Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དང་དངོས་གྲུབ་ཀུན་འབྱུང་ལས་གླུད་རབ་ལྷ་ཡི་གནྡྷེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དང་དངོས་གྲུབ་ཀུན་འབྱུང་ལས་གླུད་རབ་ལྷ་ཡི་གནྡྷེ།next

ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དང་དངོས་གྲུབ་ཀུན་འབྱུང་ལས་གླུད་རབ་ལྷ་ཡི་གནྡྷེ།


CMR044_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དང་དངོས་གྲུབ་ཀུན་འབྱུང་ལས༔ གླུད་རབ་ལྷ་ཡི་གནྡྷེ་བཞུགས་སོ༔


CMR044_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ སྐུ་གླུད་རྒྱན་ལྡན་བཤམས་ལ༔ བསང་སྦྱངས་བྱིན་རླབས་བྱས་ལ༔ རྔ་མཆོག་དང་ལྡན་པས་འདི་ལྟར་གྱེར༔ ཀྱཻ༔ དང་པོ་གླུད་བྱུང་གང་ནས་བྱུང་༔ གླུད་ཀྱི་དེ་ནི་རབ་སྨོས་པ༔ གླུད་ཀྱི་ཕ་ནི་གནམ་ཡང་ཡིན༔ གླུད་ཀྱི་མ་ནི་ས་ཡང་ཡིན༔ གནམ་ས་གཉིས་ཀྱི་བྱིན་རླབས་ལས༔ འབྲུ་སྣ་ཉི་ཤཱུ་རྩ་གཅིག་དེ༔ རྒྱ་ཡུལ་སྐྱེས་ཤིང་ཁྲི་སྒོར་འཁྲུངས༔ སྟོན་པ་དགའ་རབ་རྡོ་རྗེ་ཡིས༔ འབྲུ་སྣ་ཉི་ཤཱུ་རྩ་གཅིག་དེ༔ མོན་ཕོ་མོན་མོའི་ལག་ཏུ་གཏད༔ བརྔོ་ཞིང་བཏག་པར་གྱིས་ཤིག་གསུངས༔ མོན་ཕོ་མོན་མོ་ལྔ་བརྒྱ་


CMR044_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས༔ བརྗོའ་འམ་དེ་ནི་མི་བརྔོ་མ༔ རྒྱ་སྲང་མོན་སླང་ནང་དུ་བརྗོ༔ མོན་ཕྲུག་ཕོ་མོ་ལྔ་བརྒྱ་ཡིས༔ བཏགས་སམ་དེ་ནི་མ་བཏག་ན༔ རྒྱ་བཏག་མོན་བཏག་ཁ་ལ་བཏག༔ སྟོན་པ་དགའ་རབ་ཕྱག་ཏུ་ཕུལ༔ སྟོན་པ་དགའ་རབ་རྡོ་རྗེ་ཡིས༔ རིན་ཆེན་སྣ་ལྔའི་ཕྱེ་བསྲེས་ཏེ༔ མི་དང་མཉམ་པའི་གླུད་དུ་བྱས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ གླུད་ཀྱི་ངར་གླུད་ལ༔ ཤ་ནི་མ་མཆིས་ན༔ བསེ་ལ་ཤ་ཡང་བྱས༔ ཁྲག་ནི་མ་མཆིས་ན༔ མཚལ་ཆེན་ལྕོག་ལ་བྱས༔ རུས་པ་མ་མཆིས་ན༔ དཔལ་ཆེན་དུང་ལ་བྱས༔ ལྤགས་པ་མ་མཆིས་


