Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་གྱི་སྒྲུབ་ཐབས།
   
   


 
previousའཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་གྱི་སྒྲུབ་ཐབས།next

འཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་གྱི་སྒྲུབ་ཐབས།


CMR044_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་གྱི་སྒྲུབ་ཐབས་བཞུགས་སོ།


CMR044_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། དཀོན་མཆོག་གསུམ་དང་བླ་མ་འཇམ་དབྱངས་ལ། །དུས་རྣམས་རྟག་ཏུ་བདག་ནི་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བཅོམ་ལྡན་འཇམ་དཔལ་བསྒྲུབ། །སྟོང་པའི་ངང་ལས་པདྨ་ཟླ་བ་དང་། །སེང་གེ་སྔོན་པོའི་སྟེང་དུ་དྷིཡིག་ལས། །འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པས། །རང་ཉིད་འཇམ་དབྱངས་དམར་པོ་ཞལ་གཅིག་པ། །རལ་གྲི་པུ་སྟི་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །ཐུགས་དབུས་ཧཱུྃ་ལ་འཁོར་ལོ་རྩིབས་བཞི་དམར། །དེ་སྟེང་རལ་གྲི་དྷིས་མཚན་སྔགས་ཀྱིས་བསྐོར། །མདུན་དུ་ཧྲཱིལས་དབྱངས་ཅན་ལྷ་མོ་སྔོ། །


CMR044_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་སྟབས་རལ་གྲི་པུ་སྟི་ཕྱག་ན་བསྣམས། །གཉིས་ཀ་དར་དང་རིན་ཆེན་དུ་མས་བརྒྱན། །ཡུམ་གྱི་ཐུགས་ཀར་པདྨ་འདབ་བཞིའི་སྟེང་། །རལ་གྲི་ཧྲཱིས་མཚན་སྔགས་ཀྱིས་བསྐོར་བའོ། །རང་འདྲའི་ཡེ་ཤེས་སྤྱན་དྲངས་རང་ལ་ཐིམ། །ཐུགས་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་དང་། །པཎྜི་ཏ་ཡི་ཤེས་རབ་ཐམས་ཅད་དང་། །ཉན་རང་སོ་སྐྱེའི་ཤེས་རབ་ཐམས་ཅད་ནི། །འོད་ཀྱི་རྣམ་པར་བསྡུས་ནས་སྤྱི་བོར་ཐིམ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་པོ་ཡི། །ཆོས་རྣམས་བསྡུས་ནས་རང་གི་མགྲིན་པར་ཐིམ། །ཉི་ཟླ་ནོར་བུ་འབྱུང་བ་བཞི་


CMR044_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་བཅུད། །བསྡུས་ནས་རང་གི་སྙིང་གར་ཐིམ་པར་གྱུར། །ཨོཾ་ཧིདྷིམཱ་མེ་དྷི་པཾ་མཉྫཤྲཱི་ཡུཾ་ཧཱིཔྲཛྙཱ་ཝནྟུ་ནི་ཧིདྡྷིསྭཱ་ཧཱ། རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་ནི། །ནམ་མཁའ་གང་བར་སྤྲུལ་ཏེ་ལྷ་ལ་མཆོད། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱད། །རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་ཀུན། །བློ་ཡིས་བླངས་ཏེ་འཇམ་དཔལ་ཡབ་ཡུམ་མཆོད། །བདག་ལ་བཀའ་དང་བསྟན་བཅོས་ཐམས་ཅད་ནི། །ཐོགས་མེད་མཁྱེན་པའི་ཤེས་རབ་མྱུར་དུ་སྩོལ། །སེང་གེ་པདྨའི་གདན་སྟེང་དུ། །རྒྱལ་བའི་སྲས་པོ་འཇམ་པའི་དབྱངས། །མདོག་དམར་རལ་གྲི་པུ་སྟི་འཛིན། །སྨྲ་བའི་སེང་གེ་ལ་ཕྱག་འཚལ། །ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །མདོག་སྔོན་རལ་གྲི་པུ་སྟི་འཛིན། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །ཡུམ་ནི་འོད་ཞུ་རང་གི་ཐུགས་ཀར་ཐིམ། །རང་ཡང་མི་དམིགས་གནས་ལུགས་རྫོགས་པ་ཆེ། །དགེ་བས་འཇམ་དཔལ་ཡབ་ཡུམ་འགྲུབ་གྱུར་ཅིག །དེ་ཡན་རྒྱུན་དུ་འདོན་རྒྱུ་དང་། །སྔགས་དེ་བརྒྱ་ཕྲག་རེ་ཟུང་ཙམ། །རྒྱུན་དུ་ཐུགས་དམ་བྱེད་པར་གཅེས། །


