Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདན་བཞུགས་དང་པོ་བརྡའི་བསྐུལ་བ།
   
   
   
   
   
   


 
previousགདན་བཞུགས་དང་པོ་བརྡའི་བསྐུལ་བ།next

གདན་བཞུགས་དང་པོ་བརྡའི་བསྐུལ་བ།


CMR044_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གདན་བཞུགས་དང་པོ་བརྡའི་བསྐུལ་བ་ནི། ཨེ་མ་སྔགས་ཀྱི་རིག་འཛིན་འདི། །ལས་ཀྱི་གདུལ་བྱ་མ་རྫོགས་པས། །སུན་མས་བསྐྱོད་པར་མི་འོས་ཤིང་། །ཆོས་དབྱིངས་༔ ཡེ་ཤེས་མཁའ་འགྲོ་ཡིས། །བཞུགས་པར་གནང་བ་བརྡ་ཡི་གདན། །འབུལ་ལོ་རྡོ་རྗེ་འཛིན་ལ་འབུལ། །ཨེ་མ་སྔགས་ཀྱི་རིག་འཛིན་འདི། །གདུལ་བྱའི་རེ་འདོད་མ་རྫོགས་པས། །སུན་མས་བསྐྱོད་པར་མི་འོས་ཤིང་། །སྟོང་ཉིད་ཡེ་ཤེས་མཁའ་འགྲོ་ཡིས། །བཞུགས་པར་གནང་བ་བརྡ་ཡི་གདན། །འབུལ་ལོ་རྡོ་རྗེ་འཛིན་ལ་འབུལ། །ཨེ་མ་སྔགས་ཀྱི་རིག་འཛིན་འདི། །གནས་ལུགས་ཀློང་དུ་གྱུར་ན་ཡང་། །ཞི་བར་བཞུགས་ཚད་མ་ཕེབས་པས། །སུན་མས་བསྐྱོད་པར་མི་འོས་ཤིང་། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡིས། །བཞུགས་པར་གནང་བ་བརྡ་ཡི་གདན། །འབུལ་ལོ་རྡོ་རྗེ་འཛིན་ལ་འབུལ། །དེ་ནས་དོན་གྱི་གདན་ལ་བཞུགས་སུ་གསོལ། ཨཱཿ རིན་ཆེན་བྱོལ་སོང་ལ་སོགས་པའི། །ལྷ་ཀླུ་གནོད་སྦྱིན་གདན་མཆོག་ལ། །སློབ་དཔོན་དགོངས་པ་ཡེངས་མེད་ཀྱིས། །ཧེ་རུ་ཀ་དཔལ་བཞུགས་སུ་གསོལ། །འཕོ་འགྱུར་མེད་པའི་བཀའ་དྲིན་ཞུ། །བར་ཆད་ཞི་བར་


CMR044_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་གསོལ་ལོ། །ཨཱཿ རིན་ཆེན་འཁོར་ལོ་ནོར་བུ་དང་། །སྐྱོན་བྲལ་ཐབས་ཤེས་བརྡའ་གདན་ལ། །སློབ་དཔོན་དགོངས་པ་ཡེངས་མེད་ཀྱིས། །སྣང་སྲིད་ཟིལ་གནོན་བཞུགས་སུ་གསོལ། །གསལ་འགྲིབ་མེད་པའི་བཀའ་དྲིན་ཞུ། །ཚེ་དཔལ་རྒྱས་པའི་མངའ་གསོལ་ལོ། །ལྟ་བ་རྟོགས་པའི་གདན་ཁྲི་ལ། །སྒོམ་པ་རང་གསལ་བཞུགས་སུ་གསོལ། །སྤྱོད་པ་ཡེངས་མེད་བཀའ་དྲིན་ཞུ། །རང་གྲོལ་ཆེན་པོར་མངའ་གསོལ་ལོ། །སེམས་ཉིད་སྟོང་པའི་ཁྲི་གདན་ལ། །བྱར་རྫོགས་ཆེན་པོའི་རྣལ་འབྱོར་སྐུ། །ཡེ་ཤེས་ཉག་གཅིག་བཞུགས་སུ་གསོལ། །ཕྱོགས་ལྷོང་བྲལ་བའི་བཀའ་དྲིན་ཞུ། །སྣང་བ་སྟོང་པའི་ཁྲི་གདན་ལ། །སེམས་ཉིད་ཤར་ཆའི་ཡེ་ཤེས་སྐུ། །གཉིས་སུ་མེད་པར་བཞུགས་སུ་གསོལ། །མཚན་འཛིན་བྲལ་བའི་བཀའ་དྲིན་ཞུ། །ཨཱཿ དབྱིངས་ཀྱི་ཡེ་ཤེས་ཁྲི་གདན་ལ། །རིགས་གདངས་རྒྱལ་པོ་ལུ་གུ་རྒྱུད། །འཕོ་འགྱུར་རང་གྲོལ་བཞུགས་སུ་གསོལ། །མཚན་མ་ནུབ་པའི་བཀའ་དྲིན་ཞུ། །དེ་ནས་རྟགས་ཀྱི་བརྒྱན་གྱིས་ཆེ་བ་བསྐྱེད་པ་ནི། ཀྱཻ། དུས་གསུམ་རྒྱལ་བའི་གདུང་ཚབ་ལ། །གདན་བཞུགས་དང་པོ་མི་ཡི་


