Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་བསླུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་བསླུ།next

བླ་བསླུ།


CMR044_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བླ་བསླུ་བཞུགས་སོ། །འདིའི་ཆས་ལ། བླ་རྟགས་བླ་རྐང་བླ་གཡུ་བླ་མཚོ། བླ་བདུད་དང་ངར་གླུད་དགོས། འདིའི་ཆས་ལ་བླ་ཤིང་དཔག་བསམ་ལྗོན་ཤིང་། ཆུ་བོ་བརྒྱ་འབབ། བླ་བདུད་ནག་པོ། བླ་གླུད་ཆས་སྟན། ཤྭ་དཀར་ནག །བླ་མཚོ་བླ་རྟགས། བླ་གཡུ། བླ་རྐང་། སྲུང་མདའ་དཀར་པོ། ཚེ་ལྷ་དཀར་པོ་བྱའོ།


CMR044_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་ལྷ་ལ་ཕྱག་འཚལ་ལོ། །འདིར་བླ་གླུད་བྱེད་པ་ལ། བླ་གླུད་ཕོ་མོ་གང་ཡིན་པའི་གཟུགས་ཆས་དང་ལྡན་པར་བྱས། གྲུབ་ན་ཚེ་བདུད། བླ་རྟགས་གཡག་གང་ཡིན་པ་དང་། དེའི་བླ་བདུད་ཀྱི་མགོ་ཅན་བྱས་ལ་བཞག །བླ་རྐང་རྟེན་དུ་བཞུགས། གཞན་སྤྲོས་བཅས་ལ་ཤྭ་དང་། བླ་མཚོ་ནང་དུ་བླ་རྟགས་མར་ལ་བཅས་ཏེ་བཞག །བདེན་པའི་སྟོབས་ཀྱིས་བླ་ཁྱེར་མི་གདོན་བགེགས་བཀུག་གཞུག་བྱ། སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབས་བྱས་ལ། མདའ་དར་ལག་ཏུ་ཐོགས་ལ་འདི་སྐད་དོ། །ཧཱུྃ། ང་ནི་དུས་གསུམ་བཞུགས་པ་ཡི། །ང་ནི་དུས་གསུམ་སྔོན་དུ་བྱུང་། །ང་ནི་དུས་གསུམ་ད་ལྟར་གནས། །ང་ནི་དུས་གསུམ་སླད་ནས་འབྱོན། །དུས་


CMR044_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཐམས་ཅད་ང་ཡི་དབང་། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །ཁམས་གསུམ་ཤ་ཁྲག་ང་ཡི་དབང་། །ང་ནི་རུས་འཆའ་ཆེན་པོ་སྟེ། །སྲིད་གསུམ་ཀེང་རུས་ང་ཡི་བདག །ང་ནི་ཤ་ཟ་ཆེན་པོ་སྟེ། །དབུགས་དང་བཀྲག་མདངས་ང་ཡི་བདག །དེ་ཕྱིར་སྣང་སྲིད་ལྷ་འདྲེ་ཀུན། །ང་ཡི་བཀའ་ལས་མ་འདའ་བར། །འདིར་བྱོན་ཚེ་སྲོག་གླུད་འདི་བཞེས། །ཚངས་པ་བརྒྱ་བྱིན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆད་ཀྱི། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཀུན། །ས་ཆུ་བར་སྣང་ལ་གནས་པའི། །བྱམས་དང་གདུང་སེམས་ལྡན་པ་དག །གནོད་ཅིང་སྡང་


CMR044_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལྡན་པ་རྣམས། །དེ་ཕྱིར་ཐར་དང་གླུད་འདི་འགྱེད། །དེ་རིང་སྲོག་དང་བླ་བསླུའོ། །རིགས་དྲུག་སེམས་ཅན་ཐམས་ཅད་ལ། །བཅོམ་ལྡན་འདས་ཀྱི་བཀའ་ཡོད་ཀྱིས། །འདིར་མི་ཡོངས་བའི་དབང་ཡང་མེད། །བཀའ་ལ་མི་ཉན་གང་ཡང་མེད། །འབྲུ་བཅུད་བདུད་རྩི་གསེར་སྐྱེམས་བཞེས། །མི་ཡོངས་བ་ཡི་དབང་ཡང་མེད། །ལན་ཆགས་གླུད་ཀྱི་གཏོར་མ་ལ། །མི་ཟ་བ་ཡི་དབང་ཡང་མེད། །ངར་ལ་དེ་ནི་སྤྱན་འདྲེན་ན། །གླུད་ལ་དེ་ནི་ད་ཚུར་གཤེགས། །ཨ་ནཱི་སུ་ཏྲི་པྲ་དུ་ཛཿ ཨ་ཀཆུ་ཡ་ཛ་ཛཿ ཨ་གརྫ་ཧཱུྃ། །ཅེས་སྤྱན་དྲངས། གླུད་བསྔོ། ཧཱུྃ། །དེ་རིང་ཁམས་གསུམ་དབང་དུ་བསྡུས། །དེ་རིང་སྲིད་གསུམ་ཟིལ་གྱིས་གནོན། །དེ་རིང་དུག་གསུམ་རྩད་ནས་གཅོད། །དེ་རིང་སྐུ་གསུམ་ལྷུན་གྱིས་གྲུབ། །དེ་རིང་སྲིད་པའི་དལ་ཁ་སྒྱུར། །དེ་རིང་བླ་དང་སྲོག་བསླུའོ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བླ་སྲོག་ཚེ་དང་དབང་ཐང་རྣམས། །ཚངས་པའི་འཇིག་རྟེན་མན་ཆད་དང་། །།ན་རག་དམྱལ་ཁམས་ཡན་ཆད་ཀྱི། །གདོན་བགེགས་ཇི་སྲིད་ཡོད་པ་ཡི། །གང་གི་ལག་ན་འདུག་ཀྱང་རུང་། །གཤིན་རྗེའི་བཀའ་སྒྲོམ་ནང་དུ་བཅུག་


