Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིག་འཛིན་འཇའ་ཚོན་པའི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ལས་ཚོགས་འཆི་བདག་གཤིན་རྗེའི་གཏོར་ཆེན་གྱི་ལས་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་འཛིན་འཇའ་ཚོན་པའི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ལས་ཚོགས་འཆི་བདག་གཤིན་རྗེའི་གཏོར་ཆེན་གྱི་ལས་འགྲིགས།next

རིག་འཛིན་འཇའ་ཚོན་པའི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ལས་ཚོགས་འཆི་བདག་གཤིན་རྗེའི་གཏོར་ཆེན་གྱི་ལས་འགྲིགས།


CMR044_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་འཇའ་ཚོན་པའི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ལས་ཚོགས་འཆི་བདག་གཤིན་རྗེའི་གཏོར་ཆེན་གྱི་ལས་འགྲིགས་བཞུགས་སོ།།


CMR044_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་རྡོ་རྗེ་ཚེའི་ལྷ་ལ་ཕྱག་འཚལ་ལོ། གཤིན་རྗེའི་གཏོར་ཆེན་བཅའ་ཐབས་འདོན་འགྲིགས་གོ་བདེར་བྲིས་པ་ལ། གནས་ཡིད་དང་མཐུན་པར་རྩ་གསུམ་ཆོས་སྲུང་གི་གཏོར་མ་ཕྱི་ནང་གསང་བའི་མཆོད་པ། ཚོགས་དཀར་བགེགས་ཆད་མདོ་བརྟན་སྐྱོང་སོགས་དང་བུམ་གཏོར་ཚེ་འབྲང་ཚེ་ཆང་བཤམས། གཏོར་ཆེན་བཅའ་ཐབས་ལ་མ་ཏཱཾ་གི་གཟུགས་བྲིས་འབུར་གང་རུང་གི་སྙིང་ཁར། གཤིན་རྗེ་ཨ་ཝ་གླང་མགོ་སྐུ་མདོག་ནག་པོ་མི་ལུས་གླང་གི་མགོ་བོ་ཅན་གཡས་པས་ཁྲམ་ཤིང་གཡོན་པས་ཞགས་པ་བསྣམས་པ། དེའི་གཡས་སུ་ཚེ་བདག་རཀྵ་ཕག་མགོ་སྔོན་པོ་ཁྲམ་ཤིང་དང་ཞགས་པ་བསྣམས་པ། གཡོན་དུ་སྲོག་བདག་ཞེ་སྡང་སྦྲུལ་མགོ་དམར་པོ་ཁྲམ་ཤིང་དང་ཞགས་པ་བསྣམས་པ། མ་ཊ་གི་ཡན་ལག་བཞི་ལ་ལོ་བདུད་


CMR044_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ནི། རྐང་པ་གཡས་སུ་སྟག་ཡོས་གཉིས་ལྗང་གུ། ལག་པ་གཡས་སུ་རྟ་སྦྲུལ་གཉིས་དམར་པོའམ་སྔོན་པོ། ལག་པ་གཡོན་དུ་བྱ་སྤྲེལ་གཉིས་དཀར་པོ། རྐང་གཡོན་དུ་བྱི་ཕག་གཉིས་ནག་པོ། མཚམས་བཞིར་ཤར་ལྷོ་འབྲུག །ལྷོ་ནུབ་ལུག །ནུབ་བྱང་ཁྱི། །བྱང་ཤར་་གླང་བཞི་སེར་པོ་དེ་རྣམས་མིའི་ལུས་ལ་མགོ་བརྙན་ཅན་ཁྲམ་ཤིང་དང་ཞགས་པ་བསྣམས་པ་བྲིས་འབུར་གང་རུང་བྱའོ། །ལྷོ་ཕྱོགས་ནས་ཁ་ཚུར་རྒྱུས་ལ་གདན་མཐོ་བའི་ཁར་བཤམས་མགོ་འཕང་ཅུང་ཟད་རྒུ་བར་ཞལ་ངོ་རས་ནག་གིས་བཀབ་བོ། །སྔོན་དུ་ཁྱེར་རྒྱུ་དཀར་གཏོར་གཅིག་རྒྱབ་ཏུ་དམར་གཏོར་གཅིག་བཅའ། གླུད་ནི་སྒེའི་ལུས་བཀྲུས་པའི་ཆུ་ལ་འབྲུ་སྣ་ཚོགས་ཀྱི་ཕྱེ་བསྲེས་ལ་གླུད་གཟུགས་ཁྲུ་གང་པ་བཅའ་ལ་གོས་བསྐོན་མགུལ་རྒྱན་ཞྭའམ་ཐོད་བཅིངས་ཕོ་མོ་