CMR044_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། །སྔགས་འཆང་རིག་འཛིན་བདག་གིས་སོ། །གདན་བཞུགས་གཉིས་པ་ལྷ་ཡིས་ཕུལ། །ཡེ་ཤེས་མཁའ་འགྲོ་སྡེ་ལྔས་སོ། གདན་བཞུགས་གསུམ་པ་རང་བྱུང་དུ། །བསྐྱེད་རྫོགས་བསྟན་པའི་མཐུ་ལས་གྲུབ། །སངས་རྒྱས་ཐུགས་རྗེ་ལས་བྱུང་བས། །རྟགས་ཀྱི་སྣ་ཚོགས་རྡོ་རྗེ་ནི། །ཕྲིན་ལས་རྣམ་བཞིའི་ཁ་དོག་གིས། །ཕྱོགས་ནས་ཡེ་ཤེས་འཇའ་འོད་བཀྲ། །ཤར་གྱི་ར་ལས་རྡོ་རྗེ་ནི། །ཞི་བ་རྡོ་རྗེ་རིགས་རྣམས་ཀུན། །ལྷུན་གྱིས་གྲུབ་པར་རྟགས་ཀྱི་རྒྱ། །ལྷོ་ཡི་ར་ལས་རིན་ཆེན་རིགས། །རྒྱལ་པའི་རིན་ཆེན་རིགས་རྣམས་ཀུན། །ལྷུན་གྱིས་གྲུབ་པར་རྟགས་ཀྱི་རྒྱུ། །ནུབ་ཀྱི་ར་ལས་པདྨ་ཡི། །དབང་གི་པདྨ་རིགས་རྣམས་ཀུན། །ལྷུན་གྱིས་གྲུབ་པ་རྟགས་ཀྱི་རྒྱ། །བྱང་གི་ར་ལས་རལ་གྲི་ཡི། །ཕྲིན་ལས་ཀརྨའི་རིགས་རྣམས་ལ། །མངའ་དབང་བསྒྱུར་བའི་རྟགས་ཀྱི་རྒྱ། །དབུས་སུ་ཡིད་བཞིན་དབང་གི་ནོར། །དགའ་བ་འཁྱིལ་པ་གྲུབ་པ་ནི། །ལས་ཀུན་ལྷུན་གྲུབ་རྟགས་ཀྱི་རྒྱ། །ལྷ་རྫས་ལས་བཞིའི་གདན་མཆོག་ལ། །རྐང་གཉིས་གཙོ་བོ་རྟགས་བཞུགས་ནས། །ཞབས་པད་བསྐལ་པ་ཇི་སྲིད་དུ། །


CMR044_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་མེད་པ་ཡི་གཉིས་མེད་རྒྱས་འདེབས་ཤིང་། །འཕོ་འགྱུར་མེད་པའི་དགོངས་པར་བཞུགས་སུ་གསོལ། །མངྒ་ལཾ།།


previousགདན་བཞུགས་དང་པོ་བརྡའི་བསྐུལ་བ།next