Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སུན་མའི་ཡར་ཞུས།
   
   
   
   
   


 
previousསུན་མའི་ཡར་ཞུས།next

སུན་མའི་ཡར་ཞུས།


CMR044_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སུན་མའི་ཡར་ཞུས་བཞུགས་པའི་དབུ་ཕྱོགས་ལགས་སོ།། ཡར་སྔ། སློབ་དཔོན་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །སུན་ཟློག་མདོས་གཏོར་རྒྱས་བསྡུས་གང་བྱེད་ཀྱང་། །མཁའ་འགྲོའི་དར་ལམ་གཅོད་ཅིང་བསྟན་བཞུགས་བྱེད་ན། །བླ་མ། སྔགས་པ། སྐྱེས་པ། བུད་མེད་རིགས་བཟང་གང་ཡིན་ཀྱང་། བུ་མོ་གཙང་མ་བཞི་ལ་ཁྲུས་བྱས། རྒྱན་དྲུག་ལ་སོགས་མཁའ་འགྲོའི་ཆས་སུ་ཞུགས་ཏེ། གླུད་གཏོར་དྲུག་ཞུས་ལེན་གྱི་སྐབས་སུ་ལག་ལེན་ཚེ་སྒྲུབ་བརྟེན་བཞུགས་དང་བཅས་པ་ཞལ་ལས་ཤེས་པར་བྱའོ། །དེ་ནས་སུན་མའི་མགྲོན་རྣམས་ཀྱི། དལ་ལམ་དང་བཅས་ཏེ། བདེ་བ་ཅན་དུ་ཁྲིད་པའི་བྲོད་ཁ་འདིང་བ་ནི་འདི་སྐད་དོ། ༼ཀ༽ ཀྱཻ། རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད། །ངེད་མཁའ་འགྲོ་རྣམས་ལ་ཚུར་ཉོན་དང་། །ཁྱེད་བོད་ཀྱི་ཡུལ་བས་སྡུག་པ་མེད། །ངེད་མཁའ་འགྲོའི་ཡུལ་བས་སྐྱིད་པ་མེད། །ཡེ་ཤེས་དབྱིངས་ཀྱི་ལྡིང་ཁང་ནས། །འཇའ་ཚོན་གུར་ཕུབ་ཀྱི་ལི་ལི། །གཉིས་མེད་མཁའ་ལྟར་དག་པའི་ཕོ་བྲང་ནས། །མེ་ཏོག་ཆར་འབབ་སི་ལི་ལི། །མི་མངོན་དབྱིངས་ཀྱི་ཕོ་བྲང་ནས། །གསེར་གྱི་ལྡིང་ཁང་ལྡེམས་སེ་ལྡེམ། །མཁའ་སྤྱོད་དག་པའི་ཕོ་བྲང་ནས། །མཁའ་འགྲོའི་ཚོགས་རྣམས་སྤུངས་སེ་སྤུང་། །ངེད་མཁའ་འགྲོའི་ཡུལ་བས་སྐྱིད་པ་


CMR044_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཁྱོད་བོད་ཀྱི་ཡུལ་བས་སྡུག་པ་མེད། །ཁྲེལ་ཕོངས་ལས་ལ་ཐར་དུས་མེད། །ཡིད་ཀྱི་ལས་ལ་ཐར་དུས་མེད། །རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད། །ངེད་མཁའ་འགྲོའི་ཡུལ་དུ་ད་བཞུད་འཚལ། ༼ཁ༽ ཀྱཻ། རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད། །ངེད་སུན་མ་རྣམས་ལ་ཚུར་གསོན་དང་། །འདོད་དགུ་འབྱུང་བའི་ཕོ་བྲང་ན། །ཅི་འདོད་གཏེར་གྱི་ལོངས་སྤྱོད་ཡོད། །དྲག་པོ་ཨེ་ཡི་གཞལ་ཡས་ན། །ཐོད་པའི་སྐུ་མཁར་ལྡེམ་པ་ཡོད། །མི་ལྤགས་གཡང་གཞི་རྒྱངས་སེ་རྒྱང་། །ཚིལ་ཆེན་མར་མེ་ཏ་ལེ་ཡོད། །ཤ་ཁྲག་གཏོར་མ་སྤུངས་སེ་ཡོད། །རཀྟའི་མཚོ་མོ་ཀྱི་ལི་ལི། །རུས་པའི་རྒྱན་ཆ་ཁྲོ་ལོ་ལོ། །ཚིལ་ཆེན་སྤོས་དུད་ཐུ་ལུ་ལུ། །མི་རྐང་གླིང་བུ་སྐད་རེ་བཟང་། །ངེད་མཁའ་འགྲོའི་ཡུལ་བས་བྲོད་པ་མེད། །གནས་དེ་རུ་གཤེགས་དང་དེ་རུ་སྐྱིད། །རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད། །ཁྱེད་བོད་ཀྱི་ཡུལ་བས་སྡུག་པ་མེད། །ཆགས་སེམས་འདི་ལ་གྲོལ་དུས་མེད། །དེ་བས་ཨོ་རྒྱན་ཡུལ་དེར་དེངས།། ག༽ ཀྱཻ། རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད། །ངེད་སུན་མ་རྣམས་ལ་ཚུར་གསོན་དང་། །ངེད་མཁའ་འགྲོའི་


