Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་སྨྲ་བའི་སེང་གེའི་གསོལ་འདེབས།
   


 
previousའཇམ་དཔལ་སྨྲ་བའི་སེང་གེའི་གསོལ་འདེབས།next

འཇམ་དཔལ་སྨྲ་བའི་སེང་གེའི་གསོལ་འདེབས།


CMR044_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྨྲ་བའི་སེང་གེའི་གསོལ་འདེབས་མཆོག་གི་ཚུལ་དུ་མཛད་པ་ཐུན་མཐར་བསྟོད་པ་དང་མཚན་བརྗོད་བསྡུས་པའི་རྗེས་སུ་འདོན་རྒྱུ་ནི། ན་མོ་ཝ་གཱི་ཤྭ་ར་ཡེ། །དུས་གསུམ་སངས་རྒྱས་ཐམས་ཚིཅད་ཀྱི། །གསུང་གི་བདག་ཉིད་བཅོམ་ལྡན་འདས། །པདྨ་རིགས་ཀྱི་བདག་པོ་སྟེ། །གསུང་གི་རྡོ་རྗེ་ཞེས་ཀྱང་བྱ། །འོད་དཔག་མེད་ལ་གསོལ་བ་འདེབས། །དེ་དང་ངོ་བོ་དབྱེར་མེད་པའི། །སྲས་ཀྱི་ཐུ་བོའི་ཚུལ་བཟུང་བ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །འཇམ་དཔལ་དམར་པོ་རལ་གྲི་འཛིན། །སྨྲ་བའི་སེང་གེར་གསོལ་བ་འདེབས། །ཤེས་རབ་ཡུམ་གྱི་ཚུལ་བཟུང་བ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་ལྷ་མོ་དབྱངས་ཅན་མ། །གང་གཱའི་ལྷ་མོ་ཞེས་ཀྱང་བྱ། །ངག་གི་ལྷ་མོར་གསོལ་བ་འདེབས། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་དང་བདག་གི་རྗེས་འཇུག་དང་། །མཐོང་ཐོས་དྲན་རེག་འགྲོ་བ་རྣམས། །མི་ཤེས་རྨོངས་པ་རབ་བསལ་ནས། །ཤེས་རབ་རྩ་ཁ་འབྱེད་པར་ཤོག །སྐྱེ་བ་འདི་ནས་ཚེ་རབས་ཀུན། །ཤེས་རབ་འཆལ་བར་མི་འགྱུར་ཞིང་། །ཤེས་རབ་ཕུན་སུམ་ཚོགས་གྱུར་ནས། །རྒྱལ་བའི་


CMR044_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་རྒྱ་མཚོ་ལ། །མི་བརྗེད་གཟུངས་ཀྱང་ཐོབ་པར་ཤོག །ཆོས་ཉིད་རྣམ་པར་དག་པ་དང་། །རྟེན་འབྲེལ་བསླུ་བ་མེད་པ་དང་། །འཇམ་དཔལ་ཡབ་ཡུམ་ཐུགས་རྗེ་ཡིས། །སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །ཅེས་འཇམ་དཔལ་དམར་པོ་ཤེས་རབ་རིལ་བུའི་རྫས་འཁོར་ལོ་དཀའ་ཚེགས་ཆེན་པོས་བསྙེན་སྒྲུབ་ཞག་ཉེར་གསུམ་ལ་ཉིན་རེ་ཐུན་རེ་འུར་འདོན་བྱེད་བཅུག་པས། ཁོང་ཕལ་ཆེར་ལ་གཞུང་དང་མཐུན་པའི་རྨིས་ལྟས་ལེགས་པོ་བྱུང་འདུག་པས། །རྣམ་གསུམ་འཛོམ་པའི་དུས་ཆེན་ཉིན་གསོལ་བ་བཏབ་པ་དངོས་གྲུབ་ལེན་ཆོག་གི་ཚུལ་དུ། རཱ་ག་ཨ་སྱས་བྲིས་པའོ། །དགེའོ། མངྒ་ལཾ། །


previousའཇམ་དཔལ་སྨྲ་བའི་སེང་གེའི་གསོལ་འདེབས།next