CMR044_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་ཕན་ཡོན་རྒྱུད་གཞུང་ལས། །སྔགས་ཀྱི་ཕྲེང་བ་ཉི་ཤཱུ་གཅིག །བརྒྱ་ཡིས་མི་བརྗེད་གཟུངས་ཐོབ་འགྱུར། །སྟོང་གིས་སྒྲ་སྐད་ཀུན་ལ་མཁས། །ཁྲི་ཡིས་ཉིན་རེ་ཤོ་ལོ་ཀ །ལྔ་སྟོང་རེ་རེ་འཛིན་པར་ནུས། །ཡི་གེ་ཐམས་ཅད་ཐོགས་མེད་ཤེས། །བཀའ་བཞིན་བསྟན་བཅོས་རྩོམ་པར་ནུས། །མངོན་པར་ཤེས་པ་འཆར་བ་དང་། །ཕྱིས་ནས་ས་ཡི་དབང་ཕྱུག་ཐོབ། །གལ་ཏེ་ལས་འཕྲོ་ཡོད་པ་ན། །ཉི་མ་གཅིག་གིས་འགྲུབ་པར་འགྱུར། །འབྲིང་གིས་གཉིས་ཀྱིས་རྟོགས་པར་འགྱུར། །ཉི་མ་གསུམ་གྱིས་བསྒྲུབས་ན་ནི། །ལས་འཕྲོ་མེད་ཀྱང་འགྲུབ་པར་འགྱུར། །ཉི་ཟླ་ཤར་དང་མེ་ཏོག་འཐུ། །ཞིང་རྨོ་སྣག་ཚ་འཐུང་བ་དང་། །ཉམས་དགའ་ཡི་གེ་འབྲི་ཀློག་དང་། །མཚོན་ཆ་པུ་སྟི་རྙེད་རྨིས་ན། །ཤེས་རབ་འཕེལ་བར་ཐེ་ཚོམ་མེད། །དེ་སྐད་རྒྱ་གར་པཎྜིཏ། །ཀ་མ་ཤཱི་ལས་གསུངས་པ་ཡིན། །རྒྱ་གར་ཡུལ་གྱི་མི་རྒན་ནི། །ལོ་ནི་དགུ་བཅུ་གོ་དགུ་པ། །ཡི་གེ་ཡང་ནི་མི་ཤེས་པས། །ཞག་གཅིག་བསྒྲུབས་པས་འཇམ་དབྱངས་མཇལ། །ལུས་ཀྱང་གཞོན་ནུ་ལོ་བརྒྱད་ཙམ། །རིག་པའི་གནས་ལྔ་ཐོགས་མེད་ཤེས། །པཎྜི་ཏ་ནི་མཁས་པར་གྱུར། །དེ་ལ་ཕ་གཅིག་དམ་པས་ཞུས། །རིམ་གྱིས་བརྒྱུད་དེ་ཀརྨ་པ། །དབང་ཕྱུག་རྡོ་རྗེས་མཛད་པ་ཡི། །གཅིག་ཤེས་ཀུན་གྲོལ་ནང་ན་བཞུགས། །འཇམ་དབྱངས་སྒྲུབ་པ་ཐམས་ཅད་ལས། །འདི་ལས་འགྲུབ་ཐག་ཉེ་བ་མེད། །འདི་ཡི་ལས་ཚོགས་ཤེས་རབ་ཀྱི། །རིལ་བུ་སྔར་དུས་བདག་གིས་བསྒྲུབས། །སུས་ཟོས་ཕལ་ཆེར་


