Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
འཕགས་པ་ཛམྦྷ་ལྷ་དཀར་པོའི་སྒྲུབ་ཐབས་ཀྱི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་ཛམྦྷ་ལྷ་དཀར་པོའི་སྒྲུབ་ཐབས་ཀྱི་ཟིན་བྲིས།next

འཕགས་པ་ཛམྦྷ་ལྷ་དཀར་པོའི་སྒྲུབ་ཐབས་ཀྱི་ཟིན་བྲིས།


CMR045_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཛམྦྷ་ལྷ་དཀར་པོའི་སྒྲུབ་ཐབས་ཀྱི་ཟིན་བྲིས་བཞུགས་སོ།


CMR045_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཛཾ་བྷ་ལ་དཀར་པོའི་སྒྲུབ་ཐབས། པཎྜི་ཏ་ཆེན་པོ་ཇོ་བོ་ལྷ་གཅིག་གིས་མཛད་པ་དང་། དེའི་དོན་བསྡུས་ཏེ་ཞྭ་དམར་བ་དཀོན་མཆོག་ཡན་ལག་གིས་མཛད་པ་འདི་ལ་ཕྱི་ནང་གསང་བའི་སྒྲུབ་པ། ལས་ཚོགས་འཐོར་བུར་སྒྲུབ་པ་སོགས་མང་དུ་ཡོད་པ་ལས། གསང་སྒྲུབ་ནི་གཙོ་བོ་ཡིན། དེ་ལ་སྐུ་འདྲའམ་འཁོར་ལོ་གའུ་སོགས། གཞུང་དང་ཕྱག་ལེན་ལྟར་བཅས་ནས་འདོན་བྱ་ལ། ད་ནངས་ཞོགས་པ་ཚེ་སྒྲུབ་སོགས་ཐུགས་དམ་གཞན་བྱ། ཉི་མ་རི་རྩེར་ཕོག་དུས་རང་ཉིད་ཁ་སར་པཱ་ཎིར་སྒོམ། མདུན་དུ་ཐེབ་ཙེའམ་རིན་ཆེན་སྣོད་དུ་ཛ་དཀར་ལྷ་ལྔ་བསྒོམས་ལ་ཆུ་


CMR045_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ཏེ་སྔགས་བརྒྱ་རྩ་བསྟོད་པ་ཉུང་ངུ་རེ་བྱ། ཆུ་འབུལ་དུས་ཆུ་དེ་མུ་ཏིག་གི་རྒྱུན་དུ་བསྒོམ་ལ་འབུལ། ཆུ་ཐིགས་གཅིག་ལྕེར་བཞག་ལ་དངོས་གྲུབ་ཐོབ་པར་བསྒོམ་དེ་ནས་སྲིན་ལག་སོགས་ཀྱིས་ཕྱོགས་བཞིར་གཏོར་ཞིང་ཡིག་བརྒྱ་ཚར་གཅིག་འདོན། མདུན་བསྐྱེད་རང་ལ་ཐིམ་པར་བསྒོམ། ༈ དེ་ནས་ལས་བྱང་ཚར་གཅིག་གིས་བདག་བསྐྱེད་ཛ་དཀར་ལྷ་ལྔ་དང་། མདུན་གྱི་གའུ་ལྷ་ལྔ་རིན་པོ་ཆེའི་གཞལ་ཡས་ཁང་ལྟར་གྱུར་པའི་ནང་དུ་ལྷ་ལྔ་སོ་སོར་བསྒོམ། སྤྱན་འདྲེན་མཆོད་པ་གཏོར་མ་བསྔོ་བ་བསྟོད་པ་ནས་བསྙེན་པའི་བར་བྱ། ཐོག་མར་བསྙེན་དུས་དཔྲལ་བར་སིན་དྷུ་