CMR044_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་གྱི་ཆེས་ཀྱིས་སྤྲས། ཕོ་ཤིང་སྟག་པ་མོ་ཤིང་གླང་མ་གཉིས་ལ་ཁྲམ་རིས་ལོ་གྲངས་གང་རེད་བཏབ་ལ། ཕོ་མོ་གང་ཡིན་གྱི་གཟུགས་ཀྱི་ཕྲག་པ་གཡས་གཡོན་དུ་བཙུགས་སོ། །གཞན་ཡང་དེའི་འཁོར་དུ་རང་དང་ཡོན་བདག་གི་གླུད་།དང་ཆངས་བུས་བསྐོར་ལ་གཤིན་རྗེའི་མདུན་དུ་ཁ་གྱུས་ལ་བཞག་གོ །གླུད་རྫས་ནི། ཤ་ནི་བསེ། ཁྲག་མཚལ། རུས་པ་དུང་། ལྤགས་པ་གྲུམ་ཤུན། སྙིང་ཞོ་ཤ། གློ་བ་བླ་གོར་ཞོ་ཤ །བ་མཆིན། མཁལ་མ་སྲན་མ་ཞོ་ཤ །མཁལ་མ་ཞོ་ཤ །ཐང་དཀར་རྒྱུས་པ། རྩ་རྒྱུས། སྤུ་ཤེལ་རྩེ། མགྲོན་བུའི་སོ། ལྕེ་དར་དམར་རམ་བྱི་རུ། ལོང་ཏང་མིག །ཟངས་མའི་སྣ། གྲོ་གའི་རྣ་བ། སྐྲ་ཟེར་མོའི་སྤུ། དབང་ལག །ཕྲག་གཡས་གསེར། ཕྲག་གཡོན་དངུལ། རྐང་གཡས་ལྕགས། རྐང་གཡོན་ཟངས་དེ་རྣམས་སོ་སོར་གནས་རྣམས་ལ་བཞག་གོ །གཤིན་རྗེའི་མདུན་དུ་མཆོད་པ་སྣ་བདུན་ལེགས་པར་བཤམས། མདུན་དུ་དམར་གཏོར་གཅིག་བཞག །གཡས་སུ་ཟངས་སམ་རྫ་། གཡོན་དུ་ལྕགས་འགུ་གཙང་མ་དེ་གཉིས་གདན་གྱི་མཚམས་ཐང་དེར་བསྒྲིག་ལ་བཞག །གླུད་རྫས་ཆངས་བུ་དཀར་པོ་བརྒྱ། རིལ་བུ་བརྒྱ། ཆངས་བུ་ནག་པོ་བརྒྱ། རིལ་བུ་ནག་པོ་ཟུར་གསུམ་བརྒྱ་རྩ། ལིང་ཆུང་པར་མ་བརྒྱ་བཅལ། ཟ་ལམ་འབྲུ་སྣ་དཀར་པོའི་རིགས་ལ་གྲོ་འབྲས་ནས་ཁྲེ་སོ་བ་ཡུངས་ཀར་སྲིན་དཀར་ཆུར་བ་ཐུད་འོ་མ་ཤིང་ཐོག་རིན་ཆེན་ཕྱེ་མ་དར་ཚོན་སོགས་དང་། ཀ་ར་བུ་རམ་གྱི་ཆུ་ནས་བཙོས་པའི་ཆན། ༈ འབྲུ་ནག་ལ་