CMR044_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དེ་ཉམས་རེ་དགའ། །དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །མཁའ་འགྲོའི་གླུ་ལེན་ཀྱུ་རུ་རུ། །དར་དཀར་རྒྱལ་མཚན་པུ་རུ་རུ། །དར་ནག་རུ་མཚོན་ལྷབས་སེ་ལྷུབ། །རྦ་གླིང་སྙུག་གླིང་ཀྱུ་རུ་རུ། །གསེར་གྱི་ཉི་མ་ཀྱི་ལི་ལི། །དངུལ་གྱི་ཟླ་བ་ཏ་ལ་ལ། །སྐར་ཕྲན་ཚོམ་བུ་ཤིགས་སེ་ཤིག །གནས་དེ་རུ་འདོང་དང་དེ་རུ་སྐྱིད།། ༼ང༽ ཀྱཻ། རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད། །ཁྱེད་བོད་ཀྱི་ཡུལ་བས་སྡུག་པ་མེད། །བོད་ཀྱི་ཡུལ་བས་དོག་པ་མེད། །བདུད་རྩིའི་ཆུ་ལ་བཏུང་རྒྱུ་མེད། །༈ ཡེ་ཤེས་དབྱིངས་ལ་བཞུགས་རྒྱུ་མེད། །མེ་ཏོག་གླིང་ལ་བལྟ་རྒྱུ་མེད། །མཛེས་པའི་ཡིད་ལ་གདུང་རྒྱུ་མེད། །དེ་བས་བོད་ཀྱི་ཡུལ་དེ་སྡུག །རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད། །འདི་ན་མཁའ་འགྲོའི་ཡུལ་དེར་གཤེགས། །མཁའ་འགྲོའི་ཡུལ་དེ་གནས་རེ་བཟང་། །རིན་ཆེན་གསེར་གྱི་ལྡིང་ཁང་ནས། །ཁ་བད་གཡུ་ལས་བྱས་པ་ཡོད། །རིན་ཆེན་དངུལ་གྱི་སྐུ་མཁར་ལ། །ཁ་བད་ལྕགས་ལས་བྱས་པ་ཡོད། །རིན་ཆེན་ལྕགས་ཀྱི་སྐུ་མཁར་ལ། །ཁ་བད་བྱི་རུས་བྱས་པ་ཡོད། །རིན་ཆེན་ཟངས་ཀྱི་སྐུ་མཁར་ལ། །ཁ་


