Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨུག་འཛིན་དམར་པོའི་སྒྲུབ་ཐབས་མན་ངག་གསང་རྒྱ་ཅན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨུག་འཛིན་དམར་པོའི་སྒྲུབ་ཐབས་མན་ངག་གསང་རྒྱ་ཅན།next

སྨུག་འཛིན་དམར་པོའི་སྒྲུབ་ཐབས་མན་ངག་གསང་རྒྱ་ཅན།


CMR045_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྨུག་འཛིན་དམར་པོའི་སྒྲུབ་ཐབས་མན་ངག་གསང་རྒྱ་ཅན་བཞུགས་སོ༔


CMR045_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ༔ ཡོན་ཏན་མཁན་པོ་འགྲོ་དོན་ཕྲིན་ལས་ཆུང་ན་འདི་ལྟར་བྱའོ༔ ཤོག་བུ་གྲུ་བཞི་གཅིག་ལ་སྟེང་དུ་ཛཾ་བྷ་ལ་དམར་པོའི་སྐུ༔ གཡས་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ༔ གཡོན་ནེའུ་ལེའི་རྐྱལ་པ་བརླ་ཐོག་ཏུ་འཛིན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་བ་འདོར་སྟབས་སུ་བསྒྲད་པ༔ དར་དང་རིན་པོ་ཆེའི་བརྒྱན་པ་ཞལ་ཁྲོ་འཛུམ་ཅན་བྲི༔ དེའི་ཞབས་འོག་ཏུ་གནོད་སྦྱིན་ཨ་པར་ཙིཏྟ་སྐུ་མདོག་སྔོན་པོ་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་འཛིན་པ་བཞེངས་སྟབས་སུ་བཞུགས་པའི་བེར་སྔོན་པོ་སོགས་ཀྱི་ན་བཟའ་ཅན༔ དེའི་


CMR045_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་གནོད་སྦྱིན་ཐེའུ་རང་ལས་མཁན་གསུམ༔ ཨ་ཙ་རའི་གཟུགས་ཅན་ལྕགས་ཀྱུ་ཞགས་པ་འཛིན་པ་ཁ་དོག་སྔོན་པོ་རྒྱུག་ཅིང་མཆོང་བ་བྲི༔ ཛཾ་བྷ་ལའི་ཐུགས་ཀར་ཛཾ༔ ཨ་པར་ཙིཏྟའི་ཐུགས་ཀར་ཧྲཱིཿལས་མཁན་གསུམ་གྱི་ཐུགས་ཀར་ཏྲི་རེ་ཁྲི༔ ཡེ་དྷརྨས་རབ་གནས་བྱ༔ དེ་ནས་འབྲུ་བཙོ་མ་གང་གི་ནང་དུ་ཟན་ལ་རུས་སྦལ་གྱི་ཁོག་པ་བཟོས་པའི་སྟེང་དུ་བཙུགས༔ རང་ཉིད་ཛཾ་དམར་གཞུང་ལྟར་བསྒོམ༔ མདུན་བསྐྱེད་བྲིས་ལྟར་བསྒོམ༔ ཛཾ་དམར་གྱི་གཏོར་ཆོག་གཞུང་ལྟར་དུས་བཞིར་བཏང་༔ ཞག་བདུན་བསྙེན༔ དེ་ནི་བསྙེན་སྒྲུབ་བོ༔ སྔགས་ནི༔ ཨོཾ་ཛཾ་བྷ་ལ་ཛ་


