Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཛཾ་བྷ་ལ་དམར་པོའི་ཐོད་སྒྲུབ་ཀྱི་གཞུང་དང་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཛཾ་བྷ་ལ་དམར་པོའི་ཐོད་སྒྲུབ་ཀྱི་གཞུང་དང་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ།next

ཛཾ་བྷ་ལ་དམར་པོའི་ཐོད་སྒྲུབ་ཀྱི་གཞུང་དང་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ།


CMR045_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་བྷ་ལ་དམར་པོའི་ཐོད་སྒྲུབ་ཀྱི་གཞུང་དང་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ༔


CMR045_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨརྱ་ཛཾ་བྷ་ལ་སཱ་དྷ་ནི་ན་མཿ བོད་སྐད་དུ༔ འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ འཕགས་པ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ༔ ཛཾ་བྷ་ལ་དམར་པོ་ཐོད་པ་ལ་བརྟེན་ནས་བསྒྲུབ་པ་ནི༔ ཐོད་པ་མཚན་ལྡན་གྱི་ནང་དུ་ཛཾ་བྷ་ལ་དམར་པོ་བསྐྱེད་པའམ༔ ཤོག་གུར་བྲིས་ལ་གཞུག༔ རང་འདོད་པའི་མིང་དང་གསེར་དངུལ་ཟངས་ལྕགས་རིན་པོ་ཆེ་སྣ་ཚོགས༔ ཤ་མར་བུ་རམ་ལ་སོགས་ཟས་སྣ་ཚོགས༔ ནས་ལ་སོགས་འབྲུ་སྣ་ཚོགས༔ གོས་དར་སོགས་སྣམ་བུ་སྣ་ཚོགས་ཀྱིས་ཐོད་པ་ཁེངས་པར་བཀང་ལ། ཐོད་པའི་ནང་དུ་མཚལ་ལ་རིན་པོ་ཆེ་སྣ་ཚོགས་


CMR045_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེས་ནས་བརྡར་ལ༔ མཐིང་ཤོག་ལ་གཞི་བྱས་ལ་ཛཾ་བྷ་ལ་དམར་པོའི་སྙིང་པོ་མཚལ་གྱིས་བྲིས་པའི་མཐར་བདག་ལ་ནོར་སྩོལ་བྱ་བ་བྲིས་ལ་བང་མཛོད་དུ་བཞུགས་སུ་གསོལ་སྐབས་སུ་མཆོད་དོ༔ ཛཾ་བྷ་ལ་ཐོད་པ་ལ་བརྟེན་ནས་སྒྲུབ་པ་རྫོགས་སོ༔ གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མའོ།། ༈ འདིའི་ཟིན་བྲིས་ཐོད་པ་རབ་མཚན་ལྡན། མ་རྙེད་ན་ཐོད་པ་བརྟག་པ་ནས་བཤད་པའི་མཚན་ཉིད་ཚང་བ། ཁྱད་པར་དངོས་གྲུབ་ཀྱི་རྟགས་ཡོད་པ་གཅིག་ལ་བྱའོ། །དེའི་ནང་དུ་ཙཀྱི་མངོན་རྟོགས་ལྟར་བྲི། སྤྱན་འབྱེད་རབ་གནས་བསྡུས་པ་ཙམ་དང་རྒྱབ་ཏུ་བསྙེན་སྔགས་བྲིའོ། །