CMR044_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བད་མཆོང་ལས་བྱས་པ་ཡོད། །དེ་འདྲའི་གཞལ་ཡས་ཉམས་རེ་དགའ། །དེ་འདྲའི་གནས་སུ་དང་རེ་སྤྲོ། །གནས་མཆོག་དེ་རུ་ད་བཞུད་འཚལ།། ༼ཅ༽ ཀྱཻ། རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱོད། །ངེད་སུན་མ་རྣམས་ལ་ཚུར་གསོན་དང་། །ཨོ་རྒྱན་ཡུལ་དེར་ད་འགྲོ་རན། །མི་འགྲོ་བ་ཡི་དབང་ནི་མེད། །བྱ་མང་སྐད་སྙན་རྩེ་རེ་རེ། །གཅན་གཟན་ངར་སྐད་འུ་རུ་རུ། །རྒྱན་ཆ་མང་པོ་ཁྲོ་ལོ་ལོ། །ཅོད་པན་དར་དཔྱངས་པུ་རུ་རུ། །ཐོད་རྔ་སྟག་སྤྱོད་ཁྲོ་ལོ་ལོ། །སིལ་སྙན་མང་པོ་སི་ལི་ལི། །ཨ་ལ་ལ་ཏེ་ཉམས་རེ་དགའ། །རིགས་བཟང་ལས་ཅན་ད་རེས་རྙེད། །ཨུ་རྒྱན་ཡུལ་དེར་ཁྲིད་ནས་འགྲོ། །དཔའ་བོ་རྣམས་ཀྱི་ཕོ་ཉ་འཇུག །དཔའ་མོ་རྣམས་ཀྱི་འཕྲིན་བྱེད་འཇུག །གསེར་གྱི་གདུ་བུ་ཁྲ་ལ་ལ། །དངུལ་གྱི་མགུལ་རྒྱན་ཝངས་སེ་ཝང་། །དེ་བས་མཁའ་འགྲོའི་ཡུལ་དེར་གཤེགས། །ངེད་མཁའ་འགྲོའི་ཡུལ་དེང་ད་གཤེགས་ཤིག ། ༼ཆ༽ ཀྱཻ། དམ་ཚིག་ལྡན་པའི་རྣལ་འབྱོར་ཁྱེད། །རིགས་བཟང་ལྷ་ཡི་སྐྱེས་བུ་འདི། །ངེད་མཁའ་འགྲོའི་ཡུལ་དེར་མི་བཏང་ན། །ཤ་ཁྲག་གླུད་འདི་ཚུལ་ལ་བྱིན། །ལྤགས་པ་རུས་པའི་གླུད་


CMR044_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བྱིན། །སྐྲ་དང་བ་སྤུའི་གླུད་ཅིག་བྱིན། །ངེད་ནི་མི་སྡོད་འགྲོ་བ་ཡིན། །༼ཇ༽ ཀྱཻ། ཁྱེད་ནི་བྱང་ཆུབ་སེམས་དཔའ་སྟེ། །རང་དོན་དྲི་མས་མ་གོས་སོ། །མཁའ་མཉམ་འགྲོ་ལ་ཁྱེད་ཐུགས་བརྩེ། །ཁྱེད་ནི་དཔའ་བོ་ཆེན་པོ་སྟེ། །བདུད་དང་མུ་སྟེག་རྡུལ་དུ་རློགས། །ཁྱེད་ནི་ཡེ་ཤེས་སེམས་དཔའ་སྟེ། །འཁོར་བའི་སྐྱོན་གྱིས་ཁྱོད་མ་གོས། །བསྟན་པ་ཡུན་རིང་བསྲུང་བའི་ཕྱིར། །ཁྱེད་ཀྱི་བཀའ་ཉན་བསྒྲུབ་པར་བགྱི། །ཅེས་མཁའ་འགྲོའི་སུན་མ་རྣམས་ཀྱིས་གནང་བ་བྱིན་པས་བསམ་མོ། །མཁའ་འགྲོའི་སུན་ཟློག་གི་ཞུས་ལེན་དོལ་ལམ་བདུན་པ་གོང་མ་རྫོགས་སོ། །གནད་རྣམ་ཞལ་ཤེས་སོ། །དཔེ་འདི་བྲིས་པའི་དགེ་བས་འགྲོ་བ་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་མཐའ་རུ་ཕྱིན་ནས་འགྲོ་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །མངྒ་ལཾ། ། ༈ སུན་ཟློག་གི་ཆ་ལག་འདི་སྔར་ལྷ་ཐོག་རྒྱལ་པོས་བཞེངས་པའི་རྭ་ག་བཀའ་འབུམ་དཔེ་རྙིང་དཀར་ལེབ་དགོན་དུ་ཡོད་པ་པོད་འཐོར་བུའི་ནང་དུ་བཞུགས་ཡོད་པས་འདིར་བྲིས་པ་ཡིན། འདི་ལ་དཔེ་ཚན་བཅུ་གསུམ་ཡོད་ལགས།


previousསུན་མའི་ཡར་ཞུས།next