CMR044_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ན༔ གྲུམ་ཤུན་ལྤགས་ལ་བྱས༔ སྙིང་ནི་མ་མཆིས་ན༔ ཞོ་ཤའི་སྙིང་ལ་བྱས༔ གློ་བ་མ་མཆིས་ན༔ གླ་གོར་ཞོ་ཤས་བྱས༔ མཆིན་པ་མ་མཆིས་ན༔ བ་མཆིན་སྨུག་པོས་བྱས༔ མཚེར་པ་མ་མཆིས་ན༔ མཁན་སྲན་བྱེའུ་བྱས༔ མཁལ་མ་མ་མཆིས་ན༔ མཁལ་མ་ཞོ་ཤས་བྱས༔ རྒྱུད་པ་མ་མཆིས་ན༔ ཐང་དཀར་རྒྱ་ལ་བྱས༔ རྩ་རྒྱུས་མ་མཆིས་ན༔ སྤུ་ཤེལ་རྩེ་ལ་བྱས༔ སོ་ནི་མ་མཆིས་ན༔ མགྲོན་བུའི་སོ་ལ་བྱས༔ ལྕེ་ནི་མ་མཆིས་ན༔ ལེ་བརྒན་དར་ལ་བྱས༔ མིག་ནི་མ་མཆིས་ན༔ ལུང་ཐང་མིག་ནི་བྱས༔ སྣ་ནི་མ་མཆིས་ན༔ ཟར་མའི་སྣ་ལ་བྱས༔ རྣ་བ་མ་མཆིས་ན༔ གྲོ་གའི་རྣ་བ་བྱས༔ སྐུ་ནི་མ་མཆིས་ན༔ ཟེར་མོང་སྤུ་ལ་བྱས༔ དབུགས་ནི་མ་མཆིས་ན༔ འབྱུང་བ་རླུང་ལ་བྱས༔ དྲོད་ནི་མ་མཆིས་ན༔ འབྱུང་བ་མེ་ལ་བྱས༔ སེམས་ནི་མ་མཆིས་ན༔ ནམ་མཁའ་ཡང་པར་བྱས༔ ཡན་ལག་མ་མཆིས་ན༔ དབང་པོ་ལག་པས་བྱས༔ རིན་ཆེན་ངར་གླུད་འདི་ཡིས་ནི༔ ཕྲག་པ་གཡས་པ་ནི༔ རིན་ཆེན་གསེར་ལས་བྱས༔ ཕྲག་པ་གཡོན་པ་ནི༔ རིན་ཆེན་དངུལ་ལས་བྱས༔ རྐང་པ་གཡས་པ་ནི༔


CMR044_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཆེན་ལྕགས་ལས་བྱས༔ རྐང་པ་གཡོན་པ་ནི༔ ཤེས་རབ་ཟངས་ལས་བྱས༔ སྟོན་པའི་ཞལ་ན་རེ༔ གླུད་ཀྱི་ངར་གླུད་ལ༔ ཁྱོད་མི་ཡི་གླུད་དུ་སོང་ཞིག་གསུངས༔ ངར་གླུད་དེ་ཡི་ཞལ་ན་རེ༔ ང་མི་ཡི་གླུད་དུ་འགྲོ་བ་ལ༔ ང་ལ་ཡོན་ཏན་ཅི་ཙམ་ཡོད༔ སྐྱེས་པ་ཕོ་ཡི་གླུད་དུ་ཇི་ལྟར་འགྲོ༔ ཟ་མ་མོ་ཡི་གླུད་དུ་ཇི་ལྟར་འགྲོ༔ བྱིས་པ་ཆུང་གི་གླུད་དུ་ཇི་ལྟར་འགྲོ༔ ཡུལ་དང་མཁར་གྱི་གླུད་དུ་ཇི་ལྟར་འགྲོ༔ དེ་སྐད་ཙམ་ཞིག་ཞུས་པ་ལ༔ སྟོན་པའི་ཞལ་ནས་འདི་སྐད་གསུངས༔ གླུད་ཀྱི་ངར་གླུད་ཚུལ་ཉོན་དང་༔ ཁྱོད་མི་ཡི་གླུད་དུ་འགྲོ་བ་ལ༔ ཡོན་ཏན་བགྲང་ན་བསམ་མི་ཁྱབ༔ སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་༔ རྣམ་ཤེས་ཚོགས་བརྒྱད་འདི་ལ་ཚང་༔ ཁམས་ཆེན་བཅོ་བརྒྱད་འདི་ལ་ཚང་༔ ཕྱག་གཡས་གསེར་ལས་བྱས་པ་སྟེ༔ སྐྱེས་པ་ཕོ་ཡི་གླུད་དུ་སོང་ཕྱག་གཡོན་དངུལ་ལས་བྱས་པ་སྟེ༔ ཟ་མ་མོ་ཡི་གླུད་དུ་སོང་༔ རྐང་གཡས་ལྕགས་ལས་བྱས་པ་སྟེ༔ བྱིས་པ་ཕོ་ཡི་གླུད་དུ་སོང་༔ རྐང་གཡོན་ཟངས་ལས་བྱས་པ་སྟེ༔ བྱིས་པ་མོ་ཡི་གླུད་དུ་སོང་༔ ཕུང་པོ་གཟུགས་དང་བཅས་པ་སྟེ༔ ཡུལ་