CMR044_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། །དུར་ཁྲོད་བླ་རྐུན་བདག་མོའི་བླ་ཁྱེར་རམ། །གཤེད་བདག་གྲི་ཐོགས་ལ་སོགས་ཀྱིས། །སྡེ་བརྒྱད་གང་གི་ལག་ཏུ་འདུག་ཀྱང་རུང་། །དེ་རིང་བླ་གླུད་འབུལ་ལོ་བླ་སྲོག་བསླུ། །དུས་གསུམ་བདེ་གཤེགས་གཟུ་དང་དཔང་། །དེ་རིང་གླུད་འདི་བཞེས་ལ་མི་འདི་གློད། །བླ་གླུད་འབྲུ་མཆོག་ངར་གྱི་མི། །རྒྱུ་ནི་འབྲུ་སྣ་ལྔ་ལ་བྱས། །བསེ་རིམ་བམ་པོ་ཤ་རུ་བསྔོ། །ལུང་ཐང་མིག་ལ་ཞོ་ཤའི་སྙིང་། །དུང་ཆེན་གྲམ་པ་རུས་ལ་བསྔོ། །མཚལ་མཆོག་ལི་ཁྲི་ཁྲག་ཏུ་བསྔོ། །སོ་འདི་མགྲོན་བུ་ཐང་བཞེད་ལ། །ཟངས་ཀྱི་རྣ་བ་མཐིང་ཤུན་ཤངས། །ལྕམ་ཟེར་སྐུ་ལ་བྱི་རུའི་ལྗགས། །དབང་པོ་ལག་པ་ཟངས་ལྕགས་རྐང་། །མགོ་ལ་ཐོད་བཅིངས་ལུས་གོས་བཀོན། །སྐེད་ལ་ལིང་བཅིངས་ཞབས་ལ་ལྷམ། །མཛེས་པའི་ངར་གླུད་ངར་མི་འདི། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་། །ཁམས་ཆེན་བཅོ་བརྒྱད་འདི་ལ་ཚང་། །དབང་པོ་རྣམ་ལྔ་འདི་ལ་ཚང་། །།འདི་ནི་མི་ལས་དགའ་བའི་གླུད། །ཕོ་གླུད་ངར་མའི་ཆས་ཙམ་ན། །གཡུ་སྨུག་མགོ་ལ་དར་གོས་གསེར་དུ་ཚང་། །སྟག་རལ་


CMR044_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ལ་གཟིག་ཤུབས་གཡོན། །སྐྱེས་བུ་དགྲ་ལ་ཆས་པ་འདྲ། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །མོ་གླུད་ངར་མའི་ཆས་ཙམ་ན། །གསེར་དངུལ་མགོ་ལ་དར་ཟབ་ལུས། །རིན་ཆེན་རྒྱན་ཆ་སྣ་ཚོགས་མཛེས། །མོ་བཙུན་བག་ལ་ཆས་པ་འདྲ། །ཟ་མ་མོ་ཡི་གླུད་དུ་འབུལ། །རིན་ཆེན་ངར་གྱི་མི་ཆེན་ལ། །ལོ་ཡི་འཆི་སྐག་ཡོད་པ་ཡང་། །བླ་གླུད་ངར་མི་འདི་ལ་སྤོ། །ཟླ་བའི་འཆི་སྐག་ཡོད་པ་ཡང་། །བླ་གླུད་ངར་མི་འདི་ལ་སྤོ། །ཞག་གི་འཆི་སྐག་ཡོད་པ་ཡང་། །བླ་གླུད་ངར་མི་འདི་ལ་སྤོ། །སྤར་ཁའི་འཆི་སྐག་ཡོད་པ་ཡང་། །བླ་གླུད་ངར་མི་འདི་ལ་སྤོ། །སྨེ་བའི་འཆི་སྐག་ཡོད་པ་ཡང་། །བླ་གླུད་ངར་མི་འདི་ལ་སྤོ། །མགོ་ནད་སྤྲིན་ལྟར་འཐིབ་པ་ཡང་། །བླ་གླུད་ངར་མི་འདི་ལ་སྤོ། །རྣ་བ་འོན་དང་འཐིབ་པ་དེ། །བླ་གླུད་འདི་ཡི་རྣ་བར་སྤོ། །ལྕེ་ནད་འཚུབ་ཅིང་གཡོ་བ་ཡང་། །བླ་གླུད་འདི་ཡི་ལྕེ་ལ་སྤོ། །གློ་བ་ལུག་ལྟར་འཁུན་པ་ཡང་། །བླ་གླུད་འདི་ཡི་གློ་བར་སྤྲོ། །མཆིན་ནད་ཉ་ལྟར་འགྱུར་བ་དེ། །བླ་གླུད་འདི་ཡི་མཆིན་པར་སྤྲོ། །མཁལ་ནད་ཆུ་ལྟར་ཁོལ་བ་དེ། །བླ་གླུད་འདི་ཡི་མཁལ་མར་སྤྲོ། །ནང་ཆ་བུ་དགུ་ན་བ་


