Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་སྨྲ་བའི་སེང་གེའི་བརྒྱུད་འདེབས།
   
   
   


 
previousའཇམ་དཔལ་སྨྲ་བའི་སེང་གེའི་བརྒྱུད་འདེབས།next

འཇམ་དཔལ་སྨྲ་བའི་སེང་གེའི་བརྒྱུད་འདེབས།


CMR044_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྨྲ་བའི་སེང་གེའི་བརྒྱུད་འདེབས་བཞུགས་སོ། །ན་མོ་མཉྫགྷོ་ཥ་ཡེ། རྫོགས་པའི་སངས་རྒྱས་ཉི་མའི་ཤིང་རྟ་དང་། །རིག་བྱེད་གཞོན་ནུ་དམ་པ་རྒྱ་གར་བ། །མ་གཅིག་ལབ་སྒྲོན་རྣམས་ལ་གསོལ་བ་འདེབས། །ཤེས་རབ་མེ་ལྟར་འབར་བར་བྱིན་གྱིས་རློབས། །ཁམས་བུ་ཡ་ལེ་གྲུབ་ཆེན་ཡེ་ཤེས་འབར། །གནམ་མཚོ་བ་དང་རས་ཆེན་རང་བྱུང་བ། །གཡུང་སྟོན་པ་དང་རོལ་པའི་རྡོ་རྗེའི་ལ། །གསོལ་བ་འདེབས་སོ་མི་ཤེས་རྨོངས་པ་སོལ། །དར་མ་རྒྱལ་མཚན་མཁའ་སྤྱོད་དབང་པོ་དང་། །དེ་བཞིན་གཤེགས་པ་རཏྣ་བྷ་དྲ་དང་། །མཐོང་བ་དོན་ལྡན་ཞབས་ལ་གསོལ་བ་འདེབས། །རིག་པའི་རྩ་ཁ་བྱེ་བར་བྱིན་གྱིས་རློབས། །འཇམ་དཔལ་བཟང་པོ་སངས་རྒྱས་མཉན་པ་དང་། །མི་བསྐྱོད་རྡོ་རྗེ་དཀོན་མཆོག་ཡན་ལག་དང་། །དབང་ཕྱུག་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བཀའ་དང་བསྟན་བཅོས་རྟོགས་པར་བྱིན་གྱིས་རློབས། །བྱང་|ཕྱོགས་རྒྱུད་དུ་བྱོན་པའི་པཎྜི་ཏ། །འཇམ་དབྱངས་བླ་མ་ཆོས་ཀྱི་སྣང་བ་ཅན། །ཐམས་ཅད་མཁྱེན་པ་ཆོས་ཀྱི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་མཁྱེན་རབ་དངོས་གྲུབ་


CMR044_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །རབ་འབྱམས་སྨྲ་བ་ངག་གི་དབང་ཕྱུག་དང་། །རིན་ཆེན་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །སྨྲ་བའི་སེང་གེ་འགྲུབ་པར་བྱིན་གྱིས་རློབས། །སངས་རྒྱས་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པ། །མཁས་གྲུབ་དབང་པོ་ཀརྨ་ཆགས་མེད་དང་། །བརྒྱུད་པའི་བླ་མ་འཁོར་ལོའི་མགོན་པོ་ལ། །གསོལ་བ་འདེབས་སོ་མཁྱེན་རབ་དངོས་གྲུབ་སྩོལ། །ཡི་དམ་འཇམ་དབྱངས་དམར་པོ་སྨྲ་སེང་དང་། །དབྱངས་ཅན་ལྷ་མོ་རིགས་ལྔ་ལ་སོགས་པ། །ཡི་དམ་ཌཀིའི་ཚོགས་ལ་བློ༔ གསོལ་བ་འདེབས། །རིག་པའི་གནས་ཀུན་རྟོགས་པར་བྱིན་གྱིས་རློབས། །ཤེས་རབ་མེ་ལྟ་འབར་བར་བྱིན་གྱིས་རློབས། །བྱིན་མཐུ་སྐོམ་ལྟར་འཐུང་བར་བྱིན་གྱིས་རློབས། །མི་ཤེས་རྨོངས་པ་སངས་བར་བྱིན་གྱིས་རློབས། །རིག་གནས་ཀུན་ལ་མཁས་པར་བྱིན་གྱིས་རློབས། །འཇམ་དཔལ་ཡབ་ཡུམ་སྔོན་གྱི་ཐུགས་བསྐྱེད་དང་། །དམ་བཅའ་དགོངས་མཛོད་མྱུར་དུ་ཞལ་སྟོན་ཅིག །ཅེས་འཚོ་མཛད་འཕགས་པ་དོན་གྲུབ་ཀྱིས་བསྐུལ་ངོར། རཱ་ག་ཨ་སྱས་རྟ་ལོ་རྒྱལ་ཟླའི་ཚེས་དགུའི་སྔ་དྲོར་བྲིས། སརྦ་མངྒ་ལཾ།། །།


previousའཇམ་དཔལ་སྨྲ་བའི་སེང་གེའི་བརྒྱུད་འདེབས།next