་རེ་དང་༔ འབྲུ་སྣ་དཀར་པོའི་རིགས་གང་འཛོམ་མར་ཆུར་བ་ཐུད་སོགས་དར་ཚན་རིན་པོ་ཆེའི་ཕྱེ་མ་ཅི་འཛོམ་སྤུངས༔ འོ་ཆབ་གཙང་མ་དཀར་པོ་ལོགས་གང་བདེར་བཞག༔ གཡོན་དུ་གཞི་ནག་པོའི་སྟེང་དུ་ཆངས་བུ་ནག་པོ་རིལ་བུ་ནག་པོ་བརྒྱ་རྩ་བཞག་དེ་ཡང་གཙང་མ་དགོས༔ སྲན་མ་རམ་པ་བྲ་བོ་ཆང་གི་གླུམ་དགོས༔ སྒོག་པ་ཤ་ཚིལ་དུམ་བུ་མང་པོ༔ ཁྲག་ཆུ་ཟོ་ཆུང་གང་བཞག༔ གཡས་གཡོན་གཉིས་ཀ་ལ་མཁོ་རྒྱུའི་ནས་བཙོས་པའི་ཆན་ཞིག་ཀྱང་དགོས༔ གཤིན་རྗེའི་མདུན་རྣལ་འབྱོར་གཉིས་ཀྱི་བར་ངར་མི་ལ་ཡོན་བདག་གི་ལུས་ལ་དྲུད་པའི་གླུད་ཟན་གྱིས་བསྐོར༔ གོས་དུམ་བསྐོན༔ ཡར་ལ་གཤིན་རྗེ་ལ་ཁ་གྲུ་ལ་བཞག་གཡས་གཡོན་གཉིས་ལ་མཆོད་གཡོག་གཉིས༔ ལག་པ་བཀྲུས་ལ་ཁ་སྣར་དར་རས་དཀྲིས་ལ་འདུག་ནས༔ ཆུ་གཙང་གིས་བྲན་ནས༔ དེ་ནས་སྭ་བྷ་ཝ་སོགས་མངོན་རྟོགས་ནས༔ བཀུག་གཞུག་ཚིགས་བཅད་ཚར་གསུམ་རེ་བྱ༔ དེ་ནས་སྲུང་འཁོར་གྱི་སྔགས་དེ་ཚར་གསུམ༔ དེ་ནས་ཐེབ་ཙེ་རེ་རེའི་ནང་དུ་འདོན་མི་དུ་ཡོད་ཀྱི་གྲངས་ཀྱི་རིལ་བུ་ཆངས་བུ་དཀར་པོ༔ ཐེབ་ཙེ་རེ་རེའི་ནང་འབྲུ་སྣ་འབྲས་ཆན་ཟས་སྣ་སོགས་སོ་སོར་བཤམས༔


CMR044_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབ་ཙེ་གཅིག་སྟོང་པར་བཞག་པ་ནི་ཆུ་སྦྲེང་བའོ༔ འབྲུ་སྣ་ཟས་སྣ་དཀར་གསུམ་དར་ཚོན་སོགས་ཚར་རེ་བླུགས༔ མཆོད་གཡོག་པ་གཅིག་གིས་གཏོར་འགུའི་ཆུས་འོ་ཆབ་ཀྱིས་བྲན༔ སྭ་བྷ་ཝ་སོགས་གཏོར་མ་བྱིན་གྱིས་བརླབས༔ ཨོཾ་ཨཱཙྪཧཱུྃ་སོགས༔ ཐེབ་ཙེ་དུ་ཡོད་ལན་གཅིག་བྱིན་གྱིས་བརླབས༔ སཾ་བྷ་ར་སོགས། ལན་བདུན་བརྗོད༔ དེ་ཚེ་མཆོད་གཡོག་པ་གཅིག་གིས་ཐེབ་ཙེ་གཅིག་ནང་དུ་འོ་ཆབ་སྦྲེང་༔ འདོད་དགུའི་ཡོན་ཏན་ཞེས་པ་ནས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ་ཞེས་པ་ནས་རྔ་རོལ་མོ་འུར་རྡུང་དང་བཅས་པས་མཆོད་གཡོག་པ་གཉིས་ཀྱི་ཟངས་ནང་དུ་བླུགས༔ མཆོད་གཡོག་པ་གཅིག་གིས་ཐེབ་ཙེ་ཡང་བཤལ་ལ་བླུགས༔ དེ་ལྟར་བརྒྱ་རྩ་ཚང་དགོས་པ་ནི་འདོན་མི་དུ་ཡོད་ཀྱི་གྲངས་ཀ་ཙམ་ཆོག༔ དེ་ནས་སློབ་དཔོན་གང་ཡིན་པ་དེས་པད་ཞྭ་སོགས་སྔགས་ཆས་དང་ཁྲག་སོལ་བ་གཡོས་པས་གདོང་ལ་ཞུར་འཐེན༔ མཁུར་བ་གཉིས་ལ་ཐིག་ལེ་བྱ༔ མཆོད་གཡོག་ལྕི་པས་ཐེབ་ཙེ་རེ་རེའི་ནང་དུ་རིལ་བུ་ཟུར་གསུམ་ཆངས་བུ་ནག་པོ་ངར་མི་པར་མ་སོགས་འདོན་མི་དུ་ཡོད་ཀྱི་གྲངས་ཀ༔ ཐེབ་རྩེ་གཅིག་ཏུ་འབྲུ་ནག་རྣམས༔ གཅིག་ཏུ་ཤ་དུམ་ཚིལ་དུམ༔


CMR044_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ཆངས་བུ༔ གཅིག་སྟོང་པར་བཞག་པ་ཁྲག་ཆུ་ཕྱར་ས༔ གཅིག་ཏུ་ཆན་བླུག༔ གཏོར་འགུའི་ཁྲག་ཆུ་ཤར་གཅིག་བྲམ༔ ཧཱུྃ། ང་ནི་འཇམ་དཔལ་སོགས༴ རྔ་རོལ་མོ་བཅས་བཀུག་གཞུག་ལན་གསུམ་བྱ༔ སྭ་བྷ་ཝ་སོགས་ནས༔ གནོད་བྱེད་དགྲ་བགེགས་རྫོགས་པར་གྱུར་ནས༔ རྗེ་བཙུན་རྩ་བ་དང་སོགས་ནས༴ ཛཿཧཱུྃ་བཾ་ཧོའི་བར་ཕཊ་དགྲ་བགེགས་རྣམ་པར་ཤེས་པ་ཞལ་ནས་ཁྲག་གི་རྒྱ་མཚོ་གྱུར༔ ཨོཾ་ཨཱཿཧཱུྃ་གིས་ལན་གསུམ་བྱིན་རླབས་དུས་གཅིག་བྱ༔ སཾ་བྷ་ར་ལན་གསུམ་མམ་བདུན་བརྗོད་ཚེ་མཆོད་གཡོག་པས་གཏོར་འགུ་ནང་ནས་ཁྲག་ཆུ་སྦྲེང་༔ དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་ཞེས་པ་ནས་གོང་གི་འགྲེས་བཤངས་ལ༔ ནམ་ཞིག་བྱང་ཆུབ་སྙིང་པོ་ཞེས་ནས༔ སྟོང་པར་གྱུར་ཅིག༔ བར་བརྗོད༔ རྔ་རོལ་མོ་འུར་རྡུང་དང་བཅས་ཏེ་གཡོན་གྱི་ལྕགས་སྣོད་དུ་བླུགས༔ སླར་ཡང་ཁྲག་ཆུས་ཐེབ་ཙེ་བཤལ་ཏེ་བླུག༔ ཡང་སྔར་ལྟར་བཤམས༔ སྔར་ལྟར་འདོན༔ དེ་ལྟར་བརྒྱ་རྩ་མ་རྫོགས་བར་དུ་བྱ༔ དེ་ནས་ངར་མི་བྲན་ལ་གླུད་རབ་ངར་མི་འདོན༔ དེ་ནས་དཀར་གཏོར་འདོན་ལ་སྔོན་དུ་བཞག༔ དེ་རྒྱབ་ངར་མི༔ དེ་རྒྱབ་ཟངས་ལྕགས་འགུ༔ དེ་