CMR044_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བྲ་བོ་སྲན་ནག་རམ་པ་ཚྭ་སྒོག་ཀླུམ་ཤ་ཚིལ་དུམ་བུ་མང་པོ་ཁྲག་ཆུ་ཆང་ཕུད་དེ་རྣམས། ༈ གཏོར་ཁྲིའི་གཡས་ངོས་སུ་གཞི་དཀར་པོ་ལ་རིལ་བུ་དཀར་པོ་ཆངས་བུ་དཀར་པོ་བརྒྱ་རྩ་བཤམས། འབྲུ་སྣ་དཀར་པོའི་རིགས་གྲོ་འབྲས་སོགས་གོང་ལྟར་བཤམས། འོ་མ་གཙང་མ་དཀར་ལོག་གང་བཞག་།གཡོན་དུ་གཞི་ནག་པོའི་སྟེང་དུ་ཆངས་བུ་ནག་པོ་རིལ་བུ་ནག་པོ་ཟུར་གསུམ་རྣམས་དང་། ལིང་ཆུང་རྣམས་བརྒྱ་རྩ་རེ་བཤམས། དེ་ཡང་གཙང་མ་དགོས། འབྲུ་སྣ་ནག་པོ། ཚྭ་སྒོག་རམ་གསུམ་རྫས་རྣམས་བཤམས། །ཁྲག་ཆུ་བཤམས། དེ་རྣམས་སྣོད་སོ་སོར་བཤམས། དེའི་མདུན་དུ་རྣལ་འབྱོར་པ་རྣམས་ཀྱི་གདན་བཤམས་ལ་སྔོན་འགྲོ་སྐྱབས་སེམས་དཀར་བགེགས་གཞུང་ལྟར་དང་དཀོན་མཆོག་སྤྱི་འདུས་ཚེ་སྒྲུབ་གུ་དྲག་སེང་གདོང་མ་ནིང་བཀའ་སྲུང་གསོལ་མཆོད་རྒྱས་བསྡུས་གང་རུང་བསྐང་ཚོགས་ལྷག་མ་ཡན་སོང་ནས། བདག་བསྐྱེད་གཤིན་རྗེ་གཤེད་གཅིག་བྱ། དེ་ནས་གཏོར་ཁྲིའི་གཡས་གཡོན་དུ་མཆོད་གཡོག་པ་གཉིས་ལག་པ་བཀྲུས་ལ། ཁ་སྣ་རས་ཀྱིས་དཀྲིས་ལ་འདུག །དང་པོ་སྤོས་རུམ་བྱ། དེ་ནས་གཤིན་རྗེའི་གཟུགས་ལ་ཆུ་གཙང་བྲན། སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་མདུན་དུ་སོགས་ནས། འཁོད་པར་གྱུར༔ ཡན་དང་། རང་ཉིད་ལྷའི་སོགས་དང་། ན་མོ་རྗེ་བཙུན་སོགས་དང་། ཧཱུྃ་ང་ནི་འཇམ་དཔལ་སོགས་ཚིགས་བཅད་ལྷུག་རྣམས་ཚར་གསུམ་རེ་བྱ། སྲུང་འཁོར་སྔགས་རིང་ན་མས་མནྟ་བུདྡྷ་ཞེས་


CMR044_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལན་གསུམ་མམ་བདུན་བརྗོད། དེ་ནས་རང་དང་གཤིན་རྗེའི་བར་དུ་གཏོར་ཁྲི་ཐུར་དུ་བཤམས་པའི་སྟེང་དུ་ཐེབ་ཙེ་བཅུའམ་བདུན་སོགས་བཤམས། ཐེབ་ཙེ་རེ་རེའི་ནང་དུ་འདོན་མི་དུ་ཡོད་ཀྱི་གྲངས་ཀྱི་ཆངས་བུ་དཀར་པོ་དང་རིལ་བུ། ཐེབ་ཙེ་རེ་རེའི་ནང་དུ་འབྲུ་སྣ་འབྲས་ཆན་ཟན་སྣ་སོགས་སོ་སོར་གྲངས་ཚང་བར་བཤམས། ཐེབ་གཅིག་སྟོང་པར་བཞག་པ་ནི་ཆུ་སྦྲེང་བའོ། །དེ་ལྟར་བརྒྱ་རྩ་བརྒྱད་འདང་བའི་འབྲུ་སྣ་ཟས་སྣ་དཀར་གསུམ་སོགས་ཚོད་རེ་བླུག །མཆོད་གཡོག་པ་གཅིག་གིས་གཏོར་འགུའི་མཆུས་འོ་ཆབ་ཀྱིས་བྲན། སྭ་བྷ་ཝ་དང་ཧཱུྃ་ལས་སོགས་ཀྱིས་གཏོར་མ་བྱིན་རླབས། ཨོཾ་ཨཱཿཧཱུྃ་སོགས་ཀྱིས་ཐེབ་ཙེ་དུ་ཡོད་ལན་གསུམ་གྱི་བྱིན་གྱིས་བརླབ། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་བདུན་བརྗོད་ཚེ་མཆོད་གཡོག་པས་གཏོར་འགུའི་མཆུས་འོ་ཆབ་སྦྱོང་། འོདོད་དགུའི་ཡོན་ཏན་དང་ལྡན་པར་གྱུར༔ མཆོད་སྦྱིན་གཏོར་མ་སོགས་ནས། ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ བརྗོད་ལ་རྔ་རོལ་མོ་འུར་བརྡུང་དང་བཅས། མཆོད་གཡོག་པས་གཡས་ཀྱི་ཟངས་ནང་དུ་བླུགས། མཆོད་གཡོག་གཅིག་གིས་ཐེབ་ཙེ་ཡང་བཤལ་ལ་བླུག །དེ་ལྟར་བརྒྱ་རྩ་བརྒྱད་ཚང་དགོས་པ་ནི་འདོན་མི་དུ་ཡོད་ཀྱི་གྲངས་ཀ་བརྩི་ཆོག ། ཡང་གོང་ལྟར་བཤམས་ལ་འདོན་ནས་བརྒྱ་རྩ་ཚར་ནས། ༈ དེ་ནས་སློབ་དཔོན་གང་ཡིན་དེས་པད་ཞྭ་སོགས་སྔགས་ཆས་དང་ཁྲག་སོལ་བ་སྤྱོས་པས་གདོང་ལ་ཞུར་འཐེན་མཁུར་བ་གཉིས་ལ་ཐིག་ལེ་བྱ། མཆོད་གཡོག་པས་ཐེབ་ཙེ་རེའི་ནང་