CMR044_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །བླ་གླུད་འདི་ཡི་ནང་ཆར་བསྔོ། །རྐང་ལག་གྲུམ་ཞིང་ན་བ་དེ། །བླ་གླུད་འདི་ཡི་རྐང་པར་སྤོ། །བླ་སྲོག་བསླུ་བའི་གླུད་དུ་འབུལ། །རྒྱས་པར་སྤྲོ་ན་སྣང་སྲིད་སྤྱི་བསྐང་བྱ། ཧཱུྃ། སྲིད་པའི་སྐོས་རྗེ་དམག་དཔོན་དང་། །གནམ་ལྷ་བྱང་ཆུབ་མན་ཆད་ནས། །རྒྱལ་པོ་ཐེའུ་ཡན་ཆད་དུ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་བཞེས་ལ་མི་འདི་གློད། །ཧཱུྃ། རེ་ལྡེ་མགོ་ཉག་མན་ཆད་ནས། །ནག་པོ་རབས་ཆད་ཡན་ཆོད་དུ། །བདུད་རྣམས་མ་ལུས་ཐམས་ཅད་ལ། །བླ་གླུད་འབུལ་ལོ་བླ་སྲོག་། བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། སྐོས་རྗེ་བཙན་པོ་མན་ཆོད་ནས། །ཤར་བ་ཕྲེང་ཐོགས་ཡན་ཆད་དུ། །བཙན་རྣམས་མ་ལུས་ཐམས་ཅད་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། རྨུ་རྗེ་བཙན་པོ་མན་ཆད་ནས། །རྨུ་བཙན་ལེགས་སྦྱོར་ཡན་ཆད་དུ། །རྨུ་རྣམས་མ་ལུས་ཐམས་ཅད་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། དགའ་བོ་འཇོག་པོ་མན་ཆད་ནས། །ནེའུ་སིང་དུང་སྐྱོང་ཡན་ཆད་དུ། །ཀླུ་རྣམས་མ་ལུས་


CMR044_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། གཟའ་ཆེན་བརྒྱད་པོ་མན་ཆད་ནས། །རྒྱུ་སྐར་ཉེར་བརྒྱད་ཡན་ཆད་དུ། །གཟའ་རྣམས་མ་ལུས་ཐམས་ཅད་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། གཙོ་བོ་ཡུམ་དྲུག་མན་ཆད་ནས། །འཇིག་རྟེན་མཁའ་འགྲོ་ཡན་ཆད་དུ། །མཁའ་འགྲོ་ཤུགས་འགྲོ་ཐམས་ཅད་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། མ་བདུད་རྒྱལ་མོ་མན་ཆད་ནས། །གྲོང་རྒྱུ་བསེན་མོ་ཡན་ཆད་དུ། །མ་མོ་མ་ལུས་ཐམས་ཅད་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། ཀོང་བཙུན་དེ་མོ་མན་ཆད་ནས། །འབྲོག་བཙན་འཁོར་འདུས་ཡན་ཆད་དུ། །སྐྱོང་མ་ཡ་མ་ཐམས་ཅད་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། སྲོག་བདག་རྒྱལ་པོ་མན་ཆད་ནས། །བེ་དཀར་རྒྱལ་པོ་ཡན་ཆད་དུ། །རྒྱལ་པོའི་སྡེ་ཚོགས་ཐམས་ཅད་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། རྡོ་རྗེ་


CMR044_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ་མན་ཆད་ནས། །ཐེའུ་ཕྲ་མོ་ཡན་ཆད་དུ། །བགེགས་རྣམས་མ་ལུས་ཐམས་ཅད་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། ཚངས་པ་འཇིག་རྟེན་མན་ཆད་ནས། །ས་འོག་ལྟོ་འཕྱེ་ཡན་ཆད་དུ། །བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། ཤར་ཕྱོགས་ཚངས་པའི་འཇིག་རྟེན་ནས། །དབང་པོ་དཀར་པོ་རྡོ་རྗེ་འཛིན། །དྲི་ཟའི་གདོན་འཁོར་མང་པོ་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། ཤར་ལྷོ་མེ་ལྷའི་འཇིག་རྟེན་ནས། །དྲང་སྲོང་དམར་སྐྱ་མེ་ཐབ་འཛིན། །མེ་ལྷའི་གདོན་འཁོར་མང་པོ་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན་ནས། །གཤིན་རྗེ་ནག་པོ་བེ་ཅོན་འཛིན། །གྲུལ་བུམ་གདོན་འཁོར་མང་པོ་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། ལྷོ་ནུབ་སྲིན་པོའི་འཇིག་རྟེན་ནས། །བདེན་བྲལ་ནག་པོ་རལ་གྲི་འཛིན། །སྲིན་པོའི་


