Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛ་བྷ་ལ་དམར་པོའི་སྒྲུབ་ཐབས་ཀྱི་ལོ་རྒྱུས་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛ་བྷ་ལ་དམར་པོའི་སྒྲུབ་ཐབས་ཀྱི་ལོ་རྒྱུས་དང་བཅས་པ།next

གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛ་བྷ་ལ་དམར་པོའི་སྒྲུབ་ཐབས་ཀྱི་ལོ་རྒྱུས་དང་བཅས་པ།


CMR045_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༼ཁ༽ །གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛ་བྷ་ལ་དམར་པོའི་སྒྲུབ་ཐབས་ཀྱི་ལོ་རྒྱུས་དང་བཅས་པ་བཞུགས་སོ། །


CMR045_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །ཆོས་འདིའི་བརྒྱུད་པ་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་སུ་གཏེར་དུ་སྦས་པ་གྲྭ་པ་མངོན་ཤེས་ཅན་གྱིས་གཏེར་ནས་བཏོན་པ་མས་རིམ་གྱིས་བརྒྱུད་དོ། །ཞེས་གསུངས་པའི་དོན་རྒྱས་པར་འཆད་ན། དང་པོ་ལྷའི་ངོས་འཛིན་རྒྱུད་གསུངས་ཚུལ། རྒྱུད་སྡེ་ངོས་འཛིན་མན་ངག་བརྒྱུད་ཚུལ། དགོས་ཆེད་ཕན་ཡོན་དམ་ཚིག་གི་རྒྱས་གདབ་པ་དང་བདུན་ལས། དང་པོ་ལྷའི་ངོ་བོ་ནི། སྤྱིར་ཉན་ཐོས་དང་རང་སངས་རྒྱས་སར་གནས་ཀྱི་སེམས་དཔའ་རྫོགས་པའི་སངས་རྒྱས་དང་འཕགས་པ་བཞི་པོ་དེ་དག་ཐམས་ཅད་བསོད་


CMR045_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས་འཁྲུངས་པ་ཡིན་ཏེ། ཡེ་ཤེས་ཀྱི་ཚོགས་ནི་སྟོང་པ་ཉིད་ཡིན། དེ་ལ་གཟུགས་དང་དངོས་པོར་མ་གྲུབ་ཀྱང་སེམས་ཅན་རྣམས་བསོད་ནམས་བསགས་པའི་རྟེན་དུ་གཟུགས་ཀྱི་སྐུར་བཞེངས་པ་ནི། ཡུམ་ཆེན་མོ་དང་རྡོ་རྗེ་ཕག་མོ་ཡིན་པ་ལྟར། རྒྱུ་བསོད་ནམས་ཀྱི་ཚོགས་དེ་གཟུགས་ཀྱི་སྐུར་བཞེངས་པ་ནི་ཛཾ་བྷ་ལ་འདི་ཡིན་པས། སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་ཡོད་པས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡང་མི་དབུལ་པོ་ཕོངས་པ་ཞིག་གི་སྐྱེ་བ་བཞེས་ནས། དེ་ཉིན་ཤིང་བསྡུས་ནས་བཙོངས་པས་དེ་ནུབ་དང་ནང་གི་འཚོ་བ་


CMR045_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དགོས་པ་ཞིག་ཏུ་སྐྱེས་ནས། ཤིང་འཐུ་བ་ལ་འགྲོ་བའི་ལམ་དུ་དགེ་སློང་རྐང་པ་མི་བདེ་ཞིང་གྲང་བའི་ནད་ཡོད་པ་ཞིག་རི་ཁྲོད་དུ་འདུག་པ་ལ་ཉིན་རེ་བཞིན་ཤིང་ཨོཾ་ལུ་རེ་ཕུལ། ལོ་མང་ཞིག་སོང་བ་ན། ཁྱོད་ཀྱིས་ང་ལ་ཤིང་ཕུལ་བས་ཕན་རྒྱུན་དུ་ཐོགས། དེའི་དྲིན་ལན་དུ་ཁྱོད་ཀྱིས་ཤིང་ཐུ་ནས་འཚོ་བ་སྒྲུབ་མི་དགོས་པའི་མན་ངག་སྦྱིན་གསུངས་ནས། ཛཾ་བྷ་ལའི་སྒྲུབ་ཐབས་གནང་ནས་བསྒྲུབས་པས། མི་དེ་སྐྱེ་བ་དེ་ཉིད་ལ་རྒྱལ་པོར་གྱུར་ཏེ་ལོངས་སྤྱོད་ཆེན་པོ་བྱུང་ངོ་། །དེས་རྒྱུན་དུ་སྦྱིན་པ་བཏང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ནས་ས་དང་པོ་ཐོབ་ཅིང་དེ་ནས་རིམ་གྱིས་ས་ཐོབ་སྟེ་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཡིན། དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱང་ཛཾ་བྷ་ལ་བསྒྲུབས་པས་སྦྱིན་པའི་ཕར་ཕྱིན་རྫོགས་ནས་རིམ་གྱིས་སངས་རྒྱས་པ་ཁོ་ན་ཡིན་པས། ཡུམ་ཆེན་མོ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཡིན་པ་ལྟར། ཛཾ་བྷ་ལ་སངས་རྒྱས་ཐམས་ཅད་ཀྱི་ཡབ་ཡིན་པ་གནོད་གནས་དབང་པོའི་རྟོགས་བརྗོད་ལས་གསུངས། ཛཾ་བྷ་ལ་དེ་ལའང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔ་ལས་ཇེ་དམར་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་འོད་དཔག་མེད་དེ་ཉིད་ནོར་ལྷའི་སྐུར་བཞེངས་