CMR045_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལེནྡྲ་ཡ་ཧྲཱི༔ ཨ་པ་ར་ཙིཏྟ་ཛ༔ འདི་ནི་བསྙེན་སྔགས་ཡིན་ལ༔ དེ་ནས་ལས་ལ་སྦྱར་བ་ནི༔ དེ་ནས་འཁོར་ལོ་དེ་ཛཾ་བྷ་ལ་སྟེང་༔ ཨ་པ་ར་ཙིཏྟ་བར༔ ལས་མཁན་གསུམ་འོག་ཏུ་བྱས་ལ་ཕར་ལྟེབ་ཚུར་ལྟེབ་བྱས་ལ་དེ་གྲུ་བཞིའམ་ཅི་བདེར་བྱ༔ དེ་ཞིང་ལྤགས་ཀྱིས་བཏུམ༔ དེའི་ཕྱི་ནས་ལྡིས་གེ་སོགས་ཀྱིས་བསྟུམ་ནས་ཕྲེང་བའི་མདོ་འཛིན་ལ་བཏགས༔ དེ་དུས་བཞིར་རྐང་པ་གཡོན་པའི་མཐེ་བོང་གི་ཞབས་སུ་མནན་ལ་གོང་གི་སྔགས་མཇུག་ལ་འདི་བཏགས་ལ་བཟླ༔ ཏྲིའུ་ཏྲིའུ་ནཱ་ག་པཱ་ཏི་ཏྲིའུ་ཡོན་ཏན་མཁན་པོ་མྱུར་དུ་ཚོལ་དུ་ཐོངས་ཤིག་པཱ་ཤི་ཀུ་རུ་སྭཱ་ཧཱཿ ཞེས་པ་བརྒྱ་རེ་བཟླའོ༔ དེའི་ཚེ་དམིགས་པ་ནི་རང་ཉིད་ཛཾ་དམར་ཙཀཱི་ལྟར་བསྒོམ༔ དེའི་ཞབས་འོག་ཏུ་ཨ་པ་ར་ཙིཏྟ་མནན༔ ཨ་པ་ར་ཙིཏྟས་ལས་མཁན་གསུམ་མནན༔ ལས་མཁན་གསུམ་ལས་རང་འདྲ་བ་དཔག་ཏུ་མེད་པ་འཕྲོས་ནས༔ ཡོན་ཏན་མཁན་པོ་སུ་ལ་མཁོ་བ་དེ་ཐམས་ཅད་དབང་མེད་དུ་བསྡུས་པར་བསྒོམ་མོ༔ འདི་ནུབ་ཟངས་མཛོད་དམར་པོའི་གཏེར་ཁ་ཡིན་ལ༔ རང་ཉིད་བསྐྱེད་རྫོགས་ཀྱི་ཉམས་ལེན་མཚམས་སྒྲུབ་ཁོ་ན་ལ་འབད་ཅིང་ཕྱི་མ་དོན་དུ་གཉེར་བར་འདོད་ཀྱང་སྒྲུབ་རྒྱགས་བཀྲེས་པ་ལྟ་བུའམ༔


CMR045_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་རྟེན་གསུམ་བཞེངས་པའི་ཆ་རྐྱེན་ནམ༔ རང་གི་དགེ་སྡིག་གི་བླང་དོར་ངོས་ལྐོག་མེད་པར་ཤེས་ཤིང་སེམས་ཅན་གཞན་སྨིན་གྲོལ་གྱི་ལམ་ལ་བཀོད་ནུས་ཀྱང་ཕྲིན་ལས་དང་འགྲོ་དོན་ཚུལ་བཞིན་མ་བྱུང་ན་འདི་ལྟར་ཉམས་སུ་བླང་བར་བྱའོ༔ མན་ངག་འདི་སྣོད་ལྡན་གྱི་སྐྱེས་བུ་རེ་རེ་ཙམ་མ་གཏོགས་ཤིན་ཏུ་གསང་ཞིང་སྦ་བར་གཞན་ལ་མི་བསྟན་པར་བྱ་བ་དམ་ཚིག་གོ༔ ཞེས་པ་འདི་ནི་ཤིང་ཕོ་འབྲུག་གི་ལོ་རྒྱལ་གྱི་ཟླ་ཚེས་དགེ་བར་བླ་མ་བཅུ་སཱ་ག་ར་ལ་སོགས་པའི་དོན་གཉེར་གྱི་སློབ་མ་སྣོད་ལྡན་འགའ་ཞིག་གིས་ནན་ཆེར་བསྐུལ་ཞིང་ཡི་གེར་བྱས་སོ། །སྐྱབས་གནས་རིན་པོ་རཱ་ག་ཨ་སྱས་ཞལ་སྔ་ནས་བསྩལ་བའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྨུག་འཛིན་དམར་པོའི་སྒྲུབ་ཐབས་མན་ངག་གསང་རྒྱ་ཅན།next