CMR044_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཁྱིམ་གྱི་གླུད་དུ་སོང་༔ ཞལ་རས་མཚལ་གྱིས་བྱུག་པ་སྟེ༔ རྣལ་འབྱོར་འཁོར་བཅས་གླུད་དུ་སོང་༔ སྨྲ་བ་ངག་སྙན་ཀྱུ་རུ་རུ༔ མི་ཆུང་དེ་ནི་ཐོད་ཀྱིས་གཏོང་༔ འགྲོ་ན་། རབ་སྡུག་ཁྲིགས་སེ་ཁྲིག༔ གླུད་ཀྱི་ངར་གླུད་ཕྱེ་སྟེ་སོང་༔ ལྷ་སྲིན་སྡེ་བརྒྱད་སྤྱན་སྔ་རུ༔ ངར་གླུད་འདི་སྐད་ཐོལ་གྱིས་སྨོས༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ༔ ང་མི་ཡི་གླུད་དུ་བཏང་བ་ལེགས༔ མི་དང་གླུད་གཉིས་བརྗེ་བར་ཞུ༔ དེ་སྐད་ཙམ་ཞིག་གླེང་བ་ལས༔ ལྷ་སྲིན་སྡེ་བརྒྱད་ཞལ་ན་རེ༔ སྟོན་པ་དགའ་རབ་བཀའ་དྲིན་ཆེ༔ མི་དང་གླུད་གཉིས་བརྗེའོ་ཟེར༔ ལྷ་སྲིན་སྡེ་བརྒྱད་དགྱེས་ཏེ་སོང་༔ ཧཱུྃ༔ སྔོན་ནི་སུ་དང་སུ་ཡི་གླུད༔ ཨ་ཤོ་ཀ་ཡི་རྒྱལ་པོའི་གླུད༔ མཚམས་མེད་སྡིག་པའི་ལས་བྱས་པས༔ མ་མོ་ལྷ་སྲིན་སྡེ་བརྒྱད་ཁྲོས༔ མུ་གེ་དུས་འཁྲུག་ནད་ཡམས་ཕྱུར༔ སློབ་དཔོན་རོ་ལངས་བདེ་བ་ཡིས༔ སྐུ་གླུད་དམར་གཏོར་བཤམ་པ་ནི༔ སྣང་སྲིད་མ་མོའི་ཕྱག་ཏུ་ཕུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ འཕྲོག་པ་ནོར་གྱི་སྐྱིན་དུ་འབུལ༔ ན་མི་ཕོད་པའི་གླུད་དུ་འབུལ་འཆི་མི་ཕོད་པའི་གླུད་དུ་འབུལ༔ ཧཱུྃ༔ བར་དུ་སུ་དང་སུ་ཡི་གླུད༔ བཙན་