CMR045_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཞེས་གསུངས། དེས་ན་འདི་ནོར་ལྷ་གཞན་དང་མི་འདྲ་ཡི་དམ་ནོར་ལྷ་དབྱེར་མེད་ཡིན། སྤྱི་བོར་རིགས་བདག་བླ་མ་ཐུགས་ཀར་མཁའ་འགྲོ་གདན་འོག་ཏུ་ཆོས་སྐྱོང་བཅས་རྩ་གསུམ་ཀུན་འདུས་ཡིན། ཛཾ་བྷ་ལ་ཡི་རིགས་ཐམས་ཅད་འདིའི་སྤྲུལ་པ་ཡང་སྤྲུལ་ཙམ་དུ་གཏོགས་སོ། །བསྟན་པ་འདི་ལ་ནི། རྒྱལ་པོ་རྣམ་ཐོས་སྲས་ལ་སྲས་སྟོང་ཡོད་པའི་མཆོག་ཏུ་གྱུར་པ་གསུམ་ནི་ཇི་སེར་ནག་གཉིས་དང་གར་མཁན་མཆོག་དང་གསུམ་ཡིན་པ་ལས། གར་མཁན་མཆོག་ནི་རྣམ་སྲས་ཉིད་དང་ཐུགས་རྒྱུད་གཅིག །ཛ་སེར་ནག་གཉིས་ཀྱང་དོན་ལ་ཐུགས་རྒྱུད་གཅིག་མོད་ཀྱི། ཛཾ་དམར་འདི་ནི་ཛཾ་ནག་དང་གཅིག་ཡིན་ཏེ། ཞལ་གཡོན་མཐིང་ནག་དང་ཕྱག་གཡོན་དང་པོས་ཐོད་པ་དང་། ཕྱག་གཡས་ཐ་མས་ནེའུ་ལེ། ཀླུ་བརྒྱད་སྐུ་ལ་བརྒྱན་པ། ནོར་སྐྱུགས་ཕོ་མོ་མནན་པ་སོགས་དངོས་སུ་གསལ་ལོ། །གཉིས་པ་རྒྱུད་གསུངས་ཚུལ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པའི་གནོད་གནས་དབང་པོའི་རྟོགས་བརྗོད་དང་། ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས་དང་། ནོར་སྤེལ་བ་ཞེས་བྱ་བའི་གཟུངས་དང་། །


CMR045_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་བྷ་ལའི་ཆུ་སྦྱིན་པའི་གཟུངས་དང་། འཇམ་དཔལ་དཔའ་བོ་གཅིག་སྒྲུབ་རྒྱུད་ནས་ཛཾ་བྷ་ལ་ཡབ་ཡུམ་བཅོ་བརྒྱད་ཀྱི་སྒྲུབ་ཐབས་གསུངས་པ་ནི་བྱ་རྒྱུད་དང་། ཕ་རྒྱུད་གསང་བ་འདུས་པ་ནས་ཞལ་གསུམ་ཕྱག་དྲུག་པ་དང་། མ་རྒྱུད་རྡོ་རྗེ་གུར་ནས་ཕྱག་གཉིས་གསུངས་པ་བླ་མེད་ཡིན། སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ། མི་ཏྲ་བརྒྱ་རྩ་ཁྲིད་དྲུག་སོགས་ཛཾ་བྷ་ལའི་སྒྲུབ་ཐབས་བརྒྱ་རྩ་གཞུང་མཐའ་ཡས་པར་འབྱུང་བ་ནི། འདིའི་རྒྱབ་ཆོས་ཡིན་པས་རིགས་འགྲེ་རུང་། འདི་རང་ནི་བླ་མེད་རྒྱུད་སྡེ་ཆོས་རྙིང་མ་ཡིན་ནོ། །དེས་རྒྱུད་གསུངས་ཚུལ་སོང་ནས། །གསུམ་པ་མན་ངག་བརྒྱུད་ཚུལ་ནི། བཅོམ་ལྡན་འདས་གསང་བའི་བདག་པོས་གནས་མཆོག་ལྕང་ལོ་ཅན་དུ་འཁོར་མཁའ་འགྲོ་དང་གནོད་སྦྱིན་དང་། དྲེགས་པའི་ཚོགས་ལ་རཏྣ་རྩལ་ཆེན་འདུས་པའི་རྒྱུད་ཅེས་བྱ་བ་ལེའུ་སུམ་བརྒྱ་དང་དོན་བདུན་ཡོད་པའི་རྩ་རྒྱུད་དང་། ཛཾ་བྷ་ལ་ནོར་བུ་འབྱུང་བའི་རྒྱུད་གཉིས་གསུངས། ཛཾ་དམར་འདིའི་རྒྱུད་སྡེ་གཉིས་ལ་བརྟེན་པ་ཡིན། གསང་བའི་བདག་པོས་མཁའ་འགྲོ་མ་ཚོགས་ཀྱི་དངོས་གྲུབ་ལ་བཤད། ཁྱོད་ཀྱིས་མིའི་ཡུལ་འཛམ་བུ་གླིང་དུ་སྒྱུར་ལ། ལས་དང་སྐལ་པར་ལྡན་པ་གཅིག་ལ་གཏོད་ཅིག་