CMR045_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རའི་ཐིག་ལེ་ཐོན་ན་ལེགས། བདག་མདུན་གཉིས་ཀའི་གཙོ་བོའི་ཐུགས་ཀར་ཟླ་བའི་གདན་ལ་ཛཾ་ཡིག་དཀར་པོ་ལ་སྔགས་ཕྲེང་གཡས་སུ་འཁོར་བ། འཁོར་བཞིའི་ཐུགས་ཀར་ཧ་རི་ནི་ས་འབྲུ་རེ་རེའོ། །རང་གི་ཐུགས་ཀའི་སྔགས་ཕྲེང་འཁོར་བཞིན་པ་ལས་དང་པོ་འོད་ཟེར་དང་། ཕྱིས་ནས་སྔགས་ཕྲེང་རང་གི་ཞལ་ནས་ཐོན། མདུན་བསྐྱེད་ཞལ་དུ་ཞུགས། ཐུགས་ཀར་ཐིམ་པས་ཐུགས་བརྒྱུད་བསྐུལ་ཞིང་། སྔགས་ཕྲེང་ཚུར་ལྟེ་བ་ནས་ཐོན། རང་གི་ལྟེ་བ་ནས་ཞུགས་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམ། དེ་ནས་བདག་མདུན་བར་དུ་འཁོར་བའི་སྔགས་ཕྲེང་ལས། འོད་ཟེར་དཀར་ལ་དམར་མདངས་ཅན་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་ཐམས་ཅད་མཆོད། དེ་རྣམས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་དང་མདུན་གྱི་གའུ་ཡི་ལྷ་ཚོགས་ལ་སིབ་སིབ་ཐིམ། ཡང་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་དང་ཁྱད་པར་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། སེམས་ཅན་ཐམས་ཅད་བདེ་སྐྱིད་དང་བསོད་ནམས་རྒྱས། འཇིག་རྟེན་


CMR045_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་ཚེ་བསོད་ནམས་བདེ་སྐྱིད་ལོངས་སྤྱོད་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་བདག་དང་མདུན་གྱི་གའུ་ལྷ་དང་བཅས་པ་ལ་ཐིམ་པར་བསྒོམ་ཞིང་། ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛམྦྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། ཅེས་བསྙེན་པ་བྱ། དེ་ནས་གཏོར་མ་གསོས་ལ་ཉི་དྲོས་ལས་བྱང་ཚར་གཅིག །ཕྱེད་ཡོལ་ཚར་གཅིག །ཉི་མ་ཐལ་ཁ་ཚར་གཅིག །དེ་ལྟར་ལས་བྱང་ཚར་བཞི་ཆུ་གཏོར་ཚར་ལྔ། མཚན་གཏོར་བསྔོས་ཁཱ་ཧི་ཙམ་དང་ཐུན་དྲུག་གི་རྣམ་པར་བྱ། ཉིན་མོ་ལ་སྔགས་དེ་དང་དམིགས་པ་དེ་ཡིན་ལ། དེ་ནས་མཚན་མོ་ལ་དམིགས་པ་ཅི་ཡང་མི་སྒོམ་པར་དམིགས་མེད་ཕྱག་རྒྱ་ཆེན་པོའི་ཉམས་ལེན་གྱི་ངང་ནས་རྣམ་པར་མི་རྟོག་པའི་གཟུངས། ཏདྱ་ཐཱ༔ ཨོཾ་ཚོམ་མེ་ལེ་དུ་ཀ་ཧཱུྃ་ཕཊ་སྭཱ་ཧཱ༔ འདི་ཁོ་ན་ཅི་ཐོན་བཟླ། དེ་ལྟར་ཞག་བདུན་ནམ་ལྔའམ་བཅུ་བཞི་སྒྲུབ་པ་བྱས་པ་ནི་བསྙེན་སྒྲུབ་གཉིས་ཀའི་དོན་འདུས་ཡིན་ལ། དེ་ནས་སྒྲུབ་པ་ཆེན་པོ་དང་ལས་སྦྱོར་ནི། སྔགས་འཁོར་གོང་ལྟར་ལས་མདུན་བསྐྱེད་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། འཇིག་རྟེན་ཁམས་ཀྱི་རྒྱལ་བློན་ཡུལ་ཁམས་ཟས་ནོར་ཐམས་ཅད་ལོངས་སྤྱོད་ཚེ་བསོད་ནམས་སྟོབས་དང་དབང་ཐང་ཐམས་ཅད་འོད་ཟེར་གྱི་