CMR044_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཁྲི་སྲོང་ལྡེའུ་བཙན་ལ༔ མ་མོ་མཁའ་འགྲོའི་ལྟས་བྱུང་བས༔ མི་དགེ་མི་རུང་སྣ་ཚོགས་བྱུང་༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱལ་པོའི་སྐུ་ཡི་ཚད་དུ་བྱས༔ སྐུ་གླུད་དམར་གཏོར་བཤམས་ནས་ནི༔ སྣང་སྲིད་མ་མོའི་ཕྱག་ཏུ་ཕུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ འཕྲོག་པ་ནོར་གྱི་སྐྱིན་དུ་འབུལ༔ ན་མི་ཕོད་པའི་གླུད་དུ་འབུལ༔ འཆི་མི་ཕོད་པའི་གླུད་དུ་འབུལ༔ ཧཱུྃ༔ དེ་རིང་སུ་དང་སུ་ཡི་གླུད༔ བདག་ཅག་རྨེ་འཁོར་བཅས་ལ༔ མ་མོ་མཁའ་འགྲོའི་ལྟས་བྱུང་བས༔ མུ་གེ་དུས་འཁྲུག་ནད་ཡམས་བྱུང་༔ རིག་འཛིན་སྔགས་འཆང་བདག་གིས་ནི༔ སྐུ་གླུད་དར་ཟབ་སྤུངས་ནས་ནི༔ དཔལ་གྱི་གཏོར་མ་དམར་གྱིས་བརྒྱན༔ སྣང་སྲིད་མ་མོའི་ཕྱག་ཏུ་ཕུལ༔ བསད་པ་ལུས་ཀྱི་གླུད་དུ་ཕུལ༔ འཕྲོག་པ་ནོར་གྱི་སྐྱིན་དུ་འབུལ༔ ན་མི་ཕོད་པའི་གླུད་དུ་འབུལ༔ འཆི་མི་ཕོད་པའི་གླུད་དུ་འབུལ༔ ཡུམ་ཆེན་མཁའ་འགྲོ་སྡེ་ལྔ་ནས༔ མ་ཡམས་བརྟན་མ་ཡན་ཆད་དུ༔ སྐུ་གླུད་དམར་གཏོར་རྒྱན་དང་ལྡན༔ སྲིད་པ་མ་མོ་མཁའ་འགྲོའི་ཕྱག་ཏུ་འབུལ༔ བསད་པ་ལུས་ཀྱི་གླུད་དུ་འབུལ༔ ཕྲོག་པ་ནོར་གྱི་སྐྱིན་དུ་འབུལ༔


CMR044_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ན་མི་ཕོད་པའི་གླུད་དུ་འབུལ༔ འཆི་མི་ཕོད་པའི་གླུད་དུ་འབུལ༔ སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ༔ མ་མོ་མཁའ་འགྲོ་གཏོར་མས་མཉེས་གྱུར་ཅིག༔ ལྷ་འདྲེ་གླུད་ཀྱིས་མཉེས་གྱུར་ཅིག༔ ལན་ཆགས་བུ་ལོན་སོད་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ དེ་རིང་རྒྱུ་སྦྱོར་ཡོན་བདག་གི༔ ཁྱིམ་སྒོ་ལམ་སྲང་འདི་རྣམས་སུ༔ གནོད་ཅིང་འགལ་བར་མ་བྱེད་ཅིག༔ བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ༔ བསྡམས་པ་གློད་ལ་ཟོས་པ་སྐྱུགས༔ བཙམ་པ་ཤེལ་ལ་མནན་པ་ཐེག༔ ལན་ཆགས་བདག་པོ་ཁྱེད་རྣམས་ལ༔ མི་བས་གླུད་བཟང་ད་འབུལ་ལོ༔ བྱ་བས་སྤུ་མཚར་ད་འབུལ་ལོ༔ རྗེ་འདི་ཞེས་བྱ་བ་ཡི༔ ན་ཡི་གླུད་དུ་ད་འབུལ་ལོ༔ རུ་པའི་གླུད་དུ་ད་འབུལ་ལོ༔ དབང་པོ་ལྔ་ཡི་གླུད་དུ་ད་འབུལ་ལོ༔ རྣམ་ཤེས་ཚོགས་བརྒྱད་གླུད་དུ་ད་འབུལ་ལོ༔ སྐྱེ་མཆེད་བཅུ་གཉིས་གླད་དུ་ད་འབུལ་ལོ༔ ཁམས་ཆེན་བཅོ་བརྒྱད་གླད་དུ་ད་འབུལ་ལོ༔ མི་བས་གླུད་བཟང་འདི་ཁྱེར་ལ༔ ཕྱིན་ཆད་གནོད་འཚེ་མ་བྱེད་ཅིག༔ ཞི་བ་བྱང་སེམས་ལྡན་པར་མཛོད༔ ཧཱུྃ༔ ཏིང་ངེ་འཛིན་གྱི་བྱིན་རླབས་ཀྱིས༔ སྔགས་དང་ཕྱག་རྒྱས་ཡོངས་