CMR045_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། མཁའ་འགྲོ་མས་སློབ་དཔོན་དྷ་ན་ཀོ་ཤ་ལ་གནང་སྟེ་ཚོགས་འཁོར་བཅུ་གསུམ་དང་གསེར་གྱི་གཞོང་པ་གཡུ་ཡིས་བཀང་ནས་ཕུལ། དེས་རྒྱལ་པོ་སུ་ཁ་དེ་ཝ་ལ་གནང་། རྒྱལ་པོས་གསེར་སྲང་བཅོ་བརྒྱད་ཕུལ། ཨོ་རྒྱན་རིན་པོ་ཆེས་རྒྱལ་པོ་དེ་འཆི་ངེས་པའི་ཚེ་མི་ལོ་ལྔ་བཅུར་ཚེ་བསྲིང་བའི་ཡོན་དུ་ཕུལ། ཨོ་རྒྱན་བོད་དུ་ཕེབས་ནས་བོད་སྨྲེ་ཏའི་ཡུལ་འདིར་གང་ཟག་དམ་པའི་ཆོས་ལོངས་སྤྱོད་གདུལ་བྱའི་དོན་དུ་ཀ་བ་དཔལ་བརྩེགས་སོགས་རྗེ་འབངས་རྣམས་ལ་གནང་ནས་གཏེར་དུ་སྦས། པདྨ་བཀའི་ཐང་ཡིག་ལས། དུས་རེ་དང་གཏེར་སྟོན་རེ་ལུང་བསྟན་པའི་སྐབས། སྐབས་སུ་གཙིགས་པའི་གཙིགས་པ་སྡུག་པོ་འོང་༔ བྱང་དང་རྒྱ་རྣམས་གྲོག་མའི་ཚང་བཤིག་འདྲ༔ ཇོ་མོ་རྣམ་གསུམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་གྲྭ་པ་མངོན་ཤེས་ཞེས་བྱ་འབྱུང་༔ ས་སྟེང་གནས་གཞི་བརྒྱ་དང་རྩ་བརྒྱད་འགེངས༔ གྲྭ་མདའ་འདི་ལ་གཙུག་ལག་ཁང་ཞིག་འབྱུང་༔ རྒྱལ་པོས་བཞེངས་པའི་ལྷ་ཁང་བདག་པོ་བྱེད༔ ཅེས་གསུངས་པ་ལྟར། དབུས་ཀྱི་ས་ཆ་གྲྭ་ཞེས་པར་སྐུ་འཁྲུངས། ཆོས་མངོན་པ་ལ་མཁས་པས་གྲྭ་པ་


CMR045_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་ཞེས་མཚན་ཐོགས། ཁོང་གིས་ཨོ་རྒྱན་ཞལ་གཟིགས་པས། བདག་ཚུལ་ཆུང་དུས་མ་ཤི་ཤོར་བས་སྡིག་པ་མཚམས་མེད་བྱས་པས་དེ་དག་པའི་ཐབས་ཤིག་གནོང་ཞེས་ངུས་པས། ཁྱོད་ཀྱི་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས་ན་སྡིག་པ་འདག་གསུངས། བདག་བན་རྐྱང་དབུལ་པོ་ཞིག་གིས་གཙུག་ལག་ཁང་བརྒྱ་རྩ་ག་ལ་འགྲུབ། དེ་སྡིག་པ་མི་འདག་པའི་དཔེ་རུ་འདུག་སྨྲས་ནས་ངུས་པས། ཁྱེད་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་ཀྱི་སྐྱེ་མཐའ་ཡིན་པས་ངའི་གཏེར་ལ་དབང་། བསམ་ཡས་ཀྱི་གཙུག་ལག་ཁང་དུ་སྨན་གྱི་རྒྱུད་བཞི་དང་། གནོད་སྦྱིན་ཞང་བློན་གྱི་སྒྲུབ་སྐོར་རྒྱས་པ་རྣམས་སྦས་ཡོད་པ་ཐོན་ལ། དེའི་ནང་དུ་ཛཾ་དམར་གྱི་སྒྲུབ་སྐོར་ཞིག་ཡོད་པས་དེ་ཉམས་སུ་ལོངས་དང་། གཙུག་ལག་ཁང་བརྒྱ་རྩ་ཡོ་བརྒྱད་བཞེངས་པའི་ལོངས་སྤྱོད་འབྱུང་གསུངས་ནས་གཏེར་གྱི་ཁ་བྱང་རྣམས་གནང་། དེ་ནས་གསུངས་པ་ལྟར་བྱས་པས་གྲྭ་པ་དགེ་བཤེས་སུམ་བརྒྱ་ཙམ་རེ་འཚོགས་པས་ལོངས་སྤྱོད་དཔག་ཏུ་མེད་པ་བྱུང་། མ་གཅིག་ལབ་ཀྱི་སྒྲོལ་མ་སོགས་སློབ་མ་ཁམས་ཆེན་ཡང་མང་དུ་བྱུང་། ཡུལ་ཕྱོགས་མི་གཅིག་པ་བརྒྱ་དང་བརྒྱད་ནས་གནས་གཞི་བརྒྱ་དང་བརྒྱད་འབུལ་བ་བྱུང་


