Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སུན་བཟློག་བསྡུས་པའི་བཅའ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསུན་བཟློག་བསྡུས་པའི་བཅའ་ཐབས།next

སུན་བཟློག་བསྡུས་པའི་བཅའ་ཐབས།


CMR044_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཌཱཀི་ནཱི་ཡེ། བླ་མ་དང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །སུན་ཟློག་བསྡུས་པའི་བཅའ་ཐབས་ནི། །ཕུག་གཏོར་ཚོགས་དང་གཏོར་འབུལ་དང་། །དཀར་གཏོར་སྔོན་འགྲོ་སྤྱི་དང་མཚུངས། །ཁྲོལ་མང་ལ་སོགས་སྣོད་ཀྱི་ནང་། །ཕུབ་ཞིབ་སོགས་ཀྱིས་ཕྱུར་བུར་བཀང་། །དེ་ལ་འཇིམ་ཞལ་བྱས་པའི་སྟེང་། །རི་རབ་བང་རིམ་བཞི་པ་བྲི། །དེ་སྟེང་དཔལ་གཏོར་ཟུར་གསུམ་པ། །རྐང་གང་ལས་ནི་མི་ཆུང་བཅའ། །མར་རྒྱན་དང་བཅས་ཁྲུ་གང་ཡིན། །དེ་ཡི་སུམ་གཉིས་སླེབས་པ་ཡི། །ཟུར་གསུམ་བཞི་ནི་ཕྱོགས་བཞིར་བཞག །དེ་ལྟར་གཏོར་མ་ལྔ་པོ་དེ། །རྩེ་དང་སྐེད་པ་རྩ་བ་རྣམས། །ཡེ་ཤེས་དང་ནི་འཇིག་རྟེན་གྱི། །དཔའ་བོ་དཔའ་མོ་སྡེ་ལྔ་ཡིན། །དེ་རྒྱབ་ཆུང་བ་བཞི་པོ་ཡི། །སུམ་གཉིས་སླེབས་ཙམ་བཅུ་གཉིས་བཞག །རྩེ་མོ་བརྟན་མ་བཅུ་གཉིས་དང་། །སྨད་རྣམས་དེ་ཡི་འཁོར་རྣམས་སོ། །དེ་རྒྱབ་དེ་ལས་ཆུང་བ་ཡི། །དམར་གཏོར་བཅུ་དང་དཀར་གཏོར་གསུམ། །སྡེ་བརྒྱད་ལྷ་ཀླུ་ཕྱི་རྒྱུད་པ། །ཟུར་གསུམ་རྣམས་ལ་ཁྲག་གིས་བྱུག །དཀར་རྒྱན་ཤ་རྒྱན་གཉིས་ཀ་བྱ། །རྩེ་ལ་བཀྲ་ཤིས་རྟགས་བརྒྱད་དང་། །


CMR044_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་སྣ་བདུན་ལ་སོགས་པ། །བསྐང་འབྲས་ཐམས་ཅད་ཚང་བར་བཙུགས། །མར་ཐུད་སོགས་ཀྱི་རིལ་བུ་བཅུག །གཏོར་མའི་རྩེ་ལྔ་མཁའ་འགྲོ་ལྔ། །དབུས་སུ་དཔའ་བོ་སྟག་ཆས་ཅན། །སྟག་ལ་ཙཀཱི་དང་། །ལྷ་མོ་བོང་ཞོན་ཙཀླུ་བཙུགས། །ཤར་དུ་དྲེལ་ཞོན་ལྷོར་སྟག་ཞོན། །ནུབ་ཏུ་འབྲུག་ཞོན་བྱང་དུ་ནི། །རྨ་བྱ་ཞོན་པའི་མཁའ་འགྲོ་མ། །ཙཀྱི་བསྡུས་ད་གས། །ནམ་གདུགས་ཆོས་འབྱུང་ཟུར་དྲུག་ཕུབ། །ཤིང་རིས་མདའ་བཀྲ་འཕང་བཀྲ་རྣམས། །བཅུ་གསུམ་གྲངས་དང་མཉམ་པར་བྱ། །རྩང་བསྐོར་ཚོན་སྐུད་སྣ་ལྔས་དཀྲི། །མདོས་མདུན་མཆོད་པ་སྣ་བདུན་བཤམས། །བཅའ་སྟག་རིན་ཆེན་འབར་བ་ལ། །པད་འདབ་དག་གིས་བསྐོར་བར་བྱ། །ཡིད་ཆགས་བཀྲོལ་རྫས་ཐེབ་ཙེའི་ནང་། །ཕྱག་མཚན་ལྔ་པོ་པར་དུ་བཏབ། །གཙོ་བོ་གང་རུང་གཅིག་གིས་ནང་། །ས་ཉོབ་གྲུ་བཞིར་བསྐོར་བའི་སྟེང་། །འཇིམ་པའི་མཁར་ནི་ནག་པོ་བྱ། །སྟེང་དུ་ནམ་མཁའ་ཤིང་རིས་བཙུགས། །དེ་ཡི་གཡས་གཡོན་གཉིས་པོ་རུ། །བུད་མེད་ནག་མོ་བྱ་ནག་དང་། །འུག་པ་ཞོན་པ་གཉིས་ཀྱི་གཟུགས། །མདུན་དུ་བུད་མེད་དམར་མོ་ནི། །སོར་བཞི་ཙམ་པ་བཅུ་གཅིག་བཅའ། །


