Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
གཏོར་སྒྲུབ་ཀྱི་གཞུང་དང་དེའི་ཞལ་གདམས་ཛཾ་དམར་གྱི་ནང་སྒྲུབ་གཏོར་མ་ལ་བརྟེན་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏོར་སྒྲུབ་ཀྱི་གཞུང་དང་དེའི་ཞལ་གདམས་ཛཾ་དམར་གྱི་ནང་སྒྲུབ་གཏོར་མ་ལ་བརྟེན་པའི་ཟིན་བྲིས།next

གཏོར་སྒྲུབ་ཀྱི་གཞུང་དང་དེའི་ཞལ་གདམས་ཛཾ་དམར་གྱི་ནང་སྒྲུབ་གཏོར་མ་ལ་བརྟེན་པའི་ཟིན་བྲིས།


CMR045_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

༼ཇ༽ གཏོར་སྒྲུབ་ཀྱི་གཞུང་དང་དེའི་ཞལ་གདམས་ཛཾ་དམར་གྱི་ནང་སྒྲུབ་གཏོར་མ་ལ་བརྟེན་པའི་ཟིན་བྲིས་བཞུགས་སོ།།


CMR045_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨརྱཱ་ཛཾ་བྷ་ལ་སཱ་དྷ་ནི་ནཱ་མ། བོད་སྐད་དུ། འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །དེ་ནས་ཟངས་གཞོང་དུ་ཟན་དང་། ཆང་དང་། ཤ་དང་། མར་དང་། བུ་རཾ་དང་ཟས་ཀྱི་རྣམ་པ་འཛོམ་ཚད་དང་། ནས་ལ་སོགས་པའི་འབྲུ་དང་། མ་འབྱོར་ན་རང་གི་གང་ཟ་བའི་ཁ་ཟས་ཨོཾ་ཧཱུྃ་གིས་བྱིན་གྱིས་བརླབས་ལ་མང་ཞིང་རྒྱ་ཆེ་བ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་བསམས་ལ། རྩ་སྔགས་མཐར་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། བཏགས་པ་བདུན་ལྔ་འབུལ། ཕུལ་བས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་


CMR045_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བས་མཉེས། ནོར་གྱི་དངོས་གྲུབ་འབྱུང་བར་བསམ་མོ། །ལན་གསུམ་དུས་མཆོད་པ་ཕུལ་ལ་བསྟོད་པས་བསྟོད། བཛྲ་མུས་རང་གི་སྙིང་གར་བསྡུའོ། །གཏོར་མ་རང་གིས་ལོངས་སྤྱོད། གཏོར་མ་ལ་བརྟེན་ནས་སྒྲུབ་པ་རྫོགས་སོ། །འདིའི་མན་ངག་ལ་རྡུལ་ཚོན་ནམ་རས་བྲིས་གང་རུང་པདྨ་འདབ་བརྒྱད་དམ། མ་འཛོམ་ནས་ཀྱི་ཚོམ་བུ་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་ཛཾ་ལྷའི་གཏོར་མ་ཟས་སྣ་ཚོགས་ཀྱིས་བརྒྱན་པ་བཤམས། ཡོད་ན་ཙཀ་ལི་དང་དར་གདུགས་དམར་པོ་བཙུགས། མེད་ཀྱང་རུང་། དེ་ནི་ལྷ་བསྐྱེད་པའི་རྟེན་ཏེ་དང་པོ་བྲན་པ་མ་གཏོགས་ཕྱིས་