CMR045_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བས་ལྷ་ཁང་བརྒྱ་དང་རྩ་བརྒྱད་ཀྱང་བཞེངས། དེ་དུས་ཀྱི་ལྷ་ཁང་འགའ་ཞིག་ད་ལྟའང་སྣང་། དེ་ནས་རིམ་པར་བརྒྱུད་དེ། ཉེ་གནས་བྲག་ནག་པ། བླ་མ་མངའ་རི་བ། གོ་ལུང་པ་ནམ་མཁའ་རྒྱལ་མཚན། གོ་ལུང་པ་མདོ་སྡེ་དཔལ། གྲུབ་ཆེན་ཨོ་རྒྱན་པ། ཚ་ཚ་མོ་ཤེས་རབ་རིན་ཆེན། བྱང་སེམས་གཞོན་ནུ་ཚུལ་ཁྲིམས། ལྷ་མཐོང་བ་རིན་ཆེན་དཔལ། ཉུག་པ་ཆོས་གྲགས་པ། མཁན་ཆེན་རྒྱལ་བ་ཕྱག་ན། དགེ་མ་རིན་ཆེན། རིའུ་རས་པ། རིན་ཆེན་ཆོས་རྒྱལ། བླ་མ་རིན་པོ་ཆེ་ཁྲི་རི་པ། འཇམ་དབྱངས་ཀུན་དགའ་གྲོལ་མཆོག །རྗེ་བཙུན་ནུབ་དགོངས་ཆོས་རྗེ་ལའོ། །ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ལས། ད་ལྟ་མངའ་བདག་ཆེན་པོའི་སྐྱེ་བ་ནི༔ མཆིམ་གྱི་ཡུལ་དུ་ལུགས་གཉིས་གཙོར་འཛིན་པ༔ མཐུ་སྟོབས་མངའ་བདག་སྟོབས་ལྡན་ཆེན་པོ་འབྱུང་༔ རང་སྐྱེས་རང་ལུས་ཁེངས་པ་འབྱུང་༔ ཞེས་ལུང་བསྟན་པ་ལྟར། གཏེར་སྟོན་དབུ་རལ་པ་བཀྲ་ཤིས་སྟོབས་རྒྱལ་དེ། དང་པོ་བྱང་པ་ཆོས་རྒྱལ་གྱི་ཞལ་ངོ་སྡེ་པ་ཡིན་པ་ལ། མངའ་ཐང་རྣམས་མཆེད་ཡས་འཕྲོག་ནས་ཁོང་རང་བྲོས་པས་ཐར་ཙམ་བྱུང་། སྲས་གཉིས་དང་། གྲྭ་པ་སྒར་ཉོབ་


CMR045_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མང་བས་ཞལ་ཡང་ཐོན་པར་དཀའ་ཞིང་བསེར་བར་བྱུང་ནས། ཛཾ་དམར་འདི་ཟབ་པར་དགོངས་ཤིང་ཞུ་འདོད་ཀྱང་འདིའི་དབང་ལུང་ཆ་ཚང་ཡོད་པ་དཀོན་པོ་བྱུང་། ཁོང་གིས་དབང་ལུང་ཡོད་མཁན་གདའ་ན་མཐོ་དམན་སུ་ལའང་ཞུ་འདོད་པ་ཞིག་ཡིན་པས། གཏེར་སྟོན་བརྒྱ་དང་རྩ་བརྒྱད་ཀྱི་ཆོས་སྐོར་རྣམས་ཞུས་དུས། སྔགས་པ་རྣམས་ལའང་ཞུས་པའི་ལོ་རྒྱུས་འདུག་སྟེ། ཛཾ་དམར་འདི་སུལའང་མེད་པས་ནུབ་དགོངས་ཆོས་རྗེ་ཞེས་སྐུ་ཤིན་ཏུ་བགྲེས་ཤིང་སྤྱན་མི་གསལ་བ་ཞིག་ལ་ཡོད་པར་གསན་ནས་ཞུ་རུ་བྱོན་ནས་བླ་མཁྱེན་ཆོས་རྗེ་བ་ཞིག་གིས་སྤྱན་ཚབ་མཛད་ནས་ཞུས་དུས་བླ་མ་སྤྱན་མེད་པ་དེས་མེ་ཏོག་གི་ནས་ཁོང་གི་ཕྱག་ཏུ་བླུགས་པས། ཨ་རུ་གསེར་མདོག་གཅིག་གི་ཁོག་སྟོད་གཅིག་སྣང་། དེ་དར་དུ་བསྙུམ་ནས་ཚགས་མཛད། དེ་ནས་མཚམས་ལ་བཞུགས་རྒྱུ་མ་བྱུང་ཡང་། རྒྱུན་བསྙེན་དང་། བླ་མཁྱེན་མཆོག་ལྡན་མགོན་པོའི་སྐུ་སྐྱེ་ཡིན་ཟེར་བའི་བན་ཆུང་གཅིག་ཡོད་པ་ལ། སྒར་དུ་ལྕོགས་མཚམས་འདྲ་བ་བྱས་ནས་རྒྱུན་དུ་ཆུ་སྦྱིན་གཏོང་བཅུག་ནས། འཚོ་བ་ཡང་ཇེ་དྲག་ལ་སོང་ནས་སྒར་མགོ་ཆོས་ཏེ། ཁམས་ཕྱོགས་སུ་བྱོན་ནས་རི་བོ་ཆེ་གྲུ་བ་བུས་ཁྱིམ་དུ་གདན་དྲངས་ནས་