CMR044_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པར་གྱུར། །དེ་ཕྱིར་ད་ལམ་སྙིང་གི་བུ། །པདྨ་ཕྲིན་ལས་ཐུགས་དམ་ཡིན། །སྔགས་འདིའི་བསྙེན་པ་ཅི་གསོག་གྱིས། །ཡོན་ཏན་ཤུགས་ལ་མཁས་པར་འགྱུར། །བསྟན་འཛིན་འགྲོ་དོན་ནུས་པ་ཡི། །གེ་མོ་བླ་མ་ཞེས་བྱ་བ། །མཁས་པ་ཆེན་པོ་འབྱུང་བར་ཤོག །དེ་སྐད་རཱ་ག་ཨ་སྱས་སྨྲས།། ༈ །།ཐུན་མཚམས་གཏོར་མ་འབུལ་བར་འདོད་ན། དཀར་ཟླུམ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨ་ཀཱ་རོས་བྱིན་གྱིས་བརླབས། མགྲོན་རིགས་བཞི་པོ་འཕགས་པ་སྨྲ་སེང་གི །རྣམ་པར་བྱོན་ནས་གཏོར་མ་གསོལ་བར་གྱུར། །རྩ་སྔགས་ལ། ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ལན་གསུམ། འཕགས་པ་འཇམ་དབྱངས་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེ་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད།།


CMR044_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་ནི། །ནམ་མཁའ་གང་བར་སྤྲུལ་ཏེ་ལྷ་ལ་མཆོད། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱད། །རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་ཀུན། །བློ་ཡིས་བླངས་ཏེ་འཇམ་དཔལ་ཡབ་ཡུམ་མཆོད། །བདག་ལ་བཀའ་དང་བསྟན་བཅོས་ཐམས་ཅད་ནི། །ཐོགས་མེད་མཁྱེན་པའི་ཤེས་རབ་མྱུར་དུ་སྩོལ། །སེང་གེ་པདྨའི་གདན་སྟེང་དུ། །རྒྱལ་བའི་སྲས་པོ་འཇམ་པའི་དབྱངས། །མདོག་དམར་རལ་གྲི་པུ་སྟི་འཛིན། །སྨྲ་བའི་སེང་གེ་ལ་ཕྱག་འཚལ། །ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །མདོག་སྔོན་རལ་གྲི་པུ་སྟི་འཛིན། །དབྱངས་ཅན་མ་ལ་ཕྱག་འཚལ་བསྟོད། །མ་འབྱོར་


CMR044_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སོགས། ཡིག་བརྒྱ། ཁྱེད་ཀྱིས་སེམས་ཅན་སོགས། བདག་བསྐྱེད་བསྡུ་ལྡང་བྱ། བདག་གཞན་དུས་གསུམ་དགེ་བ་སོགས་ཀྱིས་བསྔོ་བ་བྱ། གཞོན་ནུ་སྐུ་ལུས་འཆང་བ་པོ། །ཡེ་བྷཤེས་སྒྲོན་མེས་རབ་ཏུ་གསལ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ཀྱི་བཀྲ་ཤིས་ཤོག །བཀྲ་ཤིས་ཀྱི་སྣང་བ་རྒྱས་པར་བྱ་བས་འགྲུབ་བོ།། ༈ །ཞལ་བྱུང་ལས་ཚོགས་རིལ་བུ་ནི། །སྔོན་དུས་བསྒྲུབས་ཟིན་ཤེས་རབ་ཀྱི། །རིལ་བུ་གང་རྙེད་རུ་བརྩི་བྱ། །སྤང་རྒྱན་གླ་རྩི་མཚལ་དཀར་གསུམ། །སྤང་སྤོས་དབང་ལག་ཤཱུ་དག་གསུམ། །གསེར་མདོག་རྒྱ་སྐེག་ཤིང་མངར་གསུམ། །ཡུང་བ་ཙནྡན་། ཨ་ཀ་རུ། །དཔའ་བོ་བཅུ་གཉིས་བསྡུས་ནས་སུ། །སྦྲང་རྩི་ཀ་ར་འོ་མ་ཡིས། །རིལ་བུ་དྲིལ་ནས་གུར་གུམ་དང་། །གི་ཝང་རྒྱ་སྐག་གསུམ་གྱིས་ནི། །ས་བོན་བྲིས་ལ་བསྒྲུབས་ནས་བསྟེན། །ཞེས་གསུངས་པ་དང་། བསྙེན་པ་སྔོན་སོང་རྣལ་འབྱོར་པས། །མདུན་དུ་མཎྜལ་ཕྱི་མཆོད་བཤམས། །མཉྫིའི་སྟེང་དུ་རིལ་བུམ་བཞག །བདག་བསྐྱེད་བསྙེན་པ་སོང་ནས་ནི། །སྤྲོ་ན་བདག་མདུན་བུམ་གསུམ་མཐར། །སྟོང་པའི་ངང་ལས་རིལ་བུམ་ཟ་མ་ཏོག །ཧཱུྃ་ལས་རིན་ཆེན་གཞལ་ཡས་ཁང་གི་དབུས། །ཤེས་རབ་རིལ་བུ་རེ་རེ་བཞིན་དུ་ནི། །པདྨ་འདབ་བརྒྱད་ཟླ་བ་རྒྱས་པའི་སྟེང་། །སེངྒེ་སྔོན་པོའི་སྟེང་དུ་དྷིཡིག་ལས།


