Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཛཾ་བྷ་ལ་དམར་པོ་ཡིད་བཞིན་དབང་གི་རྒྱལ་པོའི་སྒྲུབ་ཐབས་གཏེར་མཛོད་ཟབ་མོ་ལས་ཚོགས་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཛཾ་བྷ་ལ་དམར་པོ་ཡིད་བཞིན་དབང་གི་རྒྱལ་པོའི་སྒྲུབ་ཐབས་གཏེར་མཛོད་ཟབ་མོ་ལས་ཚོགས་དང་བཅས་པ།next

ཛཾ་བྷ་ལ་དམར་པོ་ཡིད་བཞིན་དབང་གི་རྒྱལ་པོའི་སྒྲུབ་ཐབས་གཏེར་མཛོད་ཟབ་མོ་ལས་ཚོགས་དང་བཅས་པ།


CMR045_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

༼ཕ༽ །གྲྭ་པ་མངོན་ཤེས་ཅན་གྱིས་བརྒྱུད་པའི་ཛཾ་བྷ་ལ་དམར་པོ་ཡིད་བཞིན་དབང་གི་རྒྱལ་པོའི་སྒྲུབ་ཐབས་གཏེར་མཛོད་ཟབ་མོ་ལས་ཚོགས་དང་བཅས་པ་བཞུགས་སོ། །


CMR045_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨརྱ་ཛཾ་བྷ་ལ་སཱ་དྷ་ནི་ན་མ་༔ བོད་སྐད་དུ༔ འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ འཕགས་པ་ཛ་བྷ་ལ་ལ་ཕྱག་འཚལ་ལོ༔ ཡིད་བཞིན་རིན་ཆེན་གཏེར་གྱི་སྒྲུབ་པ་དང་༔ མ་ལུས་འགྲོ་བའི་དབུལ་ཕོངས་བསལ་བའི་ཕྱིར༔ ནོར་ལྷ་ཀུན་གྱི་ནང་ནས་ཛ་བྷ་ལ༔ དམར་པོ་གསུང་གི་སྒྲུབ་པ་ཡང་དག་བཤད༔ དེ་ལའང་དང་པོ་སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་བསལ་ཕྱིར་བསྒྲུབ་སྙམ་པའི་བསམ་པ་དང་ལྡན་པས༔ དཀོན་མཆོག་གསུམ་དང་འཕགས་པ་ཛཾ་བྷ་ལ་ལ་སྐྱབས་སུ་འགྲོ་བར་བྱའོ༔ སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན༔ དེ་ནས་སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་བསལ་བའི་


CMR045_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར༔ བདག་གིས་འཕགས་པ་ཛཾ་བྷ་ལའི་སྒྲུབ་པ་ཉམས་སུ་བླངས་པར་བགྱིའོ༔ སྙམ་དུ་ལེགས་པར་སེམས་བསྐྱེད་ལ༔ ཨོཾ་སྭ་བྷ་ཝ་སོགས། ཞེས་པས་བརྟན་གཡོ་ཐམས་ཅད་སྟོང་པར་བསྒོམ༔ སྟོང་པའི་ངང་ལས་ཨ་ལས་ཟླ་བ༔ མ་ལས་ཉི་མ༔ པཾ་ལས་པདྨའི་གདན་གྱི་སྟེང་དུ་ཡི་གེ་ཛཾ་དམར་པོ་ལས་འོད་ཟེར་འཕྲོས༔ སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ༔ ཚུར་འདུས་ཏེ་ཛོ་ལ་ཕོག༔ དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཛཾ་བྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ་སྐུ་ཤིན་ཏུ་དམར་ལ་སྐུ་ཤ་ཤིན་ཏུ་ཆགས་པ་དང་སྒེག་པའི་ཉམས་དང་ལྡན་


CMR045_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ ཞལ་གཡས་དཀར་བ་གཡོན་སྔོ་བ་རྩ་ཞལ་དམར་བ༔ ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་དང་པོས་རིན་པོ་ཚེ༔ བར་མས་ལྕགས་ཀྱུ༔ གཡོན་དང་པོས་ཐོད་པ་རིན་པོ་ཆེས་བཀང་བ༔ གཉིས་པ་ན་ཞགས་པ༔ ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་རེ་རེ་བསྣམས་ནས་བཙིར་བས་ནོར་བུ་སྐྱུགས་པ༔ ཞབས་བཞིས་གནོད་སྦྱིན་ནོར་བུ་སྐྱུགས་པ་གཉིས་མནན་པ་དེ་ལྟ་བུར་བསྒོམ་མོ༔ དེའི་ཐུགས་ཀར་ཡི་གེ་ཧྲཱིཿདམར་པོ་ལས་སྦས་པའི་ལྷ་མོ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ དང་པོ་གཉིས་མདའ་གཞུ༔ གཡས་འོག་མས་ལྕགས་ཀྱུ༔ གཡོན་འོག་མས་ཞགས་པ་བསྣམས་པ་བསྐྱེད་ལ༔ ཐུགས་ཀའི་ལས་འོད་ཟེར་འཕྲོས་པས་ལྷ་མོ་ཀུ་རུ་ཀུལླེ་དམར་མོ་གཡས་ལྕགས་ཀྱུ༔ གཡོན་ཞགས་པ་བསྣམས་པ་གྲངས་མེད་པ་སྤྲོས་ཏེ༔ འཇིག་རྟེན་ཁམས་ཀྱི་ནོར་རྫས་རྣམས་གང་འདོད་པའི་དངོས་པོ་མི་ལ་སོགས་པའི་འགྲོ་བ་གསེར་དངུལ་ལ་སོགས་པའི་གང་འདོད་པ་ལྕགས་ཀྱུས་སྙིང་ཁ་ནས་བཟུང་ཞགས་པས་མགུལ་པ་ལ་སོགས་པ་ནས་བཅིངས་ཏེ་བཀུག་སྟེ་རང་གི་ཁྱིམ་