CMR045_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཟློག་ཉིན་རྫོགས་ཤིག་བཅས་ཁྱིམ་དུ་ཕྱག་ནས་དགོས་ཟེར་ནས། ནས་ཀ་ཊོ་ར་གང་ཁྱེར་བྱུང་བའི་ནང་ནས་ཨ་རུ་ར་གསེར་མདོག་གི་ཁོག་སྨད་གཅིག་འདུག་པས། སྔོན་གྱི་ཁོག་སྟོད་དེ་དང་སྦྱར་ནས་ཁྲིག་གེ་འགྲིགས་པས་སྤྱིན་གྱིས་སྦྱར་ཏེ་ཚགས་མཛད། སྔར་ནས་སྔོན་གྱི་དེ་ཉིད་ལས་ཆེ་བའི་འབུལ་བ་འོང་མ་མྱོང་། དེ་ནས་བཟུང་སྟེ་གདུལ་བྱའི་སྒོ་བྱེ་སྟེ་ཇེ་ཆེར་སོང་། རྟ་དྲེལ་རྣམས་ཧོར་གྱིས་ཁྱེར་བ་ལ་གཟའ་དངོས་སུ་རྒྱུགས་ནས་ཆོ་འཕྲུལ་ཆེན་པོ་བྱུང་བས་འབུལ་བ་བྱས་ཤིང་ཚུར་གཏད། མཐུ་ཆེ་བའི་གྲགས་པ་ཐོབ། དར་རྩེ་མདོར་བྱོན་པས་མདོའི་དཔོན་གཉིས་འཁྲུག་པ་བྱུང་བ་ལ་བསྡུམ་པའི་ཞལ་བཀོད་མཛད་པ་ལ། གཅིག་གིས་མ་རྩིས་པས་ཁྱིམ་སྤྲུལ་གྱིས་གང་བའི་ཆོ་འཕྲུལ་དང་། རལ་གྲི་མདུད་པ་དང་། ཆུ་བཅད་པའི་རྫུ་འཕྲུལ་བསྟན་པས། དཔོན་གཅིག་གིས་ཤེལ་གྱི་པར་བུ་ཞིག །གཅིག་གིས་བེཟླུརྒྱའི་གླེགས་ཤིང་སོགས་ནང་ཟོག་རྣམས་ཕུལ། ཁ་མཆུ་རྣམས་དཀར་འཇགས་ལ་སོང་། གཞན་ཡང་ས་ཕྱོགས་དེ་ནས་བཟང་ཇ་འཁོར་དྲུག་ལྔ་བརྒྱ། དེ་འགེལ་སའི་དྲེལ་སྒ་སྟན་དང་བཅས་པ་བྱུང་། ཁོང་རང་གི་སྲས་རིག་འཛིན་ངག་གི་དབང་པོ་


CMR045_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དེང་སང་རྡོ་རྗེ་བྲག་གི་སྤྲུལ་སྐུ་ཡན་ཆད་མི་རབས་གསུམ་དང་། དར་རྩེ་མདོ་ནས་འབུལ་སྐྱེལ་དང་། གྲྭ་རིགས་སོགས་དེར་ཕྱིན་ནའང་དར་རྩེ་མདོ་ནས་གདུལ་བྱ་དཔག་ཏུ་མེད་པ་བྱུང་བ་འདིས་བྱུང་། དེ་ནས་གཏེར་སྟོན་ངོམ་དུ་ཕེབས་དུས་སྔགས་འཆང་བཀྲ་ཤིས་དབང་ཕྱུག་ལ་གཏེར་སྟོན་ཉིད་ཀྱིས་ཀྱང་གཤིན་རྗེ་འཇོམས་བྱེད་འབར་བ་ལ་སོགས་པའི་དབང་ལུང་འགའ་རེ་ཡང་གསན་འདུག །དེ་ནས་བཀྲ་ཤིས་དབང་ཕྱུག་དང་། ཀརྨ་དོན་ཡོད་སྐུ་ཆུང་ངུའི་དུས་ཛཾ་དམར་འདིའི་དབང་ཞུས་ཀྱང་བཀའ་རྒྱ་དོམ་པས་རེ་ཞིག་མ་གནང་། དེ་དུས་ལྷ་བཟོ་གྲོ་སྒག་མ་བྱ་བས་བཀའ་བརྒྱད་ཀྱི་ཐང་སྐུ་བཅོ་བརྒྱད་དང་ཙཀ་པོད་འགའ་ཟུང་ཐང་སྐུ་གཞན་ཡང་འགའ་ཟུང་རྣམས་བཞེངས་པས། དེ་རྣམས་ཀྱི་ཡོན་བཟང་པོ་རྒྱབ་དགོས་ཤིང་ཡོན་རྒྱབ་ལ་ཁད༔ ལྷ་བཟོ་དེས་ན་རེ། ངེད་ཚང་སྔར་ནས་དབུལ་ཞིང་ཕོངས་རྐང་བཞི་སོགས་རྙེད་ཀྱང་ཕན་མ་ཐོགས། ང་ལ་ལྷ་ཡོན་གཞན་མི་དགོས། ཛཾ་དམར་གྱི་དབང་ལུང་གནང་དགོས་ནན་གྱིས་ཞུས། དེའི་ཞོར་ལ་མགར་ཀརྨ་དོན་ཡོད་ཁུ་མཚན་གྱིས་ཀྱང་ཐོབ་པར་འདུག །ཨ་རུ་ར་གསེར་མདོག་དེ་ཡང་བསྟན། དེ་ནས་བཀྲ་ཤིས་དབང་ཕྱུག་གིས་སྒྲུབ་ལོང་མ་


