Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
སྨུག་འཛིན་དམར་པོ་ཡམ་ཡུབ་ལས་བྱང་གཏོར་མ་ལ་བརྟེན་ནས་སྒྲུབ་པའི་འདོན་བསྒྲིགས་ཡིད་བཞིན་ནོར་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨུག་འཛིན་དམར་པོ་ཡམ་ཡུབ་ལས་བྱང་གཏོར་མ་ལ་བརྟེན་ནས་སྒྲུབ་པའི་འདོན་བསྒྲིགས་ཡིད་བཞིན་ནོར་བུ།next

སྨུག་འཛིན་དམར་པོ་ཡམ་ཡུབ་ལས་བྱང་གཏོར་མ་ལ་བརྟེན་ནས་སྒྲུབ་པའི་འདོན་བསྒྲིགས་ཡིད་བཞིན་ནོར་བུ།


CMR045_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

༼ཆ༽ གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་སྨུག་འཛིན་དམར་པོ་ཡམ་ཡུབ་ལས་བྱང་གཏོར་མ་ལ་བརྟེན་ནས་སྒྲུབ་པའི་འདོན་བསྒྲིགས་ཡིད་བཞིན་ནོར་བུ་བཞུགས་སོ།།


CMR045_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་དང་ཨརྱ་ཛཾ་བྷ་ལ་ལ་སྐྱབས་སུ་མཆིའོ། །དེང་ནས་སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་མགོན་པོ་ཛཾ་བྷ་ལ་བསྒྲུབ་པར་བྱའོ། །ཨོཾ་སྭ་བྷཱ་ཝ་སོགས། བརྟན་གཡོ་ཐམས་ཅད་སྟོང་པར་གྱུར། དེའི་ངང་ལས་ཨ་ལས་ཟླ་བ་མ་ལས་ཉི་མ་པཾ་ལས་པདྨའི་གདན་གྱི་སྟེང་དུ་ཡི་གེ་ཛཾ་དམར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་དབུལ་བའི་སྡུག་བསྔལ་བསལ། ཚུར་འདུས་ཛ་ལ་ཕོག །དེ་ཡོངས་སུ་གྱུར་པ་ལས་ཛཾ་བྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། སྐུ་


CMR045_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དམར་ཞིང་ཆགས་པ་སྒེག་པའི་ཉམས་དང་ལྡན་པ། ཀླུ་ཆེན་པོ་བརྒྱད་རིན་པོ་ཆེ་དུ་མས་སྤྲས་པ། ཞལ་གཡས་དཀར་བ། གཡོན་སྔོ་བ། རྩ་ཞལ་དམར་བ། ཕྱག་གཡས་དང་པོ་ན་རིན་པོ་ཆེ། བར་པ་ན་ལྕགས་ཀྱུ། གཡོན་དང་པོས་ཐོད་པ་རིན་པོ་ཆེས་བཀང་བ། བར་པ་ན་ཞགས་པ། ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་བསྣམས་པ་བཙིར་བས་ནོར་བུ་སྐྱུགས་པ། ཞབས་བཞིའི་གནོད་སྦྱིན་ནོར་སྐྱུགས་གཉིས་མནན་པ་དེ་ལྟ་བུ་གསལ་བར་གྱུར། དེའི་ཐུགས་ཀར་ཧཱི༔དམར་པདྨ་དམར་པོ་ལས་ལྷ་མོ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་


CMR045_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཞི་མ། དང་པོ་གཉིས་མདའ་གཞུ། འོག་མ་གཉིས་ལྕགས་ཀྱུ་ཞགས་པ་བསྣམས་པ། ཡབ་ཡུམ་གཉིས་ཀྱི་གནས་གསུམ་འབྲུ་གསུམ་དང་། ཐུགས་ཀའི་ཛཾ་དང་ཧྲིལས་འོད་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། ཧཱུྃ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྦྱིན་པའི་ཕ་རོལ་ཕྱིན་པའི་རང་གཟུགས་ནི། །རྒྱལ་བ་ཀུན་གྱི་ཡབ་གྱུར་ཛཾ་བྷ་ལ། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཡབ་ནི་ས་བརྒྱད་སེམས་དཔའ་རིན་ཆེན་མང་། །ཡུམ་ནི་ཀླུ་མོ་པདྨའི་གཙུག་ཕུད་ཅན། །སྲས་ཀྱི་ཚུལ་བཟུང་ཨཅུ་ཛཾ་བྷ་ལ། །འགྲོ་བའི་དབུལ་ཕོངས་བསལ་ཕྱིར་གཤེགས་སུ་གསོལ། །གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །ཚེ་དང་བསོད་ནམས་འབྱོར་པ་རྒྱས་མཛད་པ། །དངོས་གྲུབ་གཏེར་ཆེན་མགོན་པོ་ཛཾ་བྷ་ལ། །སྨུག་འཛིན་དམར་པོ་མྱུར་དུ་འདིར་བྱོན་ཅིག །སྦས་པའི་ཡུམ་མཆོག་ལྷ་མོ་རིག་བྱེད་མ། །ཁམས་གསུམ་སྲིད་གསུམ་དབང་དུ་བྱེད་པའི་ལྷ། །ཁྱོད་ཀྱི་ཐུགས་དམ་ཕྲིན་ལས་དུས་བབ་ཕྱིར། །ཀུ་རུ་ཀུལླེའི་ཕུག་ནས་གཤེགས་སུ་གསོལ། །རྣམ་ཐོས་སྲས་ཀྱི་དཀོར་བདག་ནོར་འཆང་བ། །གཏེར་