CMR045_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་ཤོང་ཙམ་དུ་སྤུངས་ཏེ་སྩོལ་བར་བསམ༔ སླར་ཡང་ཛ་བྷ་ལའི་ཞལ་དང་ནེའུ་ལེའི་ཞལ་དང་གནོད་སྦྱིན་ནོར་སྐྱུགས་གཉིས་པོའི་ཞལ་ནས་གསེར་གཡུ་མུ་ཏིག་བྱི་རུ་ལ་སོགས་པ་ཟད་མི་ཤེས་པ་སྐྱུགས་ནས་ཁང་པ་ཁེངས་པར་བསམས་ནས་སྔགས་འདི་བཟླའོ༔ ཨོཾ་ཛཾ་བྷ་ལ་ཛ་ལེན་ཡེ་དྷ་ན་མེ་དྷི་གྷིསྭཱ་ཧཱ༔ ཞེས་པས་བསྙེན་པ་བྱས་ནས་མཉེས་པས་ནོར་གྱི་དངོས་གྲུབ་བྱིན་པར་བསམ༔ བསྙེན་པ་ཅི་རིགས་བྱ༔ རབ་སྟོང་། འབྲིང་ལྔ་བརྒྱ། ཐ་མ་སུམ་བརྒྱ་ཆག་མི་རུང་། ཐོ་རངས་ཀྱི་ཆ་མཚན་མོའི་ཆ་ལ་བཟླས་ཤིང་དམིགས་པ་ཡང་ཡང་དུ་བསྒོམ། ནམ་ལངས་པ་དང་ཆུ་སྦྱིན་གཏོར་མ་བཏང་། །རྒྱུན་དུ་བཟླས་པས་འགྲུབ་སྟེ། སྔོན་དུ་བསྙེན་པ་ཞག་བདུན་བྱས་ནས་དེ་ནས་རྒྱུན་དུ་སྒྲུབ་པ་བྱས་ན་ཤིན་ཏུ་ལེགས། བཟླས་པའི་རྗེས་ལ་ཨགྷཾ་སོགས་ཀྱིས་མཆོད་ནས། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་༔ ཐུགས་རྗེས་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད༔ རྗེས་ནས། འཕགས་པ་ཛཾ་བྷ་ལའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ་ཟས་ནོར་ལོངས་སྤྱོད་ཀྱི་དངོས་


CMR045_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆར་ལྟར་འབེབས་པ་དང་། དབུལ་ཕོངས་ཀྱི་སྡུག་བསྔལ་ཐམས་ཅད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཕྲེང་བ་སྤྱི་བོར་བཞག་ནས་སྔགས་ཀྱི་ནུས་པ་ཐིམ་པར་བསམ། རང་གི་གནས་སྙིང་ཁ་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ། དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་པ་ཛཾ་ལྷ་འགྲུབ་སོགས་དང་། །ནོར་གྱི་དབང་ཕྱུག་རིན་ཆེན་སོགས། བཀྲ་ཤིས་སྨོན་ལམ་གང་བབ་བྱའོ།། ༈ གཏོར་མ་འབུལ་བར་འདོད་ན་གཏོར་མ་ཟླུམ་པོ་དམར་པོའི་བྱུགས་པ་ལ་ཤ་བུ་རམ་མར་ཐུད་ལ་སོགས་པའི་ཟས་སྣ་གང་འཛོམས་ཀྱིས་བརྒྱན་པ་ལ། ཨོཾ་ཨཱ༔ཧཱུྃ་རིན་པོ་ཆེ་ལས་གྲུབ་པའི་སྣོད་དུ་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཞེས་བརྗོད་ཅིང་བྱིན་རླབས་བྱ་སྟེ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ནས། ཛཾ་བྷ་ལའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམས་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ༔ ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མམ་བདུན་གྱིས་ཕུལ། མཆོད་བསྟོད་གོང་བཞིན་ལ། ཨགྷཾ་སོགས། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་༔ ཐུགས་རྗེས་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་


CMR045_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་མཛད་ཛཾ་བྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད༔ འདོད་དོན་གསོལ་བ་བཏབ་པའོ། །དེ་ནས་རྟེན་