CMR045_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། ཀརྨ་དོན་ཡོད་སྐུ་ན་གཞོན་ནུའི་དུས་ཡོན་ཏན་ཅི་ཡང་མཁས་པར་མཁྱེན་ཏེ། གདུལ་བྱ་གྲོང་ཆོག་ཅིའང་མ་བྱུང་ཁྱིམ་ཡང་ཤིན་ཏུ་བསེར་བར་ཡོད་པས་བང་བ་གཅིག་གི་ནང་ན་ཞག་བདུན་མཚམས་དམ་པར་མཛད་ནས་བསྒྲུབས་པས། ཉམས་དང་རྨི་ལམ་མཚམས་སུ་བང་བའི་སྟོད་ཀྱི་གནམ་སྒོ་ནས་གཡུ་བྱི་རུ་སྤོས་ཤེལ་ཆུང་ངུ་མང་པོ་རྒྱུན་མ་ཆད་པར་ཟགས་ཏེ་ནས་སྤུངས་བ་ལྟར་བྱུང་སྣང་གྱུར། དེ་ནས་བཟུང་སྟེ་གྲོང་ཆོག་གི་གདུལ་བྱ་རྣམས་གཡེང་ཆེ་དྲགས་པས་དེ་ཕྱིན་མ་བཏོན་ཞིང་ཆུ་སྦྱིན་གཏོར་བསྔོས་ཙམ་ཡང་མ་བྱས་ཀྱང་རྒྱུན་དུ་དེའི་ངང་ལ་འབྱམས། ཁོང་ལ་བདག་རཱ་ག་ཨ་སྱས་ནན་གྱིས་ཞུས། སྒྲུབ་པ་ཞག་བདུན་ལས་མ་ཐོན། དེ་དུས་རྟགས་མ་བྱུང་སྟེ། དགོས་དུས་སྔགས་དམིགས་ནམ་བྱས་དངོས་རྟགས་གསལ་བ་ནི་ལན་མང་ངོ་། །དེས་མན་ངག་གང་ལ་བརྒྱུད་ཚུལ་སོང་ནས། ཕན་ཡོན་དགོས་ཆེད་བསྟན་པ་ནི། ཛཾ་བྷ་ལའི་རྒྱུད་གནོད་གནས་དབང་པོའི་རྟོགས་བརྗོད་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བའི་རྩ་བ་མ་བསགས་པའི་རྣ་བའི་ཁུང་བུར་ཡང་ཐོས་ཤིང་གྲག་པར་མི་འགྱུར་རོ། །གཞན་ཡང་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་


CMR045_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཉན་པ་དང་བྲི་བ་དང་ཀློག་པ་ཙམ་ཡང་ནུས་པར་མི་འགྱུར་རོ། །སེམས་ཅན་གང་གིས་ཀྱང་སྙིང་པོ་འདི་འཛིན་པ་ངའི་རྗེས་སུ་བཟུང་བར་འགྱུར་ཞིང་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ངན་འགྲོར་སྐྱེ་བར་མི་འགྱུར་རོ། །མཐོང་བ་ཙམ་གྱིས་ནད་འབྱུང་བར་མི་འགྱུར་རོ། །དབུལ་པོ་དང་ཡིད་མི་བདེ་བ་དང་ལུས་ཀྱི་ཟུག་ངུར་འབྱུང་བར་མི་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །མཁས་པ་རྣམས་ཀྱིས་མཆོད་པའི་གནས་སུ་འགྱུར་རོ། །ལྷ་ཐམས་ཅད་དང་ཀླུ་ཐམས་ཅད་དང་གནོད་སྦྱིན་རྣམས་འདུས་པ་ལས་ཀྱང་། སྔགས་འདི་འཛིན་པའི་ཡོན་ཏན་དང་ཕན་ཡོན་རྫོགས་པར་མི་ནུས་སོ། །ཞེས་དང། གནོད་གནས་རྟོགས་བརྗོད་རྒྱས་པར་བརྗོད་པའོ་བར་གསུངས། མདོར་ན་འདི་ལས་གཞན་པའི་དེ་བཞིན་གཤེགས་པ་ཐ་དད་པའི་དེ་བཞིན་གཤེགས་པ་གཞན་མེད་དོ། །འདི་འཛིན་པས་དེ་བཞིན་གཤེགས་པ་ལ་མཆོད་པའི་གནས་ཡོངས་སུ་བྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྟག་ཏུ་