CMR044_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་གཤིན་རྗེའི་གཟུགས་རྣམོས་བཞག༔ དེ་རྒྱབ་དམར་གཏོར་ཆེ་བ་གཅིག༔ དེ་ནས་རྗེས་ཀྱི་དམར་གཏོར་དེ་འབྲུ་སོགས་ལྷག་མ་ཅི་གདའ་གཤིན་རྗེའི་ནང་དུ་རྫོངས་འདེབས་ཀྱི་ཚུལ་དུ་བླུགས༔ དེ་ནས་ཧཱུྃ་འཆི་བདག་སོགས་བཀའ་བསྒོས་ཏེ་དབྱངས་དང་བཅས་པ་འདོན༔ དེ་ནས་རྗེས་ཀྱི་དམར་གཏོར་དེ་བྲན་ལ་སེང་གདོང་མ་ཚར་གཅིག་འདོན༔ དེ་ནས་དར་ནག་བསྒྲོན་པ་དང་བཅས་ཏེ་གྲལ་རིམ་ལྟར་ཁྱེར༔ ལྷོ་སྟོད་སྨད་གཉིས་ཤར་ལྷོ་ནུབ་སྟེ་རང་དང་ཡོན་བདག་གི་ལོ་དེའི་ལོ་ལྷ་མེད་སར་གཟའ་མཁའ་འགྲོ་གདོང་མ་ཐུག་པར་ཁྱེར༔ གྲོང་ཟད་པའི་གནས་ཁང་དེ་མི་མཐོང་བར་ཡིན་ན་བཟང་༔ ལྷོ་ངོས་ཤིག་མིན་ན་མི་རུང་༔ རེ་ཞིག་ཐམས་ཅད་ཐང་ལ་བཞག༔ དང་པོ་དཀར་གཏོར་བཀྱག་ལ་ཆད་མདོའི་ལམ་བསྟན་ལ་ཕུལ༔ དེའི་སྣོད་དེ་ཆང་གིས་བཀང་ལ་བརྟན་མ་འདོན་ལ་མཆོད༔ དེ་ནས་ངར་མི་ཁ་ཕར་བསྒྱུར་ལ་བཞག༔ གླུད་ཀྱང་དྲུང་དུ་དཔུང་ལ་བཞག༔ དེ་ནས་ཁྲག་ཆུ་དང་འབྲུ་ནག་ཚོ་དོར་བྱོ་བཞག༔ དེ་ནས་གཤིན་རྗེའི་གཟུགས་ལག་གཉིས་ཀྱིས་བཀྱགས་ལ་འཕེན༔ ཁ་གྱུ་ཕྱོགས་བཏགས་ཏེ་ཕྱོགས་གཙང་སར་མ་རྙེད་ན་ཁ་ཕར་བསྟན་ལ་བཞག་ཆོག་


CMR044_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་མི་དགོས༔ དེ་ནས་དམར་གཏོར་བཀྱགས་ལ་སྲིན་མོ་ཟ་ལམ་འདོན༔ ངེས་དོན་སྙིང་པོའི་ཟོར་ལས་དེ་འདོན༔ དམར་གཏོར་འཕེན་དར་ནག་རྡེབ༔ མདོས་སྐྱེལ་མཁན་གོ་ཆ་ཅན་ཡོད་ན་བསྲོ་སྒྲ་སྒྲོག༔ འོ་ཆབ་དང་དཀར་གཏོར་འབྲུ་སྣ་རྣམས་ཆུ་ཆེན་ལ་བསྐྱལ༔ གཏོར་སྣོད་རྣམས་ཁ་སྦུབས་ལ་སྟེང་དུ་དར་ནག་དྲིལ་ལ་བཙུགས་ལ་རྟ་བྲོ་འདོན༔ རྐང་པས་མནན་ལ་སློབ་དཔོན་རྗེས་སུ་བསྡད་ནས་དར་ནག་བསྒྲིལ་ལ་མདུང་ཐབས་སུ་དྲུད་ཅིང་༔ ཁྱུང་གི་རྗེས་བཅད་པར་བསྒོམ་ལ་ཕྱི་མིག་མི་ལྟ་བར་ཁྱིམ་དུ་འོང་༔ གལ་ཏེ་སློབ་དཔོན་ཕྱི་རུ་འབྱོན་འཚེར་ན༔ འདོན་རྒྱུ་ཐམས་ཅད་ཁྱིམ་དུ་བཏོན་ནས་ཕུལ་རྒྱུ་གཞན་ལ་བསྐུར༔ ཚུལ་མ་སླེབ་བར་རྔ་རོལ་མོ་བྱ་ཞིང་སེང་གདོང་མའི་སྔགས་འདོན༔ ཕྱི་མིག་མི་ལྟ་བར་ཤོག་ཅེས་བསྒོ༔ གཏོར་སྣོད་སྒོ་རྩར་སྦུབས་བཅུག་རྟ་བྲོ་འདོན་པས་འཐུས༔ དེ་ནས་སྲུང་འཁོར་བསྒོམ་ལ་ནད་པ་གལ་ཆེན་ཡོད་ན་ཚེ་དབང་བསྐུར༔ ཡང་མདའ་དར་དང་བུམ་པ་བཟུང་ལ་ཚེ་དབང་རྒྱས་པ་ཚེ་འགུགས་དང་བཅས་ཚེ་རྟ་བསྡམས་པ་སོགས་གཞུང་ལྟར་བྱ༔ མ་ལྕོགས་ན་ཚེ་གཟུངས་ཚར་འགའ་ཟུང་འདོན་པས་འཐུས༔ འདི་ནི་རང་དོན་དང་བླ་མ་མཆེད་གྲོགས་


CMR044_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དམ་ཚིག་ཅན་གྱི་དོན་དུ་རུང་གི༔ གཞན་ལ་མི་རུང་རང་ལ་འཁུ་ལྡོག་འོང་༔ གལ་ཏེ་སྡིག་ཅན་དམ་མེད་སོགས་ཀྱི་དོན་ཏུ་མི་བྱེད་ཁ་མེད་རང་བྱུང་ན༔ སྡེ་བརྒྱད་རང་ཤ་རང་གིས་ཟ་བའི་དམིགས་པ་དེ་མ་བསྒོམས་ན་ཚིག་ཙམ་བརྗོད་པ་ལ་ཉེས་འགལ་ཆུང་ངོ་༔ ཚིག་དེ་ཡང་དོན་དུ་དམིགས་པས་ཆོག༔ ཞེས་ཨོ་རྒྱན་བློ་གྲོས་ཀྱིས་བསྐུལ་ནས༔ ཨ་རཱ་གས་ངག་ནས་སྨྲས་པ་ལྟར༔ དགེ་སློང་སྦྱིན་པས་ཡི་གེར་བཀོད་པའོ༔ རིམ་གྲོ་ལ་འདི་ལས་ཟབ་པ་མེད་དོ༔ ཡོན་མཆོད་རྐྱེན་ངན་བར་ཆད་བཟློག་པར་ཤོག༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཤིན་རྗེའི་གཏོར་ཆེན་གྱི་བཅའ་ཚོགས་གསལ་བར་བཀོད་པ།next