CMR045_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ཤོག་ལ་རྩ་སྔགས་མཇུག་ཏུ་རང་གི་གང་འདོད་པའི་མིང་དང་དངོས་གྲུབ་སྩོལ་ཞེས་བྱ་བ་བྲིའོ། །དེ་དང་མཉམ་དུ་གོང་གི་རྫས་གང་འཛོམ་དང་ཤོག་དྲིལ་ཙཀྲི་ཐོད་པར་བཞུགས་ལ་པདྨ་འདབ་བརྒྱད་བྲི་བའམ། འབྲུའི་ཚོམ་བུའི་སྟེང་དུ་རང་ལ་ཞལ་ཕྱོགས་པར་བཞག །དེའི་མདུན་དུ་ཛཾ་དམར་གཏོར་མ་ལེགས་པར་བཤམས། མཐར་མཆོད་པ་སྒོར་བཤམས་བྱའོ། །དེ་ནས་ལས་བྱང་མངོན་རྟོགས་ཚར་གཅིག་གིས་བདག་ཛཾ་དམར་བསྐྱེད་པ་དང་། མདུན་དུ་ཐོད་པ་རིན་པོ་ཆེའི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་སྐུ་གཟུགས་དང་ཤོག་དྲིལ་གཉིས་ཛཾ་དམར་དུ་བསྐྱེད། སྤྱན་འདྲེན་དུས་ལྕང་ལོ་ཅན་ནས་ཡེ་ཤེས་པ་གྲངས་མེད་སྤྱན་དྲངས་ནས་བདག་མདུན་གཉིས་ཀ་ལ་བསྟིམ་མོ། །ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་གྲངས་མེད་སྤྲོས་ནས་བདག་མདུན་གཉིས་ཀ་ལ་སོ་སོར་མཆོད་བསྟོད་བྱེད་པར་བསྒོམ། སྔ་དྲོ་ཉིན་གུང་དགོང་ཀ་མཚན་དང་བཞིར་གཏོར་མ་གསོ་ལས་བྱང་གཏོང་། ཉི་མ་རྩེ་ཤར་ལ་ཆུ་སྦྱིན་གཅིག་བྱའོ། །ཐུན་མཚམས་གང་འདོད་སྐབས་སུ་ཐུགས་དམ་ཆག་མེད་རིམ་པར་རྣམས་བྱའོ། །དེ་མ་གཏོགས་བསྙེན་སྔགས་བཟླ་ཞིང་ཏིང་ངེ་འཛིན་ལ་འབད་དོ། །ནམ་ལངས་ནས་སྔ་དྲོའི་ཚེའི་བདག་


CMR045_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ཛཾ་དམར་གྱི་ཐུགས་ཀར་སྒྲོལ་མ་ཀུ་རུ་ཀུལླེ་དམར་མོ་ཕྱག་བཞི་མ་གཞུང་ལྟར་དེའི་ཐུགས་ཀར་པདྨ་དམར་པོ་དང་ཟླ་བ་དང་ཉི་མའི་སྟེང་དུ་ཛཾ་དང་ཧཱུྃཞལ་སྦྱོར། དེའི་མཐར་སྔགས་གཡས་སུ་ཀྱི་ལི་ལི་འཁོར་བ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ཏེ་བདག་དང་ཐོད་པ་ལ་ཐིམ། ཡང་འོད་ཟེར་དམར་པོ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་བསལ། འཇིག་རྟེན་ཁམས་ཀྱི་ཚེ་དང་བསོད་ནམས་དངོས་གྲུབ་བསྡུས་ཏེ་བདག་དང་ཐོད་པ་ལ་ཐིམ་པར་བསྒོམ་པ་ནི་བསྙེན་པའོ། །ཉིན་ཕྱེད་ནས་དགོང་ཀ་བར་རང་གི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། །ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཐོན། མདུན་བསྐྱེད་ཡབ་ཀྱི་ཞལ་ནས་ཞུགས་ཡུམ་གྱི་ཞལ་དུ་བརྒྱུད། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། སྔགས་ཕྲེང་སྔར་བས་མགྱོགས་པར་འཁོར་བས་ཐུགས་རྒྱུད་བསྐུལ་བས་སྔགས་ཕྲེང་འོག་ནས་སྔགས་ཕྲེང་བྱུང་། ཡུམ་གྱི་བྷ་ག་ནས་ཐོན། ཡབ་ཀྱི་རྡོ་རྗེའི་སྒྲུབ་ནས་བརྒྱུད། རང་གི་རྡོ་རྗེའི་བུ་ག་ནས་ཞུགས་ཐུགས་ཀའི་སྔགས་