CMR045_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རླབས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ས་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །འཕགས་པ་ཛཾ་བྷ་ལ་གསེར་གྱི་མདོག་ཅན་གནོད་སྦྱིན་ནོར་སྤེལ་བ་ཞེས་བྱ་བའི་གཟུངས་དང་། ནོར་ལྷ་གསེར་འོད་གཉིས་ཀ་ཚིག་མཐུན་པར་བྱ་དང་རི་དྭགས་ཀྱི་རྣ་ལམ་དུ་སྒྲ་གྲག་པར་གྱུར་ནའང་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱོལ་སོང་དང་གཤིན་རྗེའི་འཇིག་རྟེན་དུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །གལ་ཏེ་མིར་སྐྱེས་ནའང་རྒྱལ་རིགས་སུ་སྐྱེ་བར་འགྱུར་རོ། །གཟུགས་བཟང་བར་འགྱུར་རོ། དབྱངས་སྙན་པར་འགྱུར་རོ། །ཤེས་རབ་ཆེ་བར་འགྱུར་རོ། །ཆོས་སྤྱོད་པའི་སྐལ་པ་དང་ལྡན་པར་འགྱུར་རོ། །ཟད་པ་མེད་པའི་ལོངས་སྤྱོད་ནི་ཚེ་རབས་རྟག་ཏུ་གཏེར་དང་ལྡན་པར་འགྱུར་རོ། །ཞེས་གསུངས་སོ། །འདིའི་གཞུང་ལས། ནོར་ལྷ་ཀུན་གྱི་ནང་ནས་ཛ་བྷ་ལ་དམར་པོ། ཞེས་གསུངས་པའི་དོན་བཤད་ན་འཇིག་རྟེན་པའི་ནོར་ལྷའི་རིགས་དཔག་ཏུ་མེད་པ་ཡོད་དེ། དེ་དག་བསྒྲུབས་ན་ཐུན་མོང་གི་དངོས་གྲུབ་འབྱུང་སྟེ། མཆོག་གི་དངོས་གྲུབ་མི་འབྱུང་། ཚེ་


CMR045_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ལོངས་སྤྱོད་ལ་གཡེང་། དེ་དག་འཚོ་སྐྱོང་དགོས་པས་ཉམས་ལེན་སྒྲུབ་པ་ཚུལ་བཞིན་མི་འོང་། ཚེ་གཅིག་སངས་རྒྱས་མི་འགྲུབ་པའི་གེགས་བྱེད་པས། ལྷའི་བུའི་བདུད་ཡིན་པར་རྫོགས་ཆེན་གྱི་རྒྱུད་ནས་གསུངས་ཀྱང་། བེ་གར་ནོར་ལྷར་བརྟེན་ན་ཐ་མ་སྲོག་གཅོད་བྱེད་པ་དང་འདྲ། ཀླུ་དང་གཟའ་རྣམས་ནོར་ལྷར་བརྟེན་ན་ཁ་རླངས་ཀྱི་ནད་བྱུང་སྐྱོན་མང་། ཛཾ་བྷ་ལ་ཡེ་ཤེས་པ་དང་འཇིག་རྟེན་གྱི་རིགས་མང་སྟེ། བདུད་ཛཾ་བྷ་ལ། བཙན་ཛཾ་བྷ་ལ་ལ་སོགས་སྡེ་བརྒྱད་ཀྱི་ཛཾ་བྷ་ལ་རྣམས་ཡོད་པ་གསེར་གཟུངས་དང་མ་ནིང་གི་སྒྲུབ་སྐོར་ལས་གསལ། དེ་ལྟར་ཛཾ་བྷ་ལ་ལ་མཆོག་དམན་གྱི་ཁྱད་པར་མང་དུ་ཡོད་པར་མ་ཕྱེད་ནས། འབྲུག་ལུགས་འགའ་ཞིག་གིས་ཛཾ་བྷ་ལ་འདི་ལྷའི་བུའི་བདུད་ཡིན་པས་ཆུ་སྦྱིན་ཡང་གཏོང་མི་རུང་ཟེར་བ་ནི་དོན་མ་གོ་བའི་གཤེ་སྐུར་ཆེན་པོའི་རྗེས་ཟློས་མི་རུང་བ་ཡིན། ལྷའི་བུའི་བདུད་ཡིན་རྒྱུ་དེ་འཇིག་རྟེན་གྱི་ནོར་ལྷ་རྣམས་ཡིན། ཇི་སེར་ནག་གཉིས་སོགས་ནི་དོན་ལ་རྫོགས་པའི་སངས་རྒྱས་ད་ལྟ་ས་བཅུའི་སེམས་དཔའི་ཚུལ་བཟུང་འཕགས་པ་ནམ་མཁའ་མཛོད་ཅེས་བྱ་བ་ཡིན་ཏེ། སྤྱོད་པ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ལས། ཐུབ་པའི་ཞལ་ནས། ང་ལ་སྟོན་