CMR044_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་འཁོར་མང་པོ་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། ནུབ་ཕྱོགས་ཀླུ་ཡི་འཇིག་རྟེན་ན། །ཆུ་བདག་དཀར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་གདོན་འཁོར་མང་པོ་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། ནུབ་བྱང་རླུང་ལྷའི་འཇིག་རྟེན་ན། །རླུང་ལྷ་ལྗང་གུ་བ་དན་འཛིན། །རིག་འཛིན་གདོན་འཁོར་མང་པོ་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། བྱང་ཕྱོགས་གནོད་སྦྱིན་དཀྱིལ་འཁོར་ནས། །ནོར་སྐྱོང་སེར་པོ་དབྱུག་ཐོ་འཛིན། །གནོད་སྦྱིན་གདོན་འཁོར་མང་པོ་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། བྱང་ཤར་འབྱུང་པོའི་འཇིག་རྟེན་ན། །དབང་ལྡན་དཀར་པོ་རྩེ་གསུམ་འཛིན། །འབྱུང་པོའི་གདོན་འཁོར་མང་པོ་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །སྡེ་བརྒྱད་ལ། ཧཱུྃ། ཤར་ཕྱོགས་དུང་མཁར་རྩེ་དགུ་ནས། །ལྷ་རབ་ཤམ་པོ་འཁོར་བཅས་ལ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་


CMR044_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གློད། །ཧཱུྃ། ཤར་ལྷོ་བྲག་དམར་རྩེ་རྒྱལ་ནས། །ཤུ་བ་སྲོག་ཟན་འཁོར་དང་བཅས། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ༔ ལྷོ་ཕྱོགས་གཤིན་ཡུལ་ཟངས་ཐང་ནས། །ཡ་མ་རཱ་ཙ་འཁོར་དང་བཅས། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། ལྷོ་ནུབ་ཤེལ་མཁར་རྩེ་དགུ་ནས། །སྐུ་ལྷ་གསང་བ་འཁོར་དང་བཅས། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། ནུབ་ཕྱོགས་འཇའ་ཚོན་གུར་ཁང་ནས། །སྲིད་པའི་རྒྱལ་མོ་འཁོར་དང་བཅས། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། ནུབ་བྱང་རིན་ཆེན་སྐུ་མཁར་ནས། །ཀཱ་ལ་ཡཀྵ་འཁོར་དང་བཅས། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། བྱང་ཕྱོགས་བདུད་ཡུལ་མུན་གླིང་ནས། །སྐོས་རྗེ་དྲང་དཀར་འཁོར་དང་བཅས། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། བྱང་ཤར་རྒྱ་མཚོ་དུག་རི་ནས། །འཆི་བདག་ཀླུ་བདུད་འཁོར་དང་བཅས། །བློ་གླུད་


CMR044_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །ཧཱུྃ། རི་རབ་གླིང་བཞིའི་ཕྱོགས་བཞི་ནས། །རྒྱལ་ཆེན་སྡེ་བཞིའི་བཀའ་འཁོར་དུ། །གཏོགས་པའི་དྲི་ཟ་གཤིན་རྗེ་དང་། །ཀླུ་དང་གནོད་སྦྱིན་ལ་སོགས་པ། །བླ་གླུད་འབུལ་ལོ་བླ་སྲོག་བསླུ། །གླུད་འདི་འབུལ་ལོ་མི་འདི་གློད། །དེ་ནས་ཞག་གྲངས་དུ་བྱས་ན་འདི་ཡན་འདོན། དེ་ནས་བླ་འགུགས་པ་ནི། བདེན་སྟོབས་བརྗོད་པ་ནི། ན་མོ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི་བདེན་པ་དང་། །ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ། འཆི་བདག་བདུད་ཀྱི་ལག་ནས་རྒེ་ཞེས་བྱ་བའི། བླ་སྲོག་ཁྱེར་བ་ཡོད་ན་དཀོན་མཆོག་གསུམ་གྱི་བདེན་པས་གཟུགས་ཕུང་འདི་ལ་ཁུག་ཅིག །ཅེས་མང་དུ་བྱས་ལ་བཞག །དེ་ནས་བླ་རྟགས་མར་ལ་བཅས་པ་དེ་ཚེ་བདུད་སྔོན་དུ་ཞགས་པས་བཏགས་ཏེ་བཞག་ལ། རང་གིས་སྣལ་མ་དཀར་པོ་བཟུང་ལ་འདི་སྐད་དོ། ཀྱཻ། ལྷ་འདྲེ་གཉིས་ཀྱི་སོ་མཚམས་ནས། །ལྷ་དང་བདུད་གཉིས་བླ་ཚེ་རྩོད། །མི་བླ་བཙད་པས་ལྷ་སྲུང་རྒྱལ། །ཚེ་བདུད་ནག་པོ་ཁྱི་


