Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིག་འཛིན་སྲོག་སྒྲུབ་ལས་རྡོ་རྗེ་སློབ་དཔོན་གྱི་བརྟན་བཞུགས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་འཛིན་སྲོག་སྒྲུབ་ལས་རྡོ་རྗེ་སློབ་དཔོན་གྱི་བརྟན་བཞུགས།next

རིག་འཛིན་སྲོག་སྒྲུབ་ལས་རྡོ་རྗེ་སློབ་དཔོན་གྱི་བརྟན་བཞུགས།


CMR044_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་སྲོག་སྒྲུབ་ལས་རྡོ་རྗེ་སློབ་དཔོན་གྱི་བརྟན་བཞུགས་ཡོད། ༈ འདིར་རྡོ་རྗེ་སློབ་དཔོན་ལ་བརྟན་བཞུགས་འབུལ་བར་འདོད་པས། སྟ་གོན་ནི། བླ་མའི་གཏོར་མ་འཁོར་མཁའ་འགྲོ་སྡེ་ཨ་ལྔས་བསྐོར་བ། ཕྱོགས་བཞིར་ཤུགས་འགྲོ་བཞི། དེའི་ཕྱིར་སྡེ་བརྒྱད་ཀྱི་གཏོར་མ། དེའི་ཕྱི་རིམ་འབྱུང་བཞིའི་གླུད། དེའི་ཕྱི་རིམ་རྡོ་རྗེ་སློབ་དཔོན་གྱི་སྐུ་གླུད་བརྒྱ་རྩ། ཆངས་བུ་མཐེབ་སྐྱུ། རིལ་བུ་རྣམས་བརྒྱ་བརྒྱ། བུམ་པ་དྲི་བཟང་གིས་བཀང་བ་བྱ། ཕྱོགས་བཞིར་མདའ་དར་ཁ་དོག་ལྔ་ལྡན། མཆོད་པ་རྣམ་ལྔ་སྨན་རཀ་དང་བཅས་པ་བཤམས་ལ། རྩ་གསུམ་བསྐང་བཤགས་ཀྱི་ཆོ་གས་གཞུང་བསྲང་ལ། དངོས་གཞི་བརྟན་བཞུགས་འབུལ་བ་ནི། རྡོ་རྗེ་རྒྱ་གྲམ་ཉི་ཟླ་ཕྱག་མཚན་གྱིས་མཚན་པའི་སྟེང་དུ་རྡོ་རྗེ་སློབ་དཔོན་བཞུགས་སུ་གསོལ། ཞལ་སྐྱེམས་དྲངས། བུམ་སྒྲུབ་སྔོན་དུ་སོང་བའི་བུམ་པ་ཐོགས་ལ་ཁྲུས་གསོལ་བ་ནི། ཨོཾ་ཨཱཿཧཱུྃ། སྣང་སྟོང་དག་པ་ལྷ་ཡི་གཞལ་ཡས་ཀུན། །ཕ་རོལ་ཕྱིན་དྲུག་ཡེ་ཤེས་ལྔ་ལྡན་དང་། །ས་བཅུ་ལམ་ལྔ་སྐུ་གསུམ་བཅུད་ལྡན་འདིས། །རྡོ་རྗེ་སློབ་དཔོན་སྐུ་ཁྲུས་རབ་གསོལ་བས། །སྒྲིབ་གསུམ་བག་ཆགས་ཉེས་བྱས་ཀུན་བྱང་ཞིང་། །སྐུ་བཞི་ཡེ་ཤེས་ལྔ་ཡི་མཚན་དཔེ་གསལ། །སྣང་སྟོང་འཇའ་ལུས་རྡོ་རྗེ་དྲི་མེད་སྐུ། །སྲིད་ཞིའི་བར་དུ་མི་འགྱུར་བརྟན་པར་མཛོད། །ཨོཾ་སརྦ་ཏ་ཐཱ་