CMR045_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཁས་ཆེ་ན། །ཛཾ་བྷ་ལ་ལ་ཆུ་སྦྱིན་ཐོངས། །ཞེས་གསུངས་པས་དེ་མ་བཏང་ན་ཐུབ་པའི་ཉན་ཐོས་ལ་མི་ཐེ་བ་ཡིན་པས་མཁས་གྲུབ་ཀུན་གྱིས་ཐུགས་དམ་མཛད་དོ། །ཁྱད་པར་ཇོ་དམར་འདི་ནི་སངས་རྒྱས་འོད་དཔག་མེད་པ་ཉིད་ནོར་ལྷའི་སྐུར་བཞེངས་པ་ཡིན་པས། ཚེ་འདིའི་ཆོས་དང་མཐུན་པའི་ལོངས་སྤྱོད་འབྱུང་ཞིང་ཕྱི་མ་བདེ་བ་ཅན་དུ་སྐྱེ་ནས་སངས་རྒྱས་པར་འགྱུར་བས་འདི་ཕྱི་གཉིས་ཀ་ལ་ལྷ་འདིས་ཆོག །རྣམ་སྲས་དང་མི་འདྲ་སྟེ། སྒྲུབ་རྫས་སླ་བ་དང་། སྒབ་འདྲེ་ཡང་འཇམ་པས་མི་ནོན་པའི་དོགས་པ་མེད། ཇོ་སེར་ནག་གཉིས་ཀྱི་རྗེས་གནང་ནི་སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩ་སོགས་ལ་ཡོད་པ་ཀུན་གྱིས་ཐོབ། ཆུ་སྦྱིན་ཡང་ཀུན་ལ་དར་བས་བཟང་སྤྱོད་ལྟར་སྤྱི་ཆོས་སུ་སོང་ནས་མན་ངག་ཟབ་མོ་ལ་བརྩི་སྲོལ་མི་འདུག །ཇོ་བོ་རྗེའི་ལུགས་ཛ་དཀར་ཡང་ཆོ་ལེ་བ་དར་ཏེ་དེ་དང་འདྲ། འཕན་ཡུལ་དུ་གྲ་པ་ཎ་ཆེན་ཞེས་བྱ་བའི་ས་ལུགས་ཀྱི་དགེ་བཤེས་མཁས་པ་ཆེན་པོ་མངའ་ཐང་ཅན་ཞིག་བྱུང་ཟེར། དེའི་ཕྱག་དཔེ་ཐུགས་དམ་རྟེན་གསར་མའི་ཆག་ལོ་ཙཱ་བ་དང་། ཁ་ཆེ་པཎ་ཆེན་སོགས་ཀྱི་ལུགས་ཛཾ་བྷ་ལའི་སྒྲུབ་ཐབས་རྒྱ་གཞུང་ཐམས་ཅད་ཕྱོགས་གཅིག་ཏུ་བྲིས་པ་ཞིག་


CMR045_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །དེའི་ནང་ན་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛཾ་དམར་འདི་མ་གཏོགས་ཛཾ་དམར་གཞན་མི་འདུག་པས། གསར་མ་ལ་ཛཾ་དམར་འདི་མེད་འདྲ་སྙམ། རྙིང་མའི་གཏེར་ཁ་སོ་སོར་ནས་ཛཾ་དམར་མང་དུ་བྱུང་ཡང་། ཆ་ཚང་བ་ཞིག་མེད་ཅིང་གྲགས་ཆུང་ཞིང་ཆེར་མ་ཁྱབ་པ་དང་། འདི་ནི་གྲགས་པ་ཆེ་ཞིང་མན་ངག་ཟབ་མོ་དཔེ་མེད་དུ་བརྩི་བས་དབང་ལུང་གི་བརྒྱུད་པ་ཤིན་ཏུ་དཀོན། སྨན་གྱི་རྒྱུད་བཞི་ནི་གྲུབ་མཐའ་ཀུན་གྱི་སྤྱི་བོར་ཁུར། འདིའང་རྒྱུད་བཞི་དང་མཉམ་དུ་བཏོན་པས་ཡིད་ཆེས། རྗེ་བློ་བཟང་གྲགས་པས་མཛད་པའི་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་འདིའི་དབང་ཆོག་དང་། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་དེའི་ཆུ་གཏོར་གཏོང་ཐབས་ཀྱང་འདུག་པས། མཁས་པ་ཆེན་པོ་རྣམས་ཀྱིས་ཚད་མར་འཛིན་པར་འདུག །འབྲི་གུང་ཞབས་དྲུང་གོང་མ་རྣམས་དང་མགར་དམ་པ་གོང་མ་སོགས་ཀྱིས་གྲྭ་པ་དང་སློབ་མ་ཕལ་ཆེར་ལ་གནང་བས་གསང་ནས་ཐུགས་དམ་མཛད་པར་སྣང་། དེང་སང་འདི་ལ་ཐུགས་དམ་གཙོ་བོར་མཛད་པ་རྣམས་ལོངས་སྤྱོད་ཆེ་བའི་འཕྲག་ལམ་ཡང་སྣང་ངོ་། མཇུག་བཀའ་རྒྱས་གདམས་པ་ནི། ཆོས་ཚུལ་བཞིན་བྱེད་པ་ལ་ཆོས་སྒྲུབ་པའི་མཐུན་


CMR045_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་དུ་འབྱུང་བ་ཡིན་གྱི། དེ་མིན་གཞན་ལ་སྤེལ་ན་ལོག་འཚོ་སྒྲུབ་པའི་རྒྱུར་འགྱུར་བས་ཉེས་སྒྲིབ་ཀྱང་ཆེ། རང་གི་བསོད་ནམས་ཀྱང་ཉམས་པར་འགྱུར་བས་མི་སྤེལ་ལོ། །ཞེས་དགེ་སློང་སྦྱིན་པས་སྦྱིན་པ་གཏོང་བའི་ལྷ་འདི་ཡི་ཟིན་བྲིས་དགོས་ཞེས་བསྐུལ་བ་ལ་བརྟེན་ནས། རཱ་ག་ཨ་སྱས་སྨྲས་པ་ལྟར་བསྐུལ་པ་པོ་ཉིད་ཀྱིས་བྲིས་ཏེ་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མའི་ཟིན་བྲིས་སུ་ཡོངས་སུ་རྫོགས་སོ། །སྦ་འོས་གསལ་བཀོད་ཉེས་པ་ལྷ་ལ་བཤགས་ཤིང་། འབྲེལ་པ་ཐོག་ཚད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་རྫོགས་པར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛ་བྷ་ལ་དམར་པོའི་སྒྲུབ་ཐབས་ཀྱི་ལོ་རྒྱུས་དང་བཅས་པ།next