CMR044_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ཅན། །སྨུག་པོ་གདུང་གི་བླ་བདུད་ཡིན། །བདུད་པོ་ཁྱོད་ཀྱི་ཞགས་མིག་ན། །ཤེའུ་ཆུང་སྨུག་པོ་ཁྱེར་ཏེ་གདའ། །ཚེ་གླུད་སྲོག་སྐྱིན་འདི་བཞེས་ལ། །ཤེའུ་ཆུང་མི་ཡི་བླ་རུ་བསླུ། །བདུད་ཞགས་ནག་པོ་ཁྱེད་ཀྱིས་བསྐྱིལ། །བདུད་ཀྱི་ཁྲམ་ཁ་ཁྱོད་ཀྱིས་སྒྱུར། །ན་ངོ་ཤི་ལྟས་ཁྱོད་ཀྱིས་སྒྱུར། །མོ་ངན་རྩིས་ངན་ཁྱོད་ཀྱིས་སྒྱུར། །མགུརྨིས་ལྟས་པྲ་ངན་ཁྱོད་ཀྱིས་སྒྱུར། །ལྷ་འདྲེའི་དལ་ཁ་ཁྱོད་ཀྱིས་སྒྱུར། །དུས་མིན་འཆི་བ་ཁྱོད་ཀྱིས་སྒྱུར། ཀྱཻ། བདུད་པོ་ནག་པོ་རྒྱ་སྟག་མགོ །མིག་ཚངས་སྒ་ཡི་བླ་བདུད་ཡིན། །བདུད་པོ་ཁྱོད་ཀྱི་ཞགས་མིག་ན། །རྟེའུ་ཆུང་དམར་པོ་ཁྱེར་ཏེ་གདའ། །ཚེ་གླུད་སྲོག་སྐྱིན་འདི་བཞེས་ལ། །རྟེའུ་ཆུང་མི་ཡིས་བླ་རུ་བསླུ། །བདུད་ཞགས་ནག་པོ་ཁྱེད་ཀྱིས་བསྐྱིལ། །བདུད་ཀྱི་ཁྲམ་ཁ་ཁྱོད་ཀྱིས་སྒྱུར། །ན་ངོ་ཤི་ལྟས་ཁྱོད་ཀྱིས་སྒྱུར། །མོ་ངན་རྩིས་ངན་ཁྱོད་ཀྱིས་སྒྱུར། །རྨིས་ལྟས་པྲ་ངན་ཁྱོད་ཀྱིས་སྒྱུར། །ལྷ་འདྲེའི་དལ་ཁ་ཁྱོད་ཀྱིས་སྒྱུར། །དུས་མིན་འཆི་བ་ཁྱོད་ཀྱིས་སྒྱུར། ཀྱཻ། བདུད་པོ་ནག་པོ་དོམ་མགོ་ཅན། །ཨ་ལྕགས་འབྲུ་ཡི་བླ་བདུད་ཡིན། །བདུད་པོ་ཁྱོད་ཀྱི་ཞགས་མིག་ན། །


CMR044_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོང་བེའུ་སྨུག་པོ་ཁྱེར་ཏེ་གདའ། །ཚེ་གླུད་སྲོག་སྐྱིན་འདི་བཞེས་ལ། །འབྲོང་ཆུང་མི་ཡི་བླ་རུ་བསླུ། །བདུད་ཞགས་ནག་པོ་ཁྱེད་ཀྱིས་བསྐྱིལ། །བདུད་ཀྱི་ཁྲམ་ཁ་ཁྱོད་ཀྱིས་སྒྱུར། །ན་ངོ་ཤི་ལྟས་ཁྱོད་ཀྱིས་སྒྱུར། །མོ་ངན་རྩིས་ངན་ཁྱོད་ཀྱིས་སྒྱུར། །རྨིས་ལྟས་པྲ་ངན་ཁྱོད་ཀྱིས་སྒྱུར། །ལྷ་འདྲེའི་དལ་ཁ་ཁྱོད་ཀྱིས་སྒྱུར། །དུས་མིན་འཆི་བ་ཁྱོད་ཀྱིས་སྒྱུར། ཀྱཻ། བདུད་པོ་ནག་པོ་སྤྱང་ཀིའི་མགོ །ཞང་ཞུང་དབྲ་ཡི་བླ་བདུད་ཡིན། །བདུད་པོ་ཁྱོད་ཀྱི་ཞགས་མིག་ན། །དུང་གི་ལུ་གུ་ཁྱེར་ཏེ་གདའ། །ཚེ་གླུད་སྲོག་སྐྱིན་འདི་བཞེས་ལ། །ལུ་གུ་མི་ཡི་བླ་རུ་བསླུ། །བདུད་ཞགས་ནག་པོ་ཁྱེད་ཀྱིས་བསྐྱིལ། །བདུད་ཀྱི་ཁྲམ་ཁ་ཁྱོད་ཀྱིས་སྒྱུར། །ན་ངོ་ཤི་ལྟས་ཁྱོད་ཀྱིས་སྒྱུར། །མོ་ངན་རྩིས་ངན་ཁྱོད་ཀྱིས་སྒྱུར། །རྨིས་ལྟས་པྲ་ངན་ཁྱོད་ཀྱིས་སྒྱུར། །ལྷ་འདྲེའི་དལ་ཁ་ཁྱོད་ཀྱིས་སྒྱུར། །དུས་མིན་འཆི་བ་ཁྱོད་ཀྱིས་སྒྱུར། ཀྱཻ། བདུད་པོ་ནག་པོ་ཟངས་འཕར་མགོ །ཞང་པོ་སྒ་ཡི་བླ་བདུད་ཡིན། །བདུད་པོ་ཁྱོད་ཀྱི་ཞགས་མིག་ན། །གཡུ་ཡི་ར་ཐོང་ཁྱེར་ཏེ་གདའ། །ཚེ་གླུད་སྲོག་སྐྱིན་འདི་བཞེས་ལ། །ར་ཐོང་མི་ཡི་བླ་རུ་བསླུ། ཀྱཻ། བདུད་


