Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་འགྲོ་བ་བཟང་མོའི་སྨོན་ལམ།
   
   
   
   
   
   
   


 
previousམ་འགྲོ་བ་བཟང་མོའི་སྨོན་ལམ།next

མ་འགྲོ་བ་བཟང་མོའི་སྨོན་ལམ།


CMR044_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགྲོ་བ་བཟང་མོའི་སྨོན་ལམ་བཞུགས་སོ།། ༈ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སྔོན་མོ་མདངས་དང་ལྡན། །རང་འདྲ་རྡོ་རྗེ་དཔའ་བོར་བཅས། །འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར། །ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །ཤར་གྱི་དར་ཐག་དབྱིངས་སུ་བསྡུས། །ཤར་གྱི་སུན་མ་བཟློག་ཏུ་གསོལ། །སྤྱིར་ཟླ༔ དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །དགོས་མཚན་ལྡན་བླ་མའི་སྐུ་ཚེ་བསྲིང་། །རྡོར་སེམས་ཚེ་ཡི་དངོས་གྲུབ་སྩོལ། །བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག །ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་སེར་མོ་མདངས་དང་ལྡན། །རང་འདྲ་རིན་ཆེན་དཔའ་བོར་བཅས། །འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར། །ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །ལྷོ་ཡི་དར་ཐག་དབྱིངས་སུ་བསྡུས། །ལྷོ་ཡི་སུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །དགོས་མཚན་ལྡན་བླ་མའི་སྐུ་ཚེ་བསྲིང་། །རིན་འབྱུང་ཚེ་ཡི་དངོས་གྲུབ་སྩོལ། །བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག །ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དམར་མོ་མདངས་དང་


CMR044_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །རང་འདྲ་པདྨ་དཔའ་བོར་བཅས། །འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར། །ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །ནུབ་ཀྱི་དར་ཐག་དབྱིངས་སུ་བསྡུས། །ནུབ་ཀྱི་སུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །དགོས་མཚན་ལྡན་བླ་མའི་སྐུ་ཚེ་བསྲིང་། །སྣང་མཐའ་ཚེ་ཡི་དངོས་གྲུབ་སྩོལ། །བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག །བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ལྗང་མོ་མདངས་དང་ལྡན། །རང་འདྲ་ཀརྨ་དཔའ་བོར་བཅས། །འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར། །ཁྱེད་འཁོར་དང་བཅས་ལ་གསོལ་བ་འདེབས། །བྱང་གི་དར་ཐག་དབྱིངས་སུ་བསྡུས། །བྱང་གི་སུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །དགོས་མཚན་ལྡན་བླ་མའི་སྐུ་ཚེ་བསྲིང་། །དོན་གྲུབ་ཚེ་ཡི་དངོས་གྲུབ་སྩོལ། །བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག །དབུས་བུདྡྷ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དཀར་གསལ་མདངས་དང་ལྡན། །རང་འདྲ་བུདྡྷ་དཔའ་བོར་བཅས། །འཁོར་དུ་མཁའ་འགྲོ་འབུམ་གྱིས་བསྐོར། །ཁྱེད་འཁོར་དང་བཅས་ལ་གསོལ་བ་


CMR044_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །དབུས་ཀྱི་དར་ཐག་དབྱིངས་སུ་བསྡུས། །དབུས་ཀྱི་སུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །དགོས་མཚན་ལྡན་བླ་མའི་སྐུ་ཚེ་བསྲིང་། །རྣམ་སྣང་ཚེ་ཡི་དངོས་གྲུབ་སྩོལ། །བསྐལ་བརྒྱའི་བར་དུ་ཞབས་བརྟན་ཤོག །ཞིང་རྣམ་པར་དག་པ་རྒྱལ་བའི་ཞིང་། །དུས་གསུམ་སངས་རྒྱས་འཁྲུངས་པའི་ཞིང་། །མ་དང་མཁའ་འགྲོ་འདུ་བའི་ཞིང་། །ཞིང་འདི་ལས་ལྷག་པ་གཞན་ན་མེད། །ཞིང་འདི་ལ་དགོངས་ཏེ་བཞུགས་སུ་གསོལ། །ཁྲི་འགྱུར་བ་མེད་པ་རྡོ་རྗེའི་ཁྲི། །འཕོ་འགྱུར་མེད་པ་ནོར་བུའི་ཁྲི། །འཇིགས་བརྒྱད་བྲལ་བ་སེང་གེའི་ཁྲི། །ཁྲི་འདི་ལས་ལྷག་པ་གཞན་ན་མེད། །ཁྲི་འདི་ལ་དགོངས་ཏེ་བཞུགས་སུ་གསོལ། །གདན་དྲི་མ་མེད་པ་པདྨའི་གདན། །མ་རིག་མུན་སེལ་ཟླ་བའི་གདན། །གསལ་འགྲིབ་མེད་པ་ཉི་མའི་གདན། །གདན་འདི་ལས་ལྷག་པ་གཞན་ན་མེད། །གདན་འདི་ལ་དགོངས་ཏེ་བཞུགས་སུ་གསོལ། །མི་འགྱུར་གཡུང་དྲུང་ལྟ་བུར་བཞུགས་སུ་གསོལ། །མི་འགགས་ཚངས་དབྱངས་ལྟ་བུར་བཞུགས་སུ་གསོལ། །གཡོ་མེད་རྡོ་རྗེ་ལྟ་བུར་བཞུགས་སུ་གསོལ། །


CMR044_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལས་རྣམ་རྒྱལ་མངའ་བར་བཞུགས་སུ་གསོལ། །ལྷུན་གྲུབ་ཆེན་པོའི་ངང་དུ་བཞུགས་སུ་གསོལ། མངྒ་ལཾ། བཀྲ་ཤིས་སོ། །ཞལ་དྲོ།། །།


previousམ་འགྲོ་བ་བཟང་མོའི་སྨོན་ལམ།next