CMR045_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བདག་པོ་ནོར་སྐྱུགས་ཕོ་དང་མོ། །རིན་ཆེན་ཆར་ཆེན་མྱུར་དུ་འབེབས་པའི་ཕྱིར། །སྐད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ། །བདག་གི་གནས་ཁང་རིན་ཆེན་གཞལ་ཡས་སུ། །བྱིན་གྱིས་རློབས་ལ་བརྟན་པར་བཞུགས་ནས་ཀྱང་། །སྔོན་གྱི་ཐུགས་དམ་དམ་བཅའ་ཇི་བཞིན་དུ། །འཛད་མེད་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨརྱཱ་ཛཾ་བྷ་ལ་ཀུ་རུ་ཀུལླེ་ཡཀྵེ་ཡཀྱི་བཛྲ་ས་མཱ་ཛ༔ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ས་མ་ཡ་ཧོ༔ ས་མ་ཡ་ཧཱུྃ། དེ་ནས་མཆོད་པ་ནི། ཧཱུྃ། མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་། །བཤོས་གཙང་སྒྲ་དབྱངས་གཟུགས་སྒྲ་དྲི་རོ་རེག །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པའི་ཚོགས། །སྨུག་འཛིན་ཡབ་ཡུམ་འཁོར་དང་བཅས་ལ་འབུལ། །དབང་པོ་ལྔ་ཡི་མེ་ཏོག་གསུར་ཆེར་སྤོས། །ཞུན་ཆེན་མར་མེ་མཁྲིས་པའི་གནེ་དང་། །བདུད་རྩི་ཞལ་ཟས་རྐང་གླིང་ཐོད་རྔ་རྣམས། །སྨུག་འཛིན་ཡབ་ཡུམ་འཁོར་དང་བཅས་ལ་འབུལ། །ཡབ་ཡུམ་གཉིས་སུ་མེད་པའི་མཁའ་གསང་ནས། །བྱང་ཆུབ་སེམས་ལྡན་ཐབས་དང་ཤེས་རབ་བཅུད། །དངོས་གྲུབ་དགའ་བཞི་ཡེ་ཤེས་བདེ་ཆེན་མཆོག །རྣམ་


CMR045_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་སྨུག་འཛིན་ཡབ་ཡུམ་དགྱེས་པར་རོལ། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །དྲི་མེད་གསེར་ཉ་གཡུ་ཡི་གཤོག་པ་མཛེས། །འདབ་བཟང་ངད་ལྡན་སྣ་ཚོགས་པདྨའི་ཚལ། །རིན་ཆེན་གཡས་འཁྱིལ་དཀར་ཟླུམ་སྒྲ་དབྱངས་ཅན། །བདུད་རྩིའི་བུམ་པ་དཔག་བསམ་ཁ་རྒྱན་སྤྲས། །ཡིད་བཞིན་གཏེར་འབྱུང་ཁོང་སེང་དཔལ་བེའུ། །མི་ནུབ་ཆོས་ཀྱི་རྒྱལ་མཚན་རབ་ཏུ་བརྟན། །སྲིད་པའི་དྲྭ་བ་འཇོམས་བྱེད་འཁོར་ལོ་སྟེ། །རྟེན་འབྲེལ་རྟགས་ཀྱི་བཀྲ་ཤིས་རྣམ་བརྒྱད་འདི། །སྨུག་འཛིན་ཡབ་ཡུམ་འཁོར་དང་། བཅས་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་དགོངས་ནས་ཀྱང་། །འགྲོ་རྣམས་བཀྲ་ཤིས་དཔལ་ལ་སྤྱོད་པར་ཤོག །མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སྨུག་འཛིན་དམར་པོ་ཡབ་ཡུམ་འཁོར་བཅས་ལ། །དངོས་དང་ཡིད་ཀྱིས་བཤམས་ཤིང་འབུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨརྱ་ཛཾ་བྷ་ལ་ཀུ་རུ་ཀུལླེ་ཡཀྱི་ཡཀྱི་པུཉྫ་དྷཱ་པེ་སོགས། ཤརྡ་སརྦ་པཱུ་ཛ་ཨཊྚ་མངྒ་ལ་ཧེ་ཏུ་སབྟ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། གཏོར་མ་འབུལ་བ་ནི། ཟངས་གཞོང་ནང་དུ་ཟན་དང་། ཆང་དང་། ཤ་དང་། མར་ཁུ་དང་། བུ་