CMR044_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་མའི་ཟན་ལ་སྐུ་གླུད་ནི། །གལ་ཆེན་ཡིན་ན་སྣོད་གཞན་དུ། །ཚོན་བཅའ་སྲོལ་ལ་ཡོད་འདུག་སྟེ། །སྐུ་གླུད་འཁྱུད་གང་ཙམ་རེར་ཆོག །བླ་མ་ཡིན་ན་སེངྒེ་ཆིབས། །སྐྱེས་པ་ཡིན་ན་བྱ་རྒོད་ཆིབས། །བུད་མེད་ཡིན་ན་རྟ་ལ་ཆིབས། །ཤིན་ཏུ་མཛེས་ལ་དོད་པར་བྱ། །ཡོན་བདག་མི་ཡི་མགོ་དྲང་བཅའ། །སུན་ཟློག་ནང་གི་གཙོ་བོའི་དྲུང་། །རིགས་བཞིས་མཁའ་འགྲོའི་བར་བར་བཞག །ལོགས་སུ་ངར་མི་མཐོ་གང་ཙམ། །གོས་དུམ་བསྐོན་ཤིང་དྲི་གླུད་བསྐོར། །དེ་ཡི་ནང་དང་མར་སུན་ནང་། །སུན་ཟློག་དགོས་པ་མ་གཏོགས་པ། །སྤྱི་ཡི་གླུད་ནི་མི་བླུག་གོ །རྫོངས་འདེབས་རྒྱུ་ཡི་འབྲུ་སྣ་དང་། །ལྡོང་ལ་ཤ་བ་འབྲུ་ལ་རྐྱང་། །དབྲ་ལ་གཡག་དང་སྒ་ལ་ར། །གང་ལ་བླ་བའི་བླ་ནི་རབ། །མ་རྙེད་ལུག་གི་བརླ་ལ་བྱ། །ཚྭཡིག་ཡོན་བདག་དུ་ཡོད་གྲོངས། །ཨོཾ་བཛྲ་ཨ་ཡུཥེ་སྭཱ་ཧཱ། །ཞེས་བྲི་ཚོན་སྐུད་སྣ་ལྔས་དཀྲིས། །དེ་ལ་སྐུད་དཀར་རིང་པོ་བཏགས། །ཤིང་ནག་གཅིག་གིས་ཁྲམ་ཤིང་བྱ། །དེ་གཉིས་སྦྲེལ་ལ་མདོས་དྲུང་བཞག །དེ་ནས་དེ་རྣམས་སྤོས་རུམ་བྱ། །སྔོན་འགྲོ་ལྕོག་རྡོག་གཅིག་བཤམས་ནས། །དལ་ཁྲམ་བཀྱག་རྒྱུའི་ལཱ་


CMR044_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །མེ་རུ་གཉིས་དང་དབུ་བརྒྱན་འཚགས། །དེ་ནས་མཁའ་འགྲོའི་ལས་བྱང་སོགས། །འདོན་ཆ་འགྲིག་ཆོག་ལྟ་བུ་སྟེ། །གཞན་ནས་ཚིག་གཅིག་སབ་མི་དགོས། ༈ །ལྷོ་ནུབ་ནུབ་བྱང་ནུབ་སྟོད་སྨད། །དེ་བཞི་གར་གཙང་མ་གཏོགས་པ། །གཞན་དུ་འབུལ་ནི་མི་རུང་གསུངས། །རེ་ཞིག་མདོས་དེ་ཐང་ལ་བཞག །དང་པོ་དཀར་གཏོར་བགེགས་གཏོར་ཕུལ། །དེ་ནས་ཆད་མདོ་བརྟན་སྐྱོང་བྱ། །ཟོར་བཏོན་དེ་ཉིད་ཟོར་དུ་འཕངས། །སུན་ཟློག་ཕུལ་ལ་སྐུ་གླུད་བསྲེགས། །ས་མགྲོན་རྡོ་མགྲོན་ཤི་བསྒྲག་བྱ། །གཏོར་མ་ཕལ་ཆེར་དངོས་གྲུབ་བྱ། །མེ་ཟོར་བཏོན་ནས་མེ་འགལ་འཕངས། །ཁྱིམ་དུ་ཕྱིན་ནས་ཐག་ཡག་དང་། །ཚེ་འགུགས་བཀྲ་ཤིས་རྗེས་ཆོག་རྣམས། །མཁའ་འགྲོའི་ལས་བྱང་མཇུག་ལྟར་རོ། །རྐྱེན་ཟློག་མཆོག་ཏུ་གྱུར་པ་འདི། །སྔགས་འཆང་རཱ་ག་ཨ་སྱ་ཡིས། །རང་དང་གཞན་ལ་ཕན་ཕྱིར་བསྒྲིགས། །འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། །མ་མོ་མཁའ་འགྲོའི་ཚོགས་ལ་བཤགས། །འདི་ཕྱིའི་སྒྲིབ་པར་མ་གྱུར་ཅིག །འདིར་འབད་དགེ་བ་གང་མཆིས་དེས། །བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །སྙུང་བྲལ་ལོ་བརྒྱ་འཚོ་བཞེས་ཤིང་། །བསྟན་


CMR044_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་དོན་ཆེན་འགྲུབ་པར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསུན་བཟློག་བསྡུས་པའི་བཅའ་ཐབས།next