CMR044_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གོང་ལྟར་རིལ་བུ་ནག་པོ་ཟུར་གསུམ་ཆངས་བུ་ནག་པོ། ལིང་ཆུང་པར་མ་ནག་པོ་འདོན་མི་དུ་ཡོད་ཀྱི་གྲངས་ཀ །ཐེབ་ཙེ་གཅིག་ཏུ་འབྲུ་ནག་ཚྭ་སྒོག་རམ་གསུམ་སོགས་དང་། གཅིག་ཏུ་ཤ་དུམ་ཚིལ་དུམ། གཅིག་ཏུ་ཆང་། གཅིག་སྟོང་པར་བཞག་ལ་ཁྲག་ཆུ་སྦྲེང་། གཅིག་ཏུ་འབྲས་ཆན་བླུགས་ལ་གཏོར་འགུ་ཁྲག་ཆུས་ཤར་གཅིག་བྲན། ཧཱུྃ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ སོགས་རྔ་རོལ་མོ་དང་བཅས་ཏེ་བྱ། སྭ་བྷ་ཝ་སོགས་ནས། གནོད་བྱེད་དགྲ་བགེགས་རྫོགས་པར་གྱུར༔ བོར་རོ།། ན་མོ་རྗེ་བཙུན་སོགས། ཛཿཧཱུྃ་བཾ་ཧོའི་བར་རོ། །ལྷ་དང་དབྱེ་བར་བསམ་ལ། ཕཊ་དགྲ་བགེགས་ཀྱི་རྣམ་ཤེས་རང་ཉིད་ལ་བསྟིམ་གཟུགས་ཕུང་ལ་བཟའ་བ་ཤའི་རི་བོ་བཏུང་བ་ཁྲག་གི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་དུས་གཅིག་བྱིན་གྱིས་བརླབས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་བདུན་བརྗོད་ཚེ་མཆོད་གཡོག་པས་གཏོར་འགུ་ནང་ནས་ཁྲག་ཆུ་སྦྲེང་། དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། འཆི་བདག་ཨ་ཝ་གླང་མགོ་སོགས་ནས། འབུལ་ལོ། །ན་མོ་དཀོན་མཆོག་གསུམ་གྱི་སོགས། མ་ཐོབ་ཀྱི་བར་དུ་ཡན་བརྗོད། ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་སོགས་ནས། སྟོང་པར་གྱུར་ཅིག་བར་བརྗོད་རྔ་རོལ་མོ་འུར་བརྡུང་


CMR044_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ་གཡོན་གྱི་ལྕགས་སྣོད་དུ་བླུགས། སླར་ཡང་ཁྲག་ཆུས་ཐེབ་རྩེ་བཤལ་ཏེ་བླུགས། ཡང་སྔར་ལྟར་བཤམས་ལ་སྔར་ལྟར་འདོན། དེ་ལྟར་བརྒྱ་རྩ་མ་རྫོགས་ཀྱི་བར་དུ་བྱ། ༈ བསྡུས་པ་མན་ངག་ལུགས་སུ་བྱ་བར་འདོད་ན་སྔར་ལྟར་བཤམས་ལ་ཁྲག་ཆུས་བྲན་ལ། སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་བྷན་དམར་པོ་གྲུ་གསུམ་པའི་ནང་དུ་ཡི་གེ་ཧཱུྃ༔དང་ཏྲི་ཡོངས་སུ་གྱུར་པ་ལས་གནོད་བྱེད་དགྲ་བགེགས་བྱད་མ་རྣམས་གཟུགས་ཀྱི་ཕུང་པོ་དབང་པོ་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་རྣམ་པར་ཤེས་པ་ནཱིདམར་ལྗང་དང་ཏྲིདམར་སེར་ལ་ཕོག་པས་རང་དབང་མེད་པར་བཀུག་ནས་ལིང་ལ་བསྟིམ་མོ། །ན་མོ་དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པོ་དང་། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་སྟོབས་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་