CMR044_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནག་པོ་གཟིག་གི་མགོ །དབལ་ཟླ་གཉིས་ཀྱི་བླ་བདུད་ཡིན། །བདུད་པོ་ཁྱོད་ཀྱི་ཞགས་མིག་ན། །ཟངས་ཁྱི་དམར་པོ་ཁྱེར་ཏེ་གདའ། །ཚེ་གླུད་སྲོག་སྐྱིན་འདི་བཞེས་ལ། །ཟངས་ཁྱི་མི་ཡི་བླ་རུ་བསླུ། །བདུད་ཞགས་ནག་པོ་ཁྱོད་ཀྱིས་བསྐྱིལ། །བདུད་ཀྱི་ཁྲམ་ཁ་ཁྱོད་ཀྱིས་སྒྱུར། །ན་ངོ་ཤི་ལྟས་ཁྱོད་ཀྱིས་སྒྱུར། །མོ་ངན་རྩིས་ངན་ཁྱོད་ཀྱིས་སྒྱུར། །རྨིས་ལྟས་པྲ་ངན་ཁྱོད་ཀྱིས་སྒྱུར། །ལྷ་འདྲེའི་དལ་ཁ་ཁྱོད་ཀྱིས་སྒྱུར། །དུས་མིན་འཆི་བ་ཁྱོད་ཀྱིས་སྒྱུར། །ཅེས་ཞགས་པ་དཀར་ནག་ཕྱེས་ལ། བླ་རྟགས་བླ་མཚོའི་ནང་དུ་འཕངས་ལ་གཡས་སུ་ལན་གསུམ་དཀྲུགས་ནས་ཡར་ལྷ་སྲུང་དང་བསྲུང་བྱ་ལ་ཁ་གྱུ་ན་བཟང་། དེ་མིན་ན་ད་རུང་རིམ་གྲོ་དགོས། ཤྭ་ལ་མིག་མང་དུ་བྱས། དེ་ནས་བླ་མཚོ་དཀྲུགས་ལ། ཀྱཻ། བླ་མཚོ་བདུད་རྩི་རོལ་པའི་མཚོ། །གཡས་སུ་ལན་གསུམ་དཀྲུགས་པ་ཡིས། །བོད་མིའུ་རུས་དྲུག་བླ་རྟགས་འདི། །བསླུ་མེད་དཀོན་མཆོག་བདེན་པ་ཡིས། །ལེགས་ཉེས་པྲ་བརྟག་བསྟན་དུ་གསོལ། །ཞེས་དཀྲུག་གོ །དེ་ནས་ཞྭ་དཀར་ནག་འཕང་བ་ནི། ཀྱཻ། སྐྱབས་གསུམ་བསླུ་མེད་དཀོན་མཆོག་བདེན་པ་ཡིས། །དེང་འདིར་རྒྱུ་སྦྱོར་ཡོན་བདག་ལ། །ལེགས་ཉེས་གྲྭ་ལ་


CMR044_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་བརྟག་སྟོན། །རྒྱུ་སྟག་བུ་ཆུང་ཁྱི་རྒོད་དང་། །རལ་པ་ཅན་གྱིས་ཤཱ་དཔོན་མཛོད། །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །ཞེས་འཕང་། བླ་རྐང་དང་། བླ་རྟགས་ཡར་བླངས་ཕུག་ཏུ་བཞག །བླ་གཡུ་མགུལ་དུ་བཏགས། བླ་གཡུ་ནི་སྔོན་ནས་བདུད་ཀྱི་ཀ་སྒྲོམ་ནང་དུ་བཞག །དེ་ནས་ད་ལྟ་ཡར་བླང་ངོ་། །དེ་ནས་བླ་གླུད་འབུལ་བ་ནི། གཞན་སྔར་ལྟར་ཕྱིར་བཤམས། ཀྱཻ། ད་ནི་བདུད་ལ་ལམ་བསྟན་ནོ། ད་ནི་གླུད་ལ་ལམ་བསྟན་ནོ། །གླུད་དང་ཡས་བརྫང་ཤར་དུ་རྫོང་། །སེང་གེ་དཀར་མོའི་ཁ་ནང་ན། །གཡུ་འབྲུག་སྔོན་མོ་ཁྱེར་ཏེ་གདའ། །སེང་གེ་བདུད་ཀྱི་སྤྲུལ་པ་ཡིན། །གཡུ་འབྲུག་མི་ཡི་བླ་རྟགས་ཡིན། །སེང་གེ་ཁྱོད་ལ་གླུད་མདོས་འབུལ། །གཡུ་འབྲུག་མི་ཡི་བླ་རུ་བསླུ། །འདོད་ཡོན་རྫོངས་འདེབས་ལམ་བསྟན་ནོ། །རྐྱེན་དང་བར་ཆད་བསྒྱུར་དུ་གསོལ། ཀྱཻ། གླུད་དང་ཡས་བརྫང་ལྷོ་རུ་རྫོང་། །རྒྱ་སྟག་དམར་པོའི་ཁ་ནང་ན། །དྲེལ་ཆུང་དམར་པོ་ཁྱེར་ཏེ་གདའ། །རྒྱ་སྟག་བདུད་ཀྱི་སྤྲུལ་པ་སྟེ། །དྲེལ་ཆུང་མི་ཡི་བླ་རྟགས་ཡིན། །རྒྱ་སྟག་ཁྱོད་ལ་གླུད་མདོས་འབུལ། །དྲེལ་ཆུང་མི་ཡི་བླ་རུ་བསླུ། །འདོད་ཡོན་རྫོངས་འདེབས་ལམ་བསྟན་ནོ། །རྐྱེན་དང་བར་ཆད་བསྒྱུར་དུ་


