Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
འཕགས་པ་སྨུག་འཛིན་དམར་པོའི་ཆུ་སྦྱིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་སྨུག་འཛིན་དམར་པོའི་ཆུ་སྦྱིན།next

འཕགས་པ་སྨུག་འཛིན་དམར་པོའི་ཆུ་སྦྱིན།


CMR045_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

༼ག༽ འཕགས་པ་སྨུག་འཛིན་དམར་པོའི་ཆུ་སྦྱིན་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མའོ༔ དཀོན་མཆོག་གསུམ་དང་ཨརྱ་ཛཾ་བྷ་ལ་ལ་སྐྱབས་སུ་མཆིའོ༔ དེ་ལས་དབུལ་ཕོངས་བསལ་བར་བྱ་བའི་ཕྱིར༔ བདག་གི་མགོན་པོ་ཛཾ་བྷ་ལ་བསྒྲུབ་པར་བྱའོ༔ ཨོཾ་སྭ་བྷ་ཝ་སོགས། བརྟན་གཡོ་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས་ཨ་ལས་ཟླ་བ་དང་༔ མ་ལས་ཉི་མ༔ ཡི་གེ་ཧཱུྃ་དམར་པོ་ལས་འོད་འཕྲོས༔ སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་བསལ༔ ཚུར་འདུས་ཧཱུྃ་ལ་ཕོག༔ དེ་ཡོངས་སུ་གྱུར་པ་ལས་ཛཾ་བྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ༔ སྐུ་ཤིན་ཏུ་དམར་ཞིང་ཆགས་པ་སྒེག་པའི་ཉམས་དང་ལྡན་པ༔ ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེ་དུ་མས་སྤྲས་པ༔ གཡས་ཞལ་དཀར་གཡོན་སྔོ་རྩ་ཞལ་དམར་བ༔ ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ༔ གཡས་དང་པོས་རིན་པོ་ཆེ༔ བར་པས་ལྕགས་ཀྱུ༔ གཡོན་དང་པོས་ཐོད་པ་རིན་པོ་ཆེས་བཀང་བ༔ བར་པས་ཞགས་པ༔ ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་བསྣམས་པ་བཙིར་བས་ནོར་སྐྱུགས་པ༔ ཞབས་བཞིས་གནོད་སྦྱིན་ནོར་སྐྱུགས་གཉིས་མནན་པ༔ དེ་ལྟ་བུའི་


CMR045_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་ཨོཾ་ཨཱཿཧཱུྃ་དང་ཐུགས་ཀའི་ཛཾ་ལས་འོད་འཕྲོས་པས་ཛཾ་ལྷ་རིགས་ལྔ་སོགས་ནོར་ལྷ་ཐམས་ཅད་སྤྱན་དྲངས༔ གཉིས་སུ་མེད་པར་ཐིམ༔ དབང་ལྷ་རིགས་ལྔ་བྱོན་ནས་དབང་བསྐུར༔ འོད་དཔག་མེད་ཀྱི་བླ་མས་དབུ་བརྒྱན་པར་གྱུར༔ ཨཅུ་ཛཾ་བྷ་ལ་ཨགྷཾ་སོགས། ཛཾ་ལྷའི་ཐུགས་ཀར་རི་དམར་པོ་བསྒོམ༔ དེ་ལ་རཾ་ཞེས་བརྗོད་པས་མེ་འབར་ཏེ་ཞལ་གྱི་ནང་ནས་ཡར་མེ་ལྕེ་བྱུང་བས་ཤིན་ཏུ་སྐོམ་པས་གདུང་བར་གྱུར༔ ཞལ་དུ་ཆུ་གཙང་ཕུལ་བས་སྐོམ་པའི་སྡུག་བསྔལ་ཞི་སྟེ་མཉེས་ནས་ཛ་བྷ་ལའི་ཞལ་དང་ནེའུ་ལེ་དང་ནོར་སྐྱུགས་རྣམས་ཀྱི་ཁ་ནས་ནོར་བུ་རིན་པོ་ཆེ་སྐྱུགས་པར་བསམ༔ དེ་ནས་ཛཾ་བྷ་ལ་སྐོམ་པ་ལ་ཆུ་ཕུལ་བས་སྐོམ་པ་སངས་ནས་དེས་མཉེས་ཏེ་ནོར་བུ་སྐྱུགས༔ ཛཾ་ལ་དགྱེས་ནས་ནེའུ་ལེ་བཙིར་བས་ནོར་བུ་སྐྱུགས༔ ཛཾ་བྷ་ལ་ནོར་སྐྱུགས་གཉིས་ཀྱི་སྙིང་ཁར་རྟོགས་པས་ཚད་མནན་པས་ནོར་བུ་སྐྱུགས༔ ཞེས་ཆུ་སྦྱིན་ནི༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་བྷིསྭཱ་ཧཱ༔ ཞེས་བརྒྱ་རྩ་བཟླས༔ གཏོར་མ་རིལ་བུ་སྔགས་ལ༔ ཨི་དཾ་བཏགས། ཨརྱ་ཛཾ་བྷ་ལ་ཨརྒྷཾ་སོགས། ཡིད་བཞིན་རིན་ཆེན་གཏེར་འདི་སྒྲུབ་པ་ལ༔ མ་ལུས་འགྲོ་བའི་དབུལ་ཕོངས་བསལ་བའི་ཕྱིར༔ ནོར་ལྷ་ཀུན་གྱི་ནང་ནས་ཛ་བྷ་ལ༔ དམར་པོ་གསུང་གི་ལྷ་ལ་ཕྱག་འཚལ་བསྟོད༔ བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ༔


CMR045_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཛ་བྷ་ལ་དང་ནེའུ་ལེ་དང་ནོར་སྐྱུགས་གསུམ་ལ་ལག་པས་རེག་པར་བསམ༔ ཞེས་བྱང་ཆུབ་སེམས་ཀྱི་ཆུ་དམར་པོ་ལྕེ་ལ་བཞག་སྟེ་དངོས་གྲུབ་བླངས་བས་བརྒྱན་གྱུར་གྱི་ཟབ་ཅིང་མྱུར༔ ཨོཾ་ཨཱ༔ཧཱུྃ་བརྗོད་པ་ཅུང་ཟད་རང་གིས་ལོངས་སྤྱོད༔ ཡང་ན་ཆུ་ཆེན་པོར་དོར་རོ༔ ཆུ་སྦྱིན་དུས་ཡང་ནམ་ལངས་ནས་ཉི་མ་ཤར་ཚུན་ཆད་རེ་མ་ཆག་པར་གལ་ཆེ༔ གྲྭ་པ་མངོན་ཤེས་ཅན་གྱི་གཏེར་གཞུང་ཇི་ལྟ་བ་བཞིན། རཱག་ཨ་སྱས་བསྒྲིགས་པ་སྟེ་འདི་མང་དུ་སྤེལ་བྷན་རང་གི་གཡང་ཉམས་པ་དང་མི་ཁས་སྡང་པ་ནོར་དང་ལོངས་སྤྱོད་ཇེ་ཆུང་དུ་འགྲོ་བས་བཀའ་རྒྱ་དམ་པར་བྱ༔ ཆུ་སྦྱིན་མཇུག་ཏུ་བཛྲ་མུ༔ ཛཾ་ལྷ་རང་ངམ་རྒྱབ་ཡོལ་ལ་ཐིམ་པར་བསམ་མོ། །སརྦ་མངྒ་ལཾ།། །།


previousའཕགས་པ་སྨུག་འཛིན་དམར་པོའི་ཆུ་སྦྱིན།next