CMR045_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་ལ་ཐིམ་པས་དངོས་གྲུབ་ཐོབ། དེ་བཞིན་དུ་བདག་མདུན་བར་དུ་སྔགས་ཕྲེང་མགལ་མེའི་འཁོར་ལོ་ལྟར་དམར་ཀྱི་ལི་ལི་རྒྱུན་མ་ཆད་པར་འཁོར་བས། སྔགས་ཕྲེང་དེ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་བསལ་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པར་བྱས། འོད་ཟེར་ཚུར་འདུས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་བཅུད་ཐམས་ཅད་འོད་ཟེར་དམར་པོའི་ཚུལ་དུ་རང་དང་ཐོད་པ་ལ་ཐིམ་པར་བསྒོམ་པ་ནི་སྒྲུབ་པ་ཡིན་ནོ། །དགོང་མོ་ནས་མཚན་མོའི་རིང་ལ་བདག་མདུན་སོ་སོའི་ཐུགས་ཀའི། སྔགས་ཕྲེང་གཡས་སུ་འཁོར་བཞིན་པ་ལས། བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་ཀའི་ཛ་དང་ཧྲིལས་འོད་ཟེར་དམར་པོའི་སྣ་ལ་ལྷ་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་མཛེས་པ་གཅེར་བུ་ལ་དར་དམར་དང་མེ་ཏོག་དམར་པོ་དང་མེ་ཤེལ་དང་བྱི་རུའི་རྒྱན་ཅན། ཕྱག་གཡས་ལྕགས་ཀྱུ་དམར་པོ། གཡོན་ཞགས་པ་དམར་པོའི་སྣེ་གཅིག་ལ་ལྕགས་ཀྱུ་དང་། གཅིག་ལ་མེ་ཏོག་ཨུཏྤལ་དམར་པོས་མཚན་པ་ཐོགས་པའི་ལྷ་མོ་གྲངས་མེད་པས་


CMR045_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཐམས་ཅད་གང་ནས། འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་ཀྱི་རྣམ་པར་གསེར་དངུལ་ཇ་དར་འབྲུ་མར་ཐུད་རྟ་ཕྱུགས་ཐམས་ཅད་ལྕགས་ཀྱུས་སྙིང་ནས་བཟུང་ཞགས་པས་སྐེ་ནས་བཅིངས་ཏེ་རང་གི་གནས་ཁང་དང་ཁྱིམ་དུ་མི་ཤོང་ཙམ་དུ་སྤུངས་ཏེ་གང་བར་བསྒོམ་པ་དང་། ཛཾ་ལྷའི་ཞལ་གསུམ་ནེའུ་ལེ་གཉིས་དང་གནོད་སྦྱིན་གཉིས་དང་ཞལ་བདུན་ནས་གསེར་གཡུ་མུ་ཏིག་བྱི་རུ་རིན་པོ་ཆེ་སྣ་ཚོགས་ཟད་པ་མེད་པར་སྐྱུགས་ནས་རང་གི་གནས་ཁང་དང་ས་ཕྱོགས་ཐམས་ཅད་ཁྲ་ཀྱི་ལེར་གང་བར་བསྒོམ་པ་ལས་སྦྱོར་ཡིན་ནོ། །དེ་ལྟར་སྒྲུབ་པ་འདི་ལ་ཞག་བདུན་ལས་མི་ཉུང་བར་བྱ་ཞིང་གྲངས་ནི་སུམ་འབུམ་མམ། བདུན་འབུམ་མམ། འབུམ་ཕྲག་བཅུ་དྲུག་གམ། བཅོ་ལྔ་ཙམ་བཟླའོ། །རྟགས་ནི་དངོས་ཉམས་རྨི་ལམ་དུ་ཐོད་པ་ལ་མེ་འབར་བ་དང་། འོད་འཕྲོ་བ། ཐོད་པ་མར་ཁུས་གང་བ་དང་། གསེར་གཡུ་རིན་པོ་ཆེས་གང་བ། རིན་པོ་ཆེའི་གཏེར་རྙེད་པ་དང་། ནོར་ཕུལ་བ་དང། འབྲུའི་ཕུང་པོར་སྤུངས་པ་དང་། ཁྱིམ་དོས་ཀྱིས་གང་བ་དང་། རྟ་ཕྱུགས་ནོར་ཁྱུ་བསྡུས་པ་དང་། མི་རོ་བཤས་པ་དང་། ལོ་ཐོག་རྒྱས་པ་རྣམས་འབྱུང་ངོ་། །དེ་ནས་