CMR044_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཨོཾ་ཧཱུྃ་ཧཱུྃ་ཧཱིཝཨཱཀ་ཡ་བྷི་ཤུ་དྷ་ན་ཡེ་སྭཱ་ཧཱ། ཁྲུས་ལེགས་པར་གསོལ། དེ་ནས་བརྟན་བཞུགས་འབུལ་བ་ནི། པད་ཉི་ཟླ་བ་སེང་གེའི་ཁྲི། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དང་། །འཁོར་ལོ་འབར་བའི་བཀྲ་ཤིས་གདན་སྟེང་དུ། །རིན་ཆེན་བླ་མ་སྐུ་གསུམ་རིགས་བརྒྱའི་གཙོ། །གནས་ལྔར་དཔའ་བོ་མཁའ་འགྲོ་སྡེ་ལྔ་དང་། །དམ་ཅན་བཀའ་སྲུང་བྱིན་འོད་འཁྲུགས་པར་གསལ། །དེ་དག་གནས་ལྔར་ཕྱག་མཚན་ཡིག་འབྲུ་དང་། །འོད་ལྔའི་འཇའ་ཟེར་སྲིད་ཞི་ཁྱབ་པར་འཕྲོ། །བདེ་བར་གཤེགས་པ་གངས་རིར་སྤྲིན་གཏིབས་བཞིན། །མཁའ་སྤྱོད་རིག་འཛིན་ཞིང་བཞུགས་མ་ལུས་བྱོན། །དབང་བསྐུར་རིགས་ཀྱི་བདག་པོས་དབུ་བརྒྱན་མཛེས། །སྲིད་ཞིའི་ངོ་མཚར་མངའ་དབང་རྫོགས་གྱུར་ཅིག །ཅེས་སོགས་སྤྱན་འདྲེན་བྱིན་འབེབས་རྒྱས་པ་སྤྲོ་ན་གཞན་ནས་ཀྱང་བླང་། གདན་བཀྲ་ཤིས་བརྩེགས་པ་པད་ཉི་ཟླ། །དཔལ་སེང་ཁྲི་ཡངས་པ་རྡོ་རྗེའི་གདན། །ལྷ་རིགས་བརྒྱ་རྒྱལ་བའི་ཕྱག་མཚན་ཏེ། །སྐྱབས་རིགས་བརྒྱ་འདུས་པའི་བླ་མ་བཞུགས། །མགོན་མཆོག་གསུམ་བླ་མ་ཡི་དམ་ལྷ། །མ་མཁའ་འགྲོ་རྒྱ་མཚོའི་ཐུགས་རྗེའི་ཟེར། །དངོས་སྒྲུབ་ཀྱི་


CMR044_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ཕུང་འཁྲིགས་པའི་དབུས། །ལྷ་རྒྱུད་སྡེའི་གཙོ་མཆོག་བླ་མ་བཞུགས། །སྣང་སྟོང་དང་རིག་སྟོང་བདེ་སྟོང་སྟེ། །སྣང་སྲིད་ཀུན་སྐྱེ་བ་མེད་པའི་གཞིར། །སྐུ་དུར་ཁྲོད་རུས་རྒྱན་ཁྲོ་ལོ་ལོ། །ཕ་གྲུབ་ཐོབ་རྒྱལ་པོ་བླ་མ་བཞུགས། །དུས་འདི་ནས་བསྐལ་པ་ཇི་སྲིད་ཀྱི། །དབྱིངས་ནམ་མཁའི་འཁོར་ལོ་མ་ཞིག་བར། །ཞིང་ཁྱད་པར་ཅན་དང་ངོ་མཚར་ལྡན། །ངེད་བུ་སློབ་ཚོགས་ཀྱི་མགོན་ལ་བཞུགས། །གནས་སྲིད་ཞིའི་སྙིང་པོ་འོག་མིན་མཁའ། །ཡུལ་ཉེར་བཞི་འདི་ལས་གཞན་མེད་པས། །གཞི་དབྱིངས་རིག་དག་པའི་ཐུགས་རྡོ་རྗེ། །གཤིས་ཆོས་ཉིད་ཟད་པའི་གཞི་ལ་བཞུགས། །སྣང་ཞིང་སྲིད་ངོ་མཚར་བཀྲ་ཤིས་པའི། །རྫས་རིགས་འདུས་ཕྱི་ནང་གསང་མཆོད་དང་། །ཐུགས་དགྱེས་བསྐང་དམ་རྫས་རི་ལྟར་སྤུངས། །ཕ་བླ་མའི་སྐུ་ཚེའི་བརྟན་དུ་འབུལ། །བཀའ་རྫོགས་པ་ཆེན་པོའི་སྐུ་དང་གསུང་། །ཐུགས་བྱིན་འོད་འབར་བའི་དམ་ཚིག་རྫས། སྔགས་གསང་བ་ཆེན་པོའི་དམ་རྫས་ཀུན། །གཟུངས་ནུས་པར་སྦར་ཏེ་ཁྱེད་ལ་འབུལ། །འདིར་བཀྲ་ཤིས་རྫས་རྟགས་མཎྜལ་འབུལ། སྐྱབས་དཀོན་མཆོག་གསུམ་གྱི་བདེན་པ་དང་།


CMR044_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གནས་གསུམ་རྩ་གསུམ་མཐུ་སྟོབས་ཀྱིས། །ཕ་བླ་མ་བསྐལ་བརྒྱར་ཞབས་བརྟན་ཞིང་། །ཕྱི་ལྷ་སྲིན་སུན་མ་བཟློག་གྱུར་ཅིག །མངྒ་ལཾ།། དུ་བཀྲམ།


previousརིག་འཛིན་སྲོག་སྒྲུབ་ལས་རྡོ་རྗེ་སློབ་དཔོན་གྱི་བརྟན་བཞུགས།next