CMR044_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པའི། །འཕགས་པ་འཇམ་དབྱངས་དམར་པོ་ཞལ་གཅིག་པ། །རལ་གྲི་པུ་ཏི་འཛིན་ཅིང་སྐྱིལ་ཀྲུང་བཞུགས། ཐུགས་ཀར་བྷྱོ་ལ་འཁོར་ལོ་རྩིབས་བཞི་དམར། །དེ་སྟེང་རལ་གྲི་དྷིས་མཚན་སྔགས་ཀྱིས་བསྐོར། །མདུན་དུ་ཧྲཱིལས་དབྱངས་ཅན་ལྷ་མོ་སྔོ། །བཞེངས་བཏབ་རལ་གྲི་པུ་སྟི་ཕྱག་ན་འཛིནཾ། །གཉིས་ཀ་དར་དང་རིན་ཆེན་དུ་མས་བརྒྱན། །ཡུམ་གྱི་ཐུགས་ཀར་པདྨ་འདབ་བཞིའི་སྟེང་། །རལ་གྲི་ཧྲཱིཿས་མཚན་སྔགས་ཀྱིས་བསྐོར་བའོ། །གནས་གསུམ་ཨོཾ་ཨཱཿཧཱུྃ་དང་ཧྲཱིདྷིས་འོད། །འཇམ་དཔལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། །རིལ་བུ་དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར། །དབང་ལྷས་དབང་བསྐུར་ཡབ་ལ་མི་བསྐྱོད་པ། །ཡུམ་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན་གྱུར། །བདག་བསྐྱེད་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ། །ཐུགས་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་དང་། །པཎྜི་ཏ་ཡི་ཤེས་རབ་ཐམས་ཅད་དང་། །ཉན་རང་སོ་སྐྱེས་ཤེས་རབ་ཐམས་ཅད་ནི། །འོད་ཀྱི་རྣམ་པར་བསྡུས་ནས་རིལ་བུར་ཐིམ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་པོ་ཡི། །ཆོས་


CMR044_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱིན་རླབས་བསྡུས་ནས་རིལ་བུར་ཐིམ། །ཉི་ཟླ་ནོར་བུ་འབྱུང་བ་བཞི་ཡི་བཅུད། །བསྡུས་ནས་རིལ་བུའི་ལྷ་ལ་ཐིམ་པ་ཡིས། །ཤེས་རབ་ཡེ་ཤེས་བསྐྱེད་པའི་རྫས་མཆོག་གྱུར་།སྤྲོ་བསྡུས་དམིགས་པ་ཡང་ཡང་བཟུང་། །སྐྱོ་ན་ཡབ་ཡུམ་སྔགས་སྦྲེལ་བཟླས། །མཐར་ནི་དབྱངས་གསལ་རྟེན་སྙིང་བརྗོད། །གཞུང་གི་མཆོད་བསྟོད་བྱས་པའི་རྗེས། །ལྷ་ཞུ་རིལ་བུར་དབྱེར་མེད་འདྲེས། །ཤེས་རབ་བསྐྱེད་པའི་ནུས་ལྡན་གྱུར་པར་བསམ། །བདག་བསྡུད་དགེ་བསྔོ་ཤིས་པ་བརྗོད། །དེ་ལྟར་བསྒྲུབ་པའི་ཕན་ཡོན་ནི། །རིལ་བུ་རྒྱལ་ཆེན་བཞིར་མཐོང་ན། །ཤེས་རབ་འཇམ་པའི་དབྱངས་མཉམ། །རིལ་བུ་དབྱངས་ཅན་མར་མཐོང་ན། །སངས་རྒྱས་ཞིང་དུ་འགྲོ་བར་འགྱུར། །འོད་དང་དུ་བ་རྔ་སྒྲ་སོགས། །དེ་དག་མཐོང་ན་འགྲུབ་རྟགས་ཡིན། །ཤེས་རབ་འཕེལ་བར་ཐེ་ཚོམ་མེད། །དེ་སྐད་རྒྱ་གཞུང་ཉིད་ལས་གསུངས། །བསྡུ་ན་བདག་མདུན་ཟུང་འཇུག་བསྒྲུབ། །སྐྱབས་སེམས་བདག་བསྐྱེད་སྒོམ་པ་ཡི། །རལ་གྲི་ཧིས་མཚན་སྔགས་ཀྱིས་བསྐོར་བའོ། །ཞེས་མཚམས་རིལ་བུ་མདུན་བསྐྱེད་བསྒྲུབ། །སྟོང་པའི་ངང་ལས་ཤེས་རབ་རིལ་བུ་རྣམས། །རེ་རེ་བཞིན་དུ་བདག་ཉིད་ཅི་འདྲ་བ། །འཇམ་དཔལ་ཡབ་ཡུམ་གསལ་བའི་གནས་གསུམ་དུ། །ཨོཾ་ཨཱཿཧཱུྃ་དང་ཧིདྷིས་འོད་ཟེར་གྱིས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡབ་