CMR045_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་བྲན་མི་དགོས། དེའི་མདུན་དུ་མཆོད་པའི་གཏོར་མ་དེ་དང་འདྲ་བ་རྒྱུན་དུ་གསོ་བྲན་བྱ། དེ་གཉིས་མཐར་མཆོད་པ་སྣ་བདུན་བསྐོར་བཤམས་བྱའོ། །རྒྱུན་དུ་གསོ་བའི་མཐེབ་སྐྱུ་དང་རིལ་བུ། འཛོམས་ན་ཉིན་རེ་ཚོགས་རེ་བྱའོ། །དེའང་ཞོགས་པ་དང་། སྔ་དྲོ་དང་། ཉིན་ཕྱེད་དང་། དགོང་མོ་དང་། མུན་རུབ་དང་། ཉལ་ཁ་སྟེ་ཐུན་དྲུག་གམ། ཉིན་གསུམ་དང་མཚན་བཅས་བཞི་ལ་གཏོར་མ་གསོ་ལས་བྱང་འདོན་ནོ། །དགོང་ཀ་ཚོགས་རེ་བྱའོ། །ཟ་འཐུང་ཐམས་ཅད་ཚོགས་འཁོར་དམིགས་པ་དེ་བྱའོ། །ཐུན་མཚམས་རྣམས་སུ་རང་གི་ཐུགས་དམ་ཆག་མེད་རྣམས་གང་འདོད་དུ་བྱའོ། །དེ་ཚེ་རྒྱུན་གྱི་དམིགས་རིམ་ནི། ལས་བྱང་ཚར་གཅིག་གིས་བདག་ཛཾ་དམར་བསྐྱེད་པ་དང་། མདུན་གྱི་རྟེན་གཏོར་ཛཾ་དམར་དུས་གཅིག་ལ་བསྐྱེད། སྤྱན་འདྲེན་དུས་ཡེ་ཤེས་པ་གྲངས་མེད་སྤྱན་དྲངས་ནས་བདག་མདུན་གཉིས་ལ་བསྟིམ། གཉིས་ཀ་ལ་ཐུགས་ཀར་ཡུམ་ཡང་མཉམ་དུ་བསྐྱེད། མཆོད་པའི་ལྷ་མོ་མང་པོ་རང་གི་ཐུགས་ཀ་ནས་སྤྲུལ་ཏེ་བདག་མདུན་གཉིས་ཀ་ལ་མཆོད་བསྟོད་བྱེད་པར་བསྒོམ། ལས་བྱང་གི་མཆོད་བསྟོད་ཚང་མ་ཚར་གཅིག་བཏོན་པས་འཐུས་སོ། །དེ་ནས་བདག་


CMR045_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གཉིས་ཀའི་ཐུགས་ཀར་ཡུམ། དེའི་ཐུགས་ཀར་པདྨ་ཟླ་བ་ཉི་མའི་སྟེང་དུ། ཛཾ་ཧྲཱིཿཞལ་སྦྱོར་གྱི་མཐར་སྔགས་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པས། ལྕང་ལོ་ཅན་ནས་ཛ་བྷ་ལ་དང་ནོར་སྐྱུགས་ཕོ་མོ། ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ཀུ་རུ་ཀུལླེའི་ཕུག་པ་ནས་ལྷ་མོ་རིག་བྱེད་མ་བཅས་ཡབ་ཡུམ་རྣམས་ཁ་བ་བུ་ཡུག་ལྟར་སྐུ་ཆེ་ཆུང་སྣ་ཚོགས་བྱོན་ནས་བདག་མདུན་གྱི་སྐུ་སོ་སོར་ལ་ཐིམ་པར་བསྒོམ་ཞིང་བཟླ་བ་ནི་བསྙེན་པའོ། །བདག་བསྐྱེད་ཐུགས་ཀ་ནས་སྔགས་ཕྲེང་འཁོར་བཞིན་པ་ལས་སྔགས་ཕྲེང་འཕྲོས། ཡུམ་གྱི་ཞལ་ནས་ཐོན་ཡབ་ཀྱི་ཞལ་དུ་བརྒྱུད་དེ་བྱི་རུའི་ཕྲེང་བ་ལྟར་མདུན་བསྐྱེད་ཡབ་ཀྱི་ཞལ་ནས་ཞུགས། ཡུམ་ཞལ་ནས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་དྲག་ཏུ་འཁོར་བས་ཐུགས་དམ་རྒྱུད་བསྐུལ། །དེ་ལས་སྔགས་ཕྲེང་འཕྲོས་ཡུམ་གྱི་བྷ་ག་ནས་ཐོན་ཡབ་ཀྱི་རྡོ་རྗེའི་བུ་ག་ནས་ཚུར་བྱུང་། རང་གི་རྡོ་རྗེའི་བུ་ག་ནས་ཞུགས། ཐུགས་ཀའི་ཡུམ་གྱི་བྷ་ག་ནས་ཞུགས་པ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། དེ་ལྟར་རྒྱུན་མ་ཆད་པར་དམར་ཀྱི་ལི་ལི་འཁོར་ཏེ། ཕར་སྤྲོས་དུས་མཆོད་པའི་ཚུལ། ཚུར་འོང་དུས་དངོས་གྲུབ་དུ་དམིགས་ཤིང་། བདག་མདུན་བར་དུ་ཕར་འཕྲོས་