CMR044_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲོལ་ཏེ༔ དམིགས་པ་དག་གིས་འབུལ་ཡང་འབུལ༔ འབུལ་བ་བདག་གིས་མ་ནོར་རོ༔ བཞེས་པ་ཁྱོད་རྣམས་མ་འཁྲུལ་ཅིག༔ གསེར་བས་དེ་ནི་རིན་ཆེ་མེད༔ ཆང་བས་དེ་ནི་ངོ་ཆེ་མེད༔ འཛམ་གླིང་རྒྱན་དུ་རིན་ཆེན་གླུད་འབུལ་ལོ༔ སྲིད་པའི་རྩེ་མོ་མན་ཆད་ནས༔ ན་རག་དམྱལ་ཁམས་ཡན་ཆད་དུ༔ རིན་ཆེན་གཏོར་མ་འདི་འབུལ་ལོ༔ བསྔོས་པ་ཙམ་གྱིས་ཚིམས་གྱུར་ཅིག༔ བསམ་པ་ཙམ་གྱིས་འགྲུབ་གྱུར་ཅིག༔ སོ་སོའི་ཐུགས་དམ་བསྐང་གྱུར་ཅིག༔ ཁྱེད་རྣམས་ཡུལ་གྱི་ལྷ་འདྲེ་ཡིན༔ ང་ནི་ཡུལ་གྱི་སྔགས་པ་ཡིན༔ གཅིག་ལ་གཅིག་བསྟོད་ཧ་བོ་གང་བས་དཀར༔ གཅིག་ལ་གཅིག་སྨད་རོང་པོའི་རྫ་བས་ནག༔ ཧ་བོ་གངས་བས་དཀར་བས་མཛོད༔ རོང་པོ་རྫ་བས་མ་གནག་ཅིག༔ སོ་སོ་རང་རང་གནས་སུ་གཤེགས༔ ཡང་ན་གཤེགས་གསོལ་རྒྱས་པར་བྱའོ༔ ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དངོས་གྲུབ་ཀུན་འབྱུང་ལས༔ གླུད་རབ་ལྷ་ཡི་གནེ་ཞེས་བྱ་བ་བསྐལ་པ་མ་སྟོང་བར་དུ་མ་རྫོགས་སོ༔ གུ་རུ་པདྨའི་ཐུགས་ཀྱི་འོད་ཟེར་ལས༔ སྤྲུལ་པའི་རིག་འཛིན་འཇའ་ཚོན་སྙིང་པོའམ་སྔགས་འཆང་ཧཱུྃ་ནག་མེ་འབར་གྱིས་ཤར་ལྗོན་པ་ལུང་གི་གནས་སྒོ་ནས་གདན་དྲངས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀྲ་ཤིས།


previousཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་དང་དངོས་གྲུབ་ཀུན་འབྱུང་ལས་གླུད་རབ་ལྷ་ཡི་གནྡྷེ།next