CMR044_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་ཀྱི་ལུས་ངག་ཡིད་གསུམ་དང་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་འཆི་བདག་གཤིན་རྗེ་འཁོར་བཅས་དང་བན་བོན་གྱི་བྱད་མ་ལ་སོགས་པ་གནོད་ཅིང་འཚེ་བའི་གདོན་བགེགས་འདྲེ་གདོན་འབྱུང་པོ་ཐམས་ཅད་གཟུགས་ལིངྒ་འདི་རྣམས་ལ་ཁུག་ཅིག །གཅིག་གམ་གསུམ། ཛཿཧཱུྃ་བཾ་ཧོ༔གཉིས་སུ་མེད་པར་བསྟིམ། ལྷ་དང་ཕྲོལ་ཅིག་ཕཊ། དགྲ་བགེགས་ཀྱི་རྣམ་ཤེས་རང་ཉིད་ལ་བསྟིམ། གཟུགས་ཕུང་ལ་བཟའ་བ་ཤའི་རི་བོ་བཏུང་བ་ཁྲག་གི་རྒྱ་མཚོར་གྱུར་ནས། སླར་ཁོ་རང་རྣམས་ལ་སྦྱིན་པས་རང་དབང་མེད་པར་ཟོས་པར་བསམས་ལ། འདི་ཤིན་ཏུ་གནད་ཆེ་བ་གཅིག་ཡོད་སུ་བྱུང་ལ་མི་བྱ་བ་གསང་སྔགས་སོ་གསུངས་སོ། །ཨོཾ་ཨཱཿཧཱུྃ། །ལན་གསུམ་གྱིས་དུས་གཅིག་ལ་བྱིན་གྱིས་བརླབས་སོ། །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་སོགས་བདུན་བརྗོད་ཚེ་མཆོད་གཡོག་པས་གཏོར་འགུ་ནང་ནས་ཐེབ་ནང་ཁྲག་ཆུ་སྦྲེང་། རྗེས་སུ། དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད༔ འཆི་བདག་ཨ་ཝ་གླང་མགོ་སོགས་གོང་ལྟར་བརྗོད་ནས། དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་ཚེ་སྲོག་ལ་བར་དུ་གཅོད་སོགས་ནས། སྟོང་པར་གྱུར་


CMR044_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ བར་བརྗོད་ནས་རྔ་རོལ་མོ་འུར་བརྡུང་དང་བཅས་ཏེ་གཡོན་གྱི་ལྕགས་སྣོད་དུ་བླུགས། སླར་ཡང་ཐེབ་ཙེ་བཤལ་ཏེ་བླུགས། དེའི་འགྲེས་སུ་གོང་ལྟར་བཤམས་ལ་བརྒྱ་རྩ་རྫོགས་པར་བྱའོ། །དེ་ནས་གླུད་དང་ངར་མི་བྲན་ལ། ཨ་མྲ་དང་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གླུད་གཏོར་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ནམ་མཁའ་དང་མཉམ་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ། སརྦ་ཐཱ་ཁཾ་ཨུཏྟཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱི་ད་ཡ་ཛྭ་ལ་ནི་ཧཱུྃ། ན་མཿས་མནྟ་བུདྡྷཱ་ནཾ་གྲ་རྒྱ་ཤྭ་ར་པྲ་བྷ་ཛོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་ལན་གསུམ་བྱིན་གྱིས་བརླབས། གླུད་རབ་གྱེར་རོ།། ཀྱི་དང་པོ་གླུད་བྱུང་སོགས་ནས། གནས་སུ་གཤེགས་བར་རོ། །དེ་ནས་གླུད་ལ་ལམ་བསྟན་པ་ནི། ཀྱཻ། མཐོ་སྲིད་པའི་རྩེ་མོ་མན་ཆད་ནས། །དམའ་ན་རག་དམྱལ་བ་ཡན་ཆད་དུ། །ཕྱོགས་བཅུའི་ལྷ་འདྲེའི་ཚོགས་རྣམས་ཀུན། །སྔོན་ཆད་མཆོད་སྦྱིན་མ་ཐོབ་པ། །དེ་རིང་བདག་གིས་ཁྱོད་མཆོད་