CMR045_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བསྡུས་ནས། བདག་དང་གའུ་དབུས་མ་ལ་ཐིམ་པར་བསྒོམ། པདྨ་ཀྲོ་དྷའི་སྔགས་མཐར། ༈ ཨོཾ་པི་ཤ་ནི་ལོ་ཀ་སརྦ་པ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་ཞག་གསུམ་ཙམ་བཟླའོ། །༈ དེ་ནས་ཐུན་སོགས་བྱེད་ལུགས་འདྲ་སྟེ་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གཙོ་བོ་ལ་ཕོག །དེ་ལས་འོད་ཟེར་འཕྲོས་ཤར་གྱི་རྡོ་རྗེ་མཁའ་འགྲོ་ལ་ཕོག །དེའི་ཐུགས་ཀར་ཟླ་བའི་གདན་ལ། ཧ་སྔོན་པོ་ལ། ཨོཾ་བཛྲ་ཌཱཀྐི་ནི་ཧཱུྃ་ཕཊ༔ ཅེས་གཡོན་དུ་འཁོར་བ་ལས་འོད་ཟེར་སྔོན་པོ་ཕྱོགས་བཅུར་འཕྲོས་པས། སྟེང་ལྷའི་འོག་ཀླུའི་བར་མིའི་འཇིག་རྟེན་ཁམས་ཀྱི་ཚེ་བསོད་ལོངས་སྤྱོད་ཐམས་ཅད་བསྡུས་ནས་བདག་དང་ཤར་གྱི་གའུ་ལ་ཐིམ་པར་བསྒོམ་ཞིང་། པདྨ་ཀྲོ་དྷའི་སྔགས་མཐར། ཨོཾ་བཛྲ་ཌཱཀྐི་ནཱི་པི་ཤ་ནི། དེ་ཝ་ནཱ་ག་མ་ནུ་ལོ་ཀ་སརྦ་པ་ཤཾ་ཀུ་རུ་སྭཱ་ཧཱ། ཞག་གསུམ་ཙམ་བཟླ། ༈ བདག་གི་ཐུགས་ཀའི་འོད་ཟེར་མདུན་བསྐྱེད་གཙོ་བོ་ལ་ཕོག །གཙོ་བོའི་འོད་ཟེར་རིན་ཆེན་མཁའ་འགྲོ་ལ་ཕོག་པས་དེའི་ཐུགས་ཀར་ཟླ་བའི་གདན་ལ་རི་ཡིག་སེར་པོ་ལ་ཨོཾ་རཏྣ་ཌཱཀྐི་ནི་ཧཱུྃ་ཕཊ༔ གཡོན་དུ་འཁོར་བ་ལས་འོད་ཟེར་སེར་པོ་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཟས་རོ་བཅུད་དང་ལྡན་པ་ཅི་


CMR045_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ཐམས་ཅད་བསྡུས་ནས། རང་ལྷ་མོའི་གའུ་ལ་ཐིམ་པར་བསྒོམ་ཞིང་། ཨོཾ་པདྨ་ཀྲོ་དྷའི་མཐར། ཨོཾ་རཏྣ་ཊཱཀྐི་ནཱི་པི་ཤ་ནི་ན་ན་ཥ་དྷེ་སརྦ་པ་ཤང་ཀུ་རུ་སྭཱ་ཧཱ། ཞག་གསུམ་ཙམ་བཟླ། ༈ རང་གི་ཐུགས་ཀར་འོད་ཟེར་མདུན་བསྐྱེད་ལ་ཕོག་དེའི་འོད་ཟེར་ནུབ་པདྨ་མཁའ་འགྲོ་ལ་ཕོག་པས་དེའི་ཐུགས་ཀར་ཟླ་བ་ལ་ནི་ཡིག་དམར་པོའི་མཐར། ཨོཾ་པདྨ་ཊཱཀྐི་ནི་ཧཱུྃ་ཕཊ༔ གཡོན་དུ་འཁོར་བ་ལས་འོད་ཟེར་དམར་པོ་འཕྲོས་པས། རྒྱལ་བློན་ཡུལ་མི་གཙོ་བོ། ཀླུ་དང་ས་བདག་གཞི་བདག་ཐམས་ཅད་ཀྱི་བསོད་ནམས་དངོས་གྲུབ་མ་འཀ་ཐམས་ཅད་བསྡུས་ནས། བདག་དང་ནུབ་ཀྱི་གའུ་ལ་ཐིམ་པས་དེ་ཐམས་ཅད་དབང་དུ་འདུས་པར་བསྒོམ། པདྨ་ཀྲོ་དྷའི་སྔགས་མཐར། ཨོཾ་པདྨ་ཊཱཀྐི་ནཱི་པི་ཤ་མ་ནུ། དེ་ཝ་བྷུ་མི་ནཱ་ག་སརྦ་པ་ཤཾ་ཀུ་རུ་སྭཱ་ཧཱ། ཞག་གསུམ་ཙམ་བཟླ། ༈ ཐུགས་ཀའི་འོད་ཟེར་མདུན་བསྐྱེད་ལ་ཕོག་དེའི་འོད་ཟེར་བྱང་ལས་ཀྱི་མཁའ་འགྲོ་ལ་ཕོག་པས། དེའི་ཐུགས་ཀར་ཟླ་སྟེང་ས་ལྗང་གུ་ལ། ཨོཾ་ཀརྨ་ཊཱཀྐི་ནི་ཧཱུྃ་ཕཊ། གཡོན་དུ་འཁོར་བ་ལས་འོད་ཟེར་ལྗང་གུ་འཕྲོས་པས། འཇིག་རྟེན་ཁམས་ཀྱི་མི་ནོར་ལོངས་སྤྱོད་ཐམས་ཅད་འོད་ཟེར་དེས་དབང་དུ་བསྡུས་ནས་འོད་