CMR045_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། དེ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་ལ་མཆོད་པ་སྣ་ཚོགས་ཀྱི་སྤྲིན་ཆེན་པོར་གྱུར་ཏེ་མཆོད། སེམས་ཅན་ཐམས་ཅད་ལ་སོ་སོའི་ལོངས་སྤྱོད་ཅི་འདོད་པར་གྱུར་ནས་སྦྱིན་པ་རྒྱ་ཆེན་པོར་གྱུར། བདག་མདུན་གྱི་བར་དུ་འོད་ཟེར་སྔགས་ཕྲེང་ཚུར་འོང་དུས། དེ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་དངོས་གྲུབ། ལྷ་འདྲེ་མི་གསུམ་གྱི་ཚེ་བསོད་ནམས་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་ཞིང་སྔགས་ཕྲེང་རང་ལ་ཐིམ་པས་དངོས་གྲུབ་དེ་རྣམས་བདག་གིས་ཐོབ་པས་ཚེ་བསོད་ནམས་རྒྱས་པར་བསྒོམ་ཞིང་བཟླ་བ་ནི་སྒྲུབ་པའོ། །དེ་ནས་བདག་མདུན་བར་གྱི་སྔགས་ཕྲེང་མི་བསྒོམ་པར་རང་ལས་འོད་ཟེར་དམར་པོ་འཕྲོས་པས་མདུན་བསྐྱེད་ལ་ཕོག་ནས་ཐུགས་ཀའི་ཧཱུྃལས་ལྷ་མོ་དམར་མོ་གཡས་ལྕགས་ཀྱུ་གཡོན་ཞགས་པ་ཐོགས་པ་གྲངས་མེད་པ་སྤྲོས་ཏེ་འཇིག་རྟེན་ཁམས་ཀྱི་ཟས་ནོར་རྣམས་རྣམ་པ་རིན་པོ་ཆེ་འབྲུ་ཟས་ནོར་རྣམས་ལྕགས་ཀྱུས་བཟུང་། ཞགས་པས་བཅིངས་ནས་རང་གི་གནས་ཁང་དང་ས་ཕྱོགས་དེར་མི་ཤོང་བ་ཙམ་དུ་གང་བར་བསྒོམ་ཞིང་བཟླ་བ་ལས་སྦྱོར་རོ། །དེ་ནས་ཐུན་མཚམས་སུ་བབ་ལ་


CMR045_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཁད་དུ་མདུན་བསྐྱེད་ཀྱི་ཐུགས་ཀ་ལས་འོད་ཟེར་འཕྲོས་པས་ནམ་མཁས་ཁྱབ་ཚད་ཀྱི་ལྷ་ཡེ་ཤེས་པ་ཕོ་རིགས་ཐམས་ཅད་ཛ་དམར། མོ་རིགས་ཐམས་ཅད་སྒྲོལ་མ་ཀུ་རུ་ཀུལླེར་གྱུར། འཇིག་རྟེན་གྱི་ལྷ་དང་སེམས་ཅན་སྲིད་ཚད་ཕོ་རིགས་ཐམས་ཅད་ནོར་སྐྱུགས་ཕོ་དང་། མོ་རིགས་ཐམས་ཅད་ནོར་སྐྱུགས་མོར་གྱུར་པར་མོས་པ་ཙམ་བྱ། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་གཏོར་མ་གསོ་བྲན་བྱས་པ་དེ་ལ་ཕོག་པས། གཏོར་སྣོད་རིན་པོ་ཆེའི་སྣོད་ནམ་མཁའི་རྒྱ་དང་མཉམ་པ། གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་རོ་བརྒྱ་དང་ལྡན་པས་ལྟེམ་གྱིས་གང་། དེའི་རླངས་པ་ལས་མཆོད་པའི་ལྷ་མོ་གྲངས་མེད་པས་མཆོད་རྫས་དཔག་ཏུ་མེད་པ་ཐོགས་ནས་མགྲོན་དེ་དག་ལ་སོ་སོར་མཆོད། མགྲོན་དེ་དག་ཐམས་ཅད་ཀྱི་ལྗགས་ལས་འོད་ཟེར་གྱི་སྤུ་གུ་རྡོ་རྗེས་མཚན་པ་རེ་རེ་བདུད་རྩི་ལ་ཟུག་ནས་དྲངས་ཏེ་གསོལ་བས་དེ་ཐམས་ཅད་ཤིན་ཏུ་མཉེས་པར་བསྒོམ། ལས་བྱང་གཏོར་ཚོགས་འདོན། །དེ་ནས་མགྲོན་དེ་དག་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟར་ཚུར་འདུས་པའམ། ཉི་མ་ནུབ་དུས་འོད་ཐམས་ཅད་ཉི་མ་ལ་འདུས་འགྲོ་བ་ལྟར། ཐམས་ཅད་ལྷར་གསལ་བ་མདུན་