CMR044_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མི་དང་གླུད་དུ་བརྗེ་བར་མཛོད། །གླུད་དང་ལྷ་འདྲེ་བསྡེབས་ལ་སོང་། །གླུད་ལ་ད་ནི་ལམ་བསྟན་འཚལ། །དཔྱིད་ཀྱི་དེ་ནི་ཟླ་གསུམ་ལ། །ཆུ་གསུམ་འདུས་པའི་གཞུང་ལ་སོང་། །དབྱར་གྱི་དེ་ནི་ཟླ་གསུམ་ལ། །རི་གསུམ་འདུས་པའི་རྩེ་ལ་སོང་། །སྟོན་གྱི་དེ་ནི་ཟླ་གསུམ་ལ། །ལུང་གསུམ་འདུས་པའི་མདོ་ལ་སོང་། །དགུན་གྱི་དེ་ནི་ཟླ་གསུམ་ལ། །ལམ་གསུམ་འདུས་པའི་གཞུང་ལ་སོང་། །ལྷ་ཡི་དལ་ཁ་བཟློག་ཅིང་སོང་། །བདུད་ཀྱི་ཁྲམ་ཁ་བསྒྱུར་ལ་སོང་། །བཙན་གྱི་པྲ་ལྟས་བཟློག་ལ་སོང་། །མ་མོའི་འདུས་མ་སྤང་ལ་སོང་། །གཟའ་ཡི་དཀྱུས་ཀ་བཟློག་ལ་སོང་། །དམུ་ཡི་དལ་ནད་བཟློག་ལ་སོང་། །རྒྱལ་པོའི་ཕོ་སྐྱས་བཟློག་ལ་སོང་། །ཐེའུ་རང་རྫོང་འདེབས་བཟློག་ལ་སོང་། །ཀླུ་ཡི་དུག་རྣམས་འཇོམས་ཤིང་སོང་། །བནེའི་རྦོད་གཏོང་བཟློག་ལ་སོང་། །སྲིད་པའི་དལ་ཀ་བཟློག་ལ་སོང་། །དུས་མིན་འཆི་བ་བཟློག་ལ་སོང་། །གློ་བུར་ནད་རྣམས་སེལ་ལ་སོང་། །སྔ་མའི་ལན་ཆགས་འཇལ་ལ་སོང་། །འཕྲལ་གྱི་ཉེས་སྐྱོན་སོལ་ལ་སོང་། །འཛུམ་པའི་མདངས་ཀྱིས་སྟོན་ལ་སོང་། །


CMR044_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་པའི་ངག་གིས་འགྲེལ་ལ་སོང་། །ད་བཞེངས་དེ་ནི་ད་བཞུད་འཚལ། །གླད་དང་ལྷ་འདྲེ་བསྡེབས་ལ་སོང་། །གཤེགས་སོ་རང་རང་ཡུལ་དུ་གཤེགས། །ཐམས་ཅད་དགྱེས་ཤིང་ཚིམ་གྱུར་ནས། །རང་གི་ཡུལ་དུ་ད་སོང་ལ། །ཕྱིན་ཆད་གནོད་འཚེ་མ་བྱེད་ཅིག །བཟློག་བཟློག་བསྒྱུར་བསྒྱུར་བྷྱོ་བྷྱོ་བྷྱོ། དེ་ནས་གླུད་དང་གཤིན་རྗེ་ཕྱིར་དཔག་པ་ནི། དང་པོ་དཀར་གཏོར་བཞག །དེ་རྒྱབ་བླུད། དེ་རྒྱབ་ཟངས་སམ་ལྕགས་འགུ། དེ་རྒྱབ་གཤིན་རྗེའི་གཟུགས་རྣམས་ཁ་ཕྱིར་བསྟན་ལ་བཞག །དེ་རྒྱབ་དམར་གཏོར་ཆེ་བ་གཅིག་བཞག །འབྲུ་སྣ་སོགས་ལྷགས་མ་ཅི་གདའ་གཤིན་རྗེའི་ནང་དུ་རྫོངས་འདེབས་ཀྱི་ཚུལ་དུ་བླུགས་ལ། སྒོ་དབྱེ་རྫོངས་འདེབས་ནི། ཁྲོ་བོ་བཅུའི་གུར་ཁང་གི་སྒོ་ཕྱེ་བར་བསྒོམས་ལ། བདེ་གཤེགས་བཀའ་ཡི་གཏོར་མ་འདི། །གཏོར་མའི་ལམ་བསྟན་ཤར་དུ་བསྟན། །དེ་རིང་ཟོར་ཡང་ཤར་དུ་འཕེན། །ཤར་ཕྱོགས་ལྷ་ཀླུ་སྡེ་བརྒྱད་རྣམས། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ལ། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག །མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས། །དམའ་བ་རྣམས་ཀྱིས་དབུ་མར་སྨོད། །ཐད་དུ་ཡོད་པ་སྐུ་གཟུར་གྱིས། །དགྲ་བགེགས་ཡུལ་དུ་ལམ་བསྟན་ནོ། །དགྲ་བགེགས་ཐམས་ཅད་རྫོངས་སུ་འདེབས། །