CMR045_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་གྱི་རྣམ་པར་རང་དང་བྱང་གི་གའུ་ལ་ཐིམ་པར་བསྒོམས་ལ། པདྨ་ཀྲོ་དྷའི་སྔགས་མཐར། ཨོཾ་ཀརྨ་ཊཱཀྐི་ནཱི་པི་ཤ་ནི་སརྦ་ལོ་ཀ་མ་ནུ་བ་སུ་པ་ཤང་ཀུ་རུ་སྭཱ་ཧཱ། ཞག་གསུམ་ཙམ་བཟླ། དེ་ལྟར་ཟླ་བ་གཅིག་གམ། ཉེར་གཅིག་གམ། བདུན་ནམ་གང་བསྒྲུབ་ཀྱང་། ནངས་སྔ་ཆུ་གཏོར། ཉིན་ལས་བྱང་ཚར་ལྔའམ་དྲུག །མཚན་གཏོར་བསྔོས་སྔགས་བསྔོས། ཉིན་ཐམས་ཅད་གོང་ལྟར་སྔགས། མཚན་ཐམས་ཅད་ལ་མི་དམིགས་པའི་ངང་ནས་རྣམ་པར་མི་རྟོག་པའི་གཟུངས་ནངས་ནུབ་ཐུགས་དམ་ཆག་མེད་རིམ་པར་བྱའོ། །ཚར་ཉིན་ཆུ་གཏོར་མང་ཞིག་དང་ལས་བྱང་ཅི་ཐོན་ཞིག་བཏང་། མཆོད་པ་བྱ། གཏོར་མ་རང་གི་གནས་གསུམ་དུ་གཏུགས་ལ་དབང་དང་དངོས་གྲུབ་ཐོབ་པར་བསྒོམ། མདུན་བསྐྱེད་གའུ་སོ་སོར་བསྟིམ། བདག་བསྐྱེད་མི་གཤེགས་རང་ལ་བསྟིམ་མོ།། ༈ ཇོ་བོ་རྗེ་ཡི་ཞལ་ནས། འདི་བསྒྲུབ་པ་ལ། ཕན་ཡོན་གཉིས་ཡོད་དེ། ཚེ་འདི་ལ་ཟས་ནོར་གྱིས་མི་འཕོང་ལ། ཕྱི་མ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་སྐྱེ་བ་ཡིན་གསུངས་སོ། །ཡེ་ཤེས་ཀྱི་དོན་དུ་གོ་སླ་བར་བསྡུས་ཏེ་ཞལ་ཤེས། རཱ་ག་ཨ་སྱས་ཆུ་གཉིས་བདུད་རྩི་སྦྱོར་བའི་ཉིན་བྲིས་པས་གཞན་ཕན་རྒྱ་ཆེན་ཤོག །མངྒ་ལཾ།། །།


previousའཕགས་པ་ཛམྦྷ་ལྷ་དཀར་པོའི་སྒྲུབ་ཐབས་ཀྱི་ཟིན་བྲིས།next