CMR045_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ལ་ཐིམ་པས། དེ་ལྟར་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་མཆོད་པ་རྒྱ་ཆེན་པོ་བྱས་པས་ཛཾ་བྷ་ལ་མཉེས་ནས། ཛཾ་བྷ་ལའི་ཞལ་གསུམ་དང་། ནེའུ་ལེ་གཉིས། ནོར་སྐྱུགས་གཉིས་ཀྱི་ཞལ་ཏེ་ཞལ་བདུན་ནས་གསེར་དངུལ་གཡུ་དང་མུ་ཏིག་གཟི་བྱི་རུ་ལ་སོགས་ཟད་མི་ཤེས་པ་བྱུང་ནས་རང་གི་ཁྱིམ་དང་ས་ཕྱོགས་ཐམས་ཅད་ཁྲ་ལྡེམས་སེ་གང་བར་བསྒོམས་ལ་སྔགས་བརྒྱ་སྐོར་བཟླའོ། །དེའི་ཐུན་མཚམས་སུ་ཛཾ་བྷ་ལའི་དམ་ཚིག་ཡིན་པས་གཏོར་སྒྲུབ་ཚེ་ཡང་ནངས་སྔ་ནས་ཉི་ཤར་ཚུན་དེ་ལ་ཆུ་སྦྱིན་རེ་མ་ཆག་པ་དགོས་སོ། །དེ་ལྟར་གཏོར་སྒྲུབ་འདི་ནི་ཞག་བདུན་ལས་མི་ཉུང་བར་ཅི་ལྕོགས་བྱའོ། །དེ་ནས་གྲོལ་ཁ་མདུན་གྱི་གཏོར་མ་ཛཾ་ལྷ་དམར་པོ་དངོས་སུ་གསལ་བའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་སེར་ལྗང་ཁུ་ལྔ་འཕྲོས། རང་གི་དཔྲལ་མགྲིན་སྙིང་ཁ་ལྟེ་བ་གསང་གནས་ལྔར་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་དབང་ལྔ་ཐོབ་པར་བསྒོམས་ལ་རྩ་སྔགས་མཇུག་ཏུ་ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་སྭཱ། ཀརྨ་སིདྡྷི་སྭཱ། ཞེས་གཏོར་མ་རང་གི་གནས་ལྔར་བཏུགས་ལ་དབང་བླངས། དེ་ནས་གཏོར་མའི་ལྷ་བར་སྣང་ལ་


CMR045_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་བཏེགས་ནས་བཞུགས་པར་བསྒོམ། གཏོར་མ་དེ་བྲན་ལ་ལས་བྱང་ཚར་གཅིག་འདོན་ལ་གཏོར་མ་དེ་ཡང་བསྔོ། དེ་ནས་རྩ་སྔགས་མཇུག་ཏུ་བཛྲ་མུཿ ཞེས་བཏགས་ལ་ལན་གསུམ་བརྗོད་པས་མདུན་བསྐྱེད་དེ་འོད་དུ་ཞུ་ནས་རང་གི་སྙིང་ཁར་ཐིམ། རང་ཡང་མཐའ་ནས་དབུས་སུ་ཡལ་ཏེ་ཐུགས་ཀའི་ཛཾ་ལ་ཐིམ། ཛཾ་ཡང་སྟོང་པར་ཡལ་ནས་རང་སེམས་ངོ་བོ་ཡུད་ཙམ་སྐྱོང་། དེ་ནས་བསྔོ་བ་དང་བཀྲ་ཤིས་གང་རུང་བྱའོ། །གཏོར་མ་ཅུང་ཟད་རང་གིས་བཟའ། ཕྱི་མི་ལ་མི་སྦྱིན་ནོ། འདི་ནི་སྒྲུབ་རྫས་སླ་བས་ཀུན་ལ་ཕན་ཐོགས་ཤིང་། གཏོར་སྒྲུབ་འདི་ནི་ལོངས་སྤྱོད་ཁྱད་པར་ཆེ་བ་ཡིན། འཕྲལ་དུ་ཡེ་ཤེས་ལ་ཕན་ཕྱིར་དང་། གཞན་ཡང་རང་ལ་བློ་ཕུག་གཏད་པ་རྣམས་ཀྱི་འཚོ་བ་རྒྱས་པའི་ཆེད་དུ་རཱ་ག་ཨ་སྱས་བྲིས་པ་ལ། ཉེས་འགལ་མཆིས་ན་ལྷ་ལ་བཤགས་སོ། །པུཏྟིཾ་ཀུ་རུ་ཧོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགཏོར་སྒྲུབ་ཀྱི་གཞུང་དང་དེའི་ཞལ་གདམས་ཛཾ་དམར་གྱི་ནང་སྒྲུབ་གཏོར་མ་ལ་བརྟེན་པའི་ཟིན་བྲིས།next