CMR044_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་མ་གནོད་བྱེད་རྫོངས་སུ་འདེབས། །ཕྲིན་ལས་ཐམས་ཅད་བསྒྲུབ་ཏུ་གསོལ། །དེ་བཞིན་དུ་ལྷོ༴ ནུབ༔ བྱང༔ འགྲེས་སོ། །དེ་ནས་ཞི་དྲག་སེང་གསུམ་བསྐུལ་པ་དང་མ་ནིང་བསྐུལ་པ་བཏང་། དེ་ནས་རྔ་བརྡུང་རོལ་མོ་སྒྲོག་ཅིང་གཤིན་རྗེ་རྣམས་ལ་བཀའ་བསྒོ་བ་ནི། ཧཱུྃ། འཆི་བདག་གཤིན་རྗེ་འཁོར་བཅས་དང་། སོགས། ཕཊ་ཡན་འདོན། དེ་ནས་དཀར་གཏོར་གསེར་སྐྱེམས་འདོན། སྲིན་མོཟ་ལམ་འདོན། ཆད་མདོ་གྱེར། ངེས་དོན་སྙིང་པོའི་མཐའི་ཟོར་ལས་དེ་འདོན་ལ་མདོས་གླུད་རྣམས་རྒྱང་རིང་པོར་རང་དང་སྦྱིན་བདག་གི་ལོ་ལྷ་མེད་ས་གཟའ་དང་མཁའ་འགྲོའི་གདོང་མ་ཐུག་པར་གནས་ཁང་མི་མཐོང་བར་ཁྱེར་ལ་གླུད་དང་གཤིན་རྗེའི་གཟུགས་རྣམས་ཁ་ཕར་ལྷོ་ཕྱོགས་སུ་བསྟན་ལ་བཞག །ཁྲག་ཆུས་འབྲུ་ནག་ཚོ་དེར་བྱོ་གླུད་དང་ལན་ཆགས་རྣམས་དྲུང་དུ་སྤུངས། ཕྱི་མིག་མི་བལྟ་བར་ཤོག་ཅེས་བསྒོ། ཚུར་མ་སླེབས་བར་དུ་རྔ་དང་རོལ་མོ་བྱ་ཞིང་དྲག་སྔགས་དང་སེང་གདོང་མའི་སྔགས་བཟློག་སྔགས་འདོན་ལ། འཆི་བདག་གཤིན་རྗེ་འཁོར་བཅས་རང་གནས་སུ་སོང་བར་བསྒོམ། བརྟན་མ་སྐྱོང་ལ་འབུལ། གཏོར་སྣོད་སྒོ་རྩར་སྦུབ་ལ་འགུགས་གཞུག་དང་དཀོན་སྤྱི་རྟ་བྲོ་འདོན། གཏོར་མའི་ཕྱིར་འབྲང་། དགྲ་བགེགས་གནོད་བྱེད་འབྱུང་པོ་ཐམས་ཅད་ཀུན། །གཏོར་གཞོང་རི་རབ་འོག་ཏུ་མནན། །རྒྱ་མཚོ་ཆེན་པོའི་ཞབས་སུ་འཕང་། །ཀླུ་རྒྱལ་