CMR045_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་དངོས་ཐོན་ནས་མཆོད་བསྟོད་བྱ། མདུན་གྱི་ཛཾ་ལྷ་མི་གཤེགས་པར་འོད་དུ་ཞུ་ནས་ཐོད་པ་ལ་བསྟིམས་པས་ཐོད་པ་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་ནོར་བུ་ལྟ་བུར་གྱུར་པར་བསྒོམ། ཐོད་པ་ནོར་བུ་གྱུར་པ་ལས་འོད་ཟེར་དམར་པོ་འོད་ལྔའི་མདངས་ཆགས་པ་རྩེ་ལྕགས་ཀྱུས་མཚན་པ་ཕྱོགས་བཅུར་འཕྲོས་པས། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། རྫས་བརྒྱད། དཔག་བསམ་གྱི་ཤིང་། འོད་འཇོའི་བ། མ་རྨོས་པའི་ལོ་ཏོག །གཏེར་གྱི་བུམ་པ། མི་ནོར་ཟས་གསུམ་རྣམས་འོད་ཟེར་གྱི་ལྕགས་ཀྱུས་བཀུག་རྒྱུནས་ཐོད་པ་ལ་ཐིམ་པར་ཡང་ཡང་བསྒོམ་ཞིང་ཐོད་པ་ནོར་བུ་དགོས་འདོད་ཀུན་འབྱུང་དངོས་སུ་གྱུར་པ་བསྒོམ་ཞིང་། རྩ་སྔགས་ལ་འདི་བཏགས་ལ་བཟླས། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧཱིརཏྣ་མ་ཧཱ་ཀ་པཱ་ལ་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་སྭཱ་ཧཱ༔ ཞེས་པ་ཞག་གཅིག་ཙམ་བཟླའོ། །དེ་ནས་སྒྲུབ་པ་ཐོན་ནས་ཐོད་པ་བང་མཛོད་དམ། སྒམ་མམ། སྒར་པ་ཡིན་ན་ཀོང་རྩེ་སོགས་སུ་བཞག །རྒྱུན་དུ་ལས་བྱང་དུས་ཀྱང་དེ་ལ་བསྟིམ། སྐབས་སྐབས་སུ་འགྲུབ་སྦྱོར་བཟང་དུས་ཛཾ་བྷ་ལ་བསྐྱེད་བསྟིམ་དང་། བསྙེན་པ་ཁ་གསོ། ཟས་སྣ་དང་། འབྲུ་


CMR045_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དང། ངར་སྣ་སོགས་བཟང་པོ་བྱུང་དུས་ཕུད་འབུལ། འདི་ནི་གསང་སྒྲུབ་ཡིན་པས་ཐོད་པ་གཞན་གྱིས་མི་མཐོང་བར་སྲས་ན་ལེགས་སོ། །ཞེས་པདྨ་ཡེ་ཤེས་ཀྱི་སྒྲུབ་པའི་དུས་བྲིས་ཏེ་གཞན་ལ་ངན་པར་བསམས་ཀྱང་བཀའ་རྒྱ་རབ་ཏུ་དོགས་པ་ཡིན་ནོ། །ཞེས་རཱ་ག་ཨ་སྱས་ཤིང་སྦྲུལ་བདུད་རྩི་འཁྱིལ་བའི་ལོ་རྒྱས་པའི་ལས་འགྲུབ་པའི་མེ་ཏོག་སེར་པོ་རྒྱས་པའི་ཡར་ཚེས་དྲུག་ལ་བྲིས་པ་སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཛཾ་བྷ་ལ་དམར་པོའི་ཐོད་སྒྲུབ་ཀྱི་གཞུང་དང་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ།next