CMR044_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཀྱཻ། གླུད་དང་ཡས་བརྗོང་ནུབ་ཏུ་རྫོང་། །ནུབ་སྐྱ་ཁྲ་ཧོར་བའི་ཁ་ནང་ན། །བྱིའུ་ཆུང་དམར་པོ་ཁྱེར་ཏེ་གདའ། །སྐྱ་ཁྲ་བདུད་ཀྱི་སྤྲུལ་པ་སྟེ། །བྱིས་ཆུང་མི་ཡི་བླ་རྟགས་ཡིན། །སྐྱ་ཁྲ་ཁྱོད་ལ་གླུད་མདོས་འབུལ། །བྱིས་ཆུང་མི་ཡི་བླ་རུ་བསླུ། །འདོད་ཡོན་རྫོངས་འདེབས་ལམ་བསྟན་ནོ། །རྐྱེན་དང་བར་ཆད་བསྒྱུར་དུ་གསོལ། ཀྱཻ། གླུད་དང་ཡས་བརྫོང་བྱང་དུ་རྫོང་། །སྲམ་ཐང་སྔོན་མོའི་ཁ་ནང་ན། །གསེར་གྱི་ཉ་མོ་ཁྱེར་ཏེ་གདའ། །སྲམ་ཐང་བདུད་ཀྱི་སྤྲུལ་པ་སྟེ། །ཉ་མོ་མི་ཡི་བླ་རྟགས་ཡིན། །སྲམ་ཐང་ཁྱེད་ལ་གླུད་མདོས་འབུལ། །འདོད་ཡོན་རྫོ་ངས་འདེབས་ལམ་བསྟན་ནོ། །རྐྱེན་དང་བར་ཆད་བསྒྱུར་དུ་གསོལ། ཀྱཻ། གླུད་དང་ཡས་བརྫང་ཤར་ལྷོར་རྫོང་། །དོམ་བུ་ཐུག་དཀར་ཁ་ནང་ན། །བྲེ་སྔོན་འབྲོང་བུ་ཁྱེར་ཏེ་གདའ། །དོམ་བུ་བདུད་ཀྱི་སྤྲུལ་པ་སྟེ། །འབྲིང་བུ་མི་ཡི་བླ་རྟགས་ཡིན། །དོམ་བུ་ཁྱེད་ལ་གླུད་མདོས་འབུལ། །འབྲོང་བུ་མི་ཡི་བླ་རུ་བསླུ། །འདོད་ཡོན་རྫོངས་འདེབས་ལམ་བསྟན་ནོ། །རྐྱེན་དང་བར་ཆད་བསྒྱུར་དུ་གསོལ། ཀྱཻ། གླུད་དང་ཡས་བརྫོང་ལྷོ་ནུབ་རྫོང་། །


CMR044_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱང་ཐང་སྔོན་མོའི་ཁ་ནང་དུ། །དུང་གི་ལུ་གུ་ཁྱེར་ཏེ་གདའ། །སྤྱང་ཐང་བདུད་ཀྱི་སྤྲུལ་པ་སྟེ། །ལུ་གུ་མི་ཡི་བླ་རྟགས་ཡིན། །སྤྱང་ཐང་ཁྱེད་ལ་གླུད་མདོས་འབུལ། །ལུ་གུ་མི་ཡི་བླ་རུ་བསླུ། །འདོད་ཡོན་རྫོངས་འདེབས་ལམ་བསྟན་ནོ། །རྐྱེན་དང་བར་ཆད་བསྒྱུར་དུ་གསོལ། ཀྱཻ། གླུད་དང་ཡས་བརྫང་ནུབ་བྱང་རྫོང་། །འཕར་བ་དམར་མོའི་ཁ་ནང་ནས། །གཡུ་ཡི་ར་ཐོང་ཁྱེར་ཏེ་གདའ། །འཕར་བ་བདུད་ཀྱི་སྤྲུལ་པ་སྟེ། །ར་ཐོང་མི་ཡི་བླ་རྟགས་ཡིན། །འཕར་བ་ཁྱེད་ལ་གླུད་མདོས་འབུལ། །ར་ཐོང་མི་ཡི་བླ་རུ་བསླུ། །འདོད་ཡོན་རྫོངས་འདེབས་ལམ་བསྟན་ནོ། །རྐྱེན་དང་བར་ཆད་བསྒྱུར་དུ་གསོལ། ཀྱཻ། གླུད་དང་ཡས་བརྫང་བྱང་ཤར་རྫོང་། །དྲེད་མོང་རལ་ཆེན་ཁ་ནང་ན། །གསེར་གྱི་ཕྱི་བ་ཁྱེར་ཏེ་གདའ། །དྲེད་མོང་བདུད་ཀྱི་སྤྲུལ་པ་རེད། །ཕྱི་བ་མི་ཡི་བླ་རྟགས་ཡིན། །དྲེད་མོང་ཁྱོད་ལ་གླུད་མདོས་འབུལ། །ཕྱི་བ་མི་ཡི་བླ་རུ་བསླུ། །འདོད་ཡོན་རྫོངས་འདེབས་ལམ་བསྟན་ནོ། །རྐྱེན་དང་བར་ཆད་བསྒྱུར་དུ་གསོལ། ཀྱཻ། གླུད་དང་ཡས་བརྫང་སྟེང་དུ་རྫོ་ང་། །ཡ་བདུད་རྒྱལ་པོའི་ཁ་ནང་དུ། །ཡོན་བདག་བླ་ཚེ་