CMR044_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་རྣམས། །དཔག་མེད་སྤྱན་དྲངས་བདག་མདུན་རྣམས་ལ་ཐིམ། །དབང་ལྷས་དབང་བསྐུར་རིགས་བདག་དབུ་རྒྱན་གྱུར། །བདག་བསྐྱེད་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ། །ཐུགས་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་དང་། པཎྜི་ཏ་ཡི་ཤེས་རབ་ཐམས་ཅད་དང་། །ཉན་རང་སོ་སྐྱེའི་ཤེས་རབ་ཐམས་ཅད་ནི། །།འོད་ཀྱི་རྣམ་པར་བསྡུས་ནས་སྤྱི་བོར་ཐིམ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་པོ་ཡི། །ཆོས་རྣམས་བསྡུས་ནས་བདག་མདུན་མགྲིན་པར་ཐིམ། །ཉི་ཟླ་ནོར་བུ་འབྱུང་བ་བཞི་ཡི་བཅུད། །བསྡུས་ནས་བདག་མདུན་སྙིང་ཁར་ཐིམ་པར་གྱུར། །བདག་མདུན་ཟུང་འཇུག་བསྙེན་པ་ཅི་འགྲུབ་མཐར། །གཞུང་གི་མཆོད་བསྟོད་ཆད་ལྷག་ཁ་བསྐང་ནས། །རིལ་བུ་འོད་ཀྱི་གོང་བུར་རྫས་མཆོག་གྱུར། །བདག་བསྡུ་དགེ་བསྔོ་བཀྲ་ཤིས་བརྗོད། །ཞེས་པ་ཙམ་གྱིས་གྲུབ་པའོ། །རཱ་གས་གསུང་བཞིན་ཡིད་བཞིན་རྩལ་གྱིས་བྲིས། །ཉེས་འམགལ་བཤགས་ཤིང་དགེ་བ་ཅི་མཆིས་པ། །འགྲོ་ཀུན་འཇམ་དབྱངས་གོ་འཕང་མྱུར་ཐོབ་ཤོག །སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །རིལ་བུ་ཧྲཱིལས་ལྷ་མོ་དབྱངས་ཅན་མ། །སྐུ་མདོག་དཀར་མོ་ཞལ་གཅིག་ཞི་ཞིང་འཛུམ། །ཕྱག་གཡས་ཤེས་རབ་


CMR044_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་ནམ་མཁར་ཕྱར། །ཕྱག་གཡོན་ལྷུང་བཟེད་བདུད་རྩིའི་བཀང་བ་བསྣམས། །རིན་ཆེན་བརྒྱན་ལྡན་དར་སྔོན་སྟོད་གཡོགས་ཅན། །དར་གྱི་ཤམ་ཐབས་ཞབས་གཉིས་ཕྱེད་སྐྱིལ་བཞུགས། །གདོད་ནས་ཡེ་ཤེས་དམ་ཚིག་དབྱེར་མེད་གྱུར། ཨོཾ་ཙནྟ་ཀོ་མི་སལ་སལ་ཕྱེས་ཕྱེས་ཧཱུྃ་ཧཱུྃ་སྭཱ་ཧཱ། རིལ་བུ་བདུད་རྩི་ལྷ་མོ་དབྱེར་མེད་པ། །ཁོང་དུ་མིད་པས་ཤེས་རབ་འཕེལ་བར་འགྱུར། །ཅེས་ཨ་རཱ་གས་ཤེས་རབ་རིལ་བུ་ཟ་དུས་འདོན་རྒྱུར་བྲིས་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་གྱི་སྒྲུབ་ཐབས།next