CMR044_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ཁ་རུ་གཏད། །དཔག་ཚད་བརྒྱད་ཁྲིའི་འོག་ཏུ་ནི། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་དུ། །གཤིན་རྗེའི་རྒྱལ་པོས་ཆོས་འཆད་ཀྱི། །དེ་རུ་སོང་ལ་ཆོས་ཉོན་ལ། །བྱང་ཆུབ་སེམས་དང་མ་ལྡན་ཚེ། །སྟེང་གི་ཕྱོགས་སུ་མ་ལྡང་ཞིག །ཧཱུྃ་ནན། ལཾ་ནན། སིཾ་བྷ་ཡ་ནན། དེ་ནས་གཏོར་གཞུང་ཁ་ཡར་ཟེད་ལ། རྒྱལ་ལོ་རྒྱལ་ལོ་ད་ནི་རྒྱལ། །ཁྲོ་བོ་ཁྲོ་མོ་གྲོང་དུ་བསླེབས། །ཚེ་དང་བསོད་ནམས་དཔལ་འབྱོར་རྣམས། །ཡར་ངོའི་ཟླ་ལྟར་རྒྱས་གྱུར་ཅིག །དེ་ནས་སྲུང་འཁོར་བསྒོམས། སྟོང་ཉིད་ཆེན་པོའི་ངང་ལ་བཞག་གོ །དེ་ནས་ནད་པ་སོགས་གལ་ཆེན་ཡིན་ན་ཚེ་དབང་རྒྱས་པར་བསྐུར། ཡང་ན་མདའ་དར་བུམ་པ་བཟུང་ལ་ཚེ་འགུགས་རྒྱས་བསྡུས་གང་རུང་དང་ཚེ་གཏའ་བསྡམ་པ་སོགས་གཞུང་ལྟར་བྱ། མ་ལྕོགས་ན་ཚེ་གཟུངས་ཚར་འགའ་ཟུང་འདོན་པས་འཐུས་གསུངས་སོ། །མཆོད་བསྟོད་བསྡུ་རིམ་བཀྲ་ཤིས་བསྔོ་སྨོན་སོགས་འོད་འབར་མཐའ་རྫོགས་པར་བྱའོ། །དེ་རྗེས་ཟབ་མདོ་སྲུང་བའམ་བདུད་བཟློག་བྱའོ། །འདི་རང་དོན་ནམ་བླ་མ་མཆེད་གྲོགས་སོགས་གལ་ཆེན་དམ་ཚིག་ཅན་གྱི་དོན་དུ་རུང་གི་གཞན་ལ་མི་རུང་རང་ལ་འཁུ་ལྡོག་འོང་། གལ་ཏེ་དམ་ཉམས་དང་སྡིག་ཆེན་སོགས་དོན་དུ་མི་བྱེད་ཁ་མེད་བྱུང་ན། གཞན་བྱ་ཚུལ་ཐམས་ཅད་གོང་ལྟར་བྱ། སྡེ་བརྒྱད་རང་ཤ་རང་གིས་ཟ་བའི་དམིགས་པ་དེ་མ་བསྒོམས་ན། ཚིག་ཙམ་བརྗོད་པ་ལ་


CMR044_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་འགལ་ཆུང་ངོ་། །ཚིག་དེ་ཡང་རང་དོན་དུ་དམིགས་ཆོག་ཅེས་གསུངས་སོ། །རྗེས་སུ་པྲ་བརྟག་སོགས་གཞུང་ལྟར་རོ། །དེ་ལྟ་བུའི་འཆི་བདག་གཤིན་རྗེའི་གཏོར་ཆེན་བྱས་པའི་ཕན་ཡོན་གཞུང་ལས། ཆག་སྒོ་ཇི་ལྟར་ཆེ་ཡང་འདི་ལན་གསུམ་བསྐྱར་ན་མི་བཟློག་མི་སྲིད། ལན་གསུམ་བྱས་ནས་ཀྱང་གཏོར་ཁ་ཡར་བསྟན་ན་ཚེ་དུས་ལ་བབ་པ་ཡིན་པས་ཤེས་པར་བྱའོ། །འདི་གང་བྱུང་གི་རིམ་གྲོ་ལ་བྱེད་དུ་མི་རུང་། རིམ་གྲོ་པ་ནི། རྣལ་འབྱོར་པ་ལྟ་བའི་གདེང་དང་ལྡན་པའམ། ཡང་ན་ཡི་དམ་ལ་བསྙེན་པ་ཐེམ་པ་གཅིག་མ་གཏོགས། གཞན་གང་རུང་གིས་བྱས་ན་རང་ལ་འཁུ་ལྡོག་ངེས་པར་ཡོང་བས་གཟབ་པར་རིག་ཅེས་གསུངས་སོ། །ཞེས་འདོན་འགྲིགས་ཨ་རཱ་གའི་གསུང་ལས་གོ་སྤྱི་བདེ་བར་བྲིས་པ་རྨོངས་པ་རྣམས་ལ་ཕན་སྙམ་ནས་དགེ་སྦྱོང་པདྨའི་རིག་སྔགས་འཛིན་པས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརིག་འཛིན་འཇའ་ཚོན་པའི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་ལས་ཚོགས་འཆི་བདག་གཤིན་རྗེའི་གཏོར་ཆེན་གྱི་ལས་འགྲིགས།next