CMR044_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ཏེ་གདའ། །ཡ་བདུད་བདུད་ཀྱི་སྤྲུལ་པ་སྟེ། །ཡོན་བདག་གླུད་ཀྱི་བདག་པོ་ཡིས། །ཡ་བདུད་ཁྱོད་ལ་གླུད་ཡས་འབུལ། །ཡོན་བདག་ཚེ་སྲོག་གླུད་ཀྱིས་བསླུ། །འདོད་ཡོན་རྫོངས་འདེབས་ལམ་བསྟན་ནོ། །རྐྱེན་དང་བར་ཆད་བསྒྱུར་དུ་གསོལ། ཀྱཻ། གླུད་དང་ཡས་བརྫང་འོག་ཏུ་རྫོང་། །མ་བདུད་རྒྱལ་མོའི་ཁ་ནང་ན། །ཡོན་བདག་བླ་ཆེ་ཁྱེར་ཏེ་གདའ། །མ་བདུད་བདུད་ཀྱི་སྤྲུལ་པ་སྟེ། །ཡོན་བདག་གླུད་ཀྱི་བདག་པོ་ཡིས། །མ་བདུད་ཁྱེད་ལ་གླུད་ཡས་འབུལ། །ཡོན་བདག་ཚེ་སྲོག་གླུད་ཀྱིས་བསླུ། །འདོད་ཡོན་རྫོངས་འདེབས་ལམ་བསྟན་ནོ། །རྐྱེན་དང་བར་ཆད་བསྒྱུར་དུ་གསོལ། །འདི་ནས་འོག་གི་ཕྱོགས་རོལ་ན། །ཆོས་ཀྱི་རྒྱལ་པོའི་བཀའ་འཁོར་དུ། །ཨ་ཝ་གླང་མགོ་ལ་སོགས་པ། །ཁྲམ་ཐོགས་གཤིན་རྗེ་བསམ་མི་ཁྱབ། །ཚེ་གླུད་སྲོག་སྐྱིན་འདི་བཞེས་ལ། །བླ་སྲོག་ཉམས་པ་གླུད་ཀྱིས་བསླུ། །རྒྱལ་པོ་དེ་ཡི་གཡས་ཕྱོགས་ན། །བྱི་ན་ཡ་ཀ་ལ་སོགས་པའི། །ཕོ་གདོན་མང་པོ་འཁོར་དང་བཅས། །ཕོ་བླ་ཁྱེར་བ་གླུད་ཀྱིས་བསླུ། །རྒྱལ་པོ་དེ་ཡི་གཡོན་ཕྱོགས་ན། །ཁ་འབར་མ་མོ་ལ་སོགས་


CMR044_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །མོ་གདོན་མང་པོ་འཁོར་དང་བཅས། །མོ་བླ་ཁྱེར་བ་གླུད་ཀྱིས་བསླུ། །རྒྱལ་པོ་དེ་ཡི་མདུན་ཕྱོགས་ན། །ནམ་གྲུ་ཁྱི་མགོ་ལ་སོགས་པའི། །ཆུང་གདོན་མང་པོ་འཁོར་དང་བཅས། །ཆུང་བླ་ཁྱེར་བ་གླུད་ཀྱིས་བསླུ། །རྒྱལ་པོ་དེ་ཡི་རྒྱབ་ཕྱོགས་ནི། །ནད་བདག་གོད་འདྲེ་བསམ་མི་ཁྱབ། །འདྲེ་སྲིན་གདོན་འཁོར་མང་པོ་ལ། །བླ་སྲོག་ཉམས་པ་གླུད་ཀྱིས་བསླུ། །གླུད་འདི་བཞེས་ལ་འགྲོ་བར་གྱིས། །ཚེ་སྲོག་ཉམས་པ་སོར་ཆུད་མཛོད། །ཕྱིན་ཆད་འཁོར་འདི་མོ་གནོད་པར། །ཞི་དང་ཕན་པའི་སེམས་ཀྱིས་གཤེགས། །བཛྲ་མུ༔ ཅེས་བླ་གླུད་ཆེན་མོ་སློབ་དཔོན་དགའ་རབ་རྡོ་རྗེ་དང་། པདྨ་འབྱུང་གནས་ཀྱིས་མཛད་པ་ལས། མན་ངག་གདམས་པ་རྣམས་ཀྱིས་དོན་རྒྱས་པར་སྤྲོས་ཏེ་ཕྱོགས་གཅིག་ཏུ། གསེར་འཕྱང་གི་ལོ་ལ། རྭ་ག་ཨ་སྱས་བསྒྲིགས་པ་འདིས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབླ་བསླུ།next