CMR045_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རམ་དང་། ཟས་རྣམ་པ་སྣ་ཚོགས་དང་། ནས་ལ་སོགས་པའི་འབྲུ་སྣ་ཚོགས་པ་མང་ཞིང་རྒྱ་ཆེ་བ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས་མཉེས་ནས་ནོར་གྱི་དངོས་གྲུབ་སྩོལ་བར་གྱུར། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། བསྟོད་པ་ནི། ཧཱུྃ། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །གཡས་ཞལ་དཀར་བས་ལྷ་རྣམས་དབང་དུ་སྡུད། །གཡོན་ཞལ་སྔོ་བས་ཀླུ་རྣམས་དབང་དུ་སྡུད། །རྩ་ཞལ་དམར་བས་མི་རྣམས་དབང་དུ་སྡུད། །སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ཞལ་གསུམ་ཕྱག་དྲུག་ཞབས་བཞིས་ནོར་སྐྱུགས་མནན། །འགྲོ་བའི་རེ་སྐོང་ཡིད་བཞིན་རིན་ཆེན་བསྣམས། །ཁམས་གསུམ་འགུགས་པར་བྱེད་པའི་ལྕགས་ཀྱུ་གཉིས། །གཡས་གཉིས་དང་པོ་བར་པས་བསྣམས་པར་མཛད། །རིན་ཆེན་ཐོད་པ་


CMR045_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་གཡོན་ན་བསྣམས། །ཐ་གཉིས་ནེའུ་ལེ་བཙིར་ཞིང་རིན་ཆེན་འབེབས། །རྣམ་མང་རིན་ཆེན་ནོར་གྱི་ཆར་འབེབས་པ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །སྐུ་ལ་རིན་ཆེན་དུ་མས་རྣམ་པར་བརྒྱན། །ཀླུ་ཆེན་བརྒྱད་དང་ལྷ་ཡི་ན་བཟའ་བཀླུབས། །སྒེག་པའི་ཉམས་ལྡན་འགྲོ་བ་ཀུན་ཡིད་སྡུད། །མགོན་པོ་ཛཾ་བྷ་ལ་ལ་ཕྱག་འཚལ་བསྟོད། །བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ། །ཅེས་བསྟོད། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་གྷིསྭཱ་ཧཱ། ཞེས་བསྙེན་པ་བྱས་པས་མཉེས་ནས་ནོར་གྱི་དངོས་གྲུབ་སྩོལ་ནས་ཕྱིན་པར་བསམ་མོ། །བསྙེན་པ་ཅི་རིགས་བྱའོ། །རབ་སྟོང་ཚོ། འབྲིང་སུམ་བརྒྱ། ཐ་མ་ཡང་བརྒྱ་ཆག་མི་རུང་ངོ་། །ཐོ་རངས་ཀྱི་ཆའམ་མཚན་མོའི་ཆ་ལ་བཟླ་ཞིང་མན་ངག་ལྟར་དམིགས་པ་ཡང་ཡང་བསྒོམ་ཞིང་རང་གི་སྙིང་ཁར་བསྡུ། བཛྲ་མུ༔ གཏོར་མ་རང་གིས་ལོངས་སྤྱོད། གཏོར་མ་ལ་བརྟེན་ནས་སྒྲུབ་པའོ། །རྒྱུན་དུ་བཟླས་པས་འགྲུབ་སྟེ་སྔོན་ལ་བསྙེན་པ་ཞག་བདུན་དུ་བྱས་ནས་དེ་ནས་རྒྱུན་དུ་བསྒྲུབས་ན་ཤིན་ཏུ་ལེགས། ཞེས་རང་གི་སློབ་བུ་འགའ་ཞིག་ལ་ཕན་པའི་ཕྱིར། རཱ་ག་ཨ་སྱས་བསྒྲིགས་པ་སྟེ་འདི་མང་དུ་སྤེལ་ན་གཡང་ཤོར་ནས་རང་གི་འཚོ་བ་བྲལ་བས་བཀའ་རྒྱ་དམ་པར་གྱིས། དགེ་ལེགས་ཡོན་ཏན་གྱི་དཔལ་ལ་ལོངས་སྤྱོད་པར་ཤོག། །།


previousསྨུག་འཛིན་དམར་པོ་ཡམ་ཡུབ་ལས་བྱང་གཏོར་མ་ལ་བརྟེན་ནས་སྒྲུབ་པའི་འདོན་བསྒྲིགས་ཡིད་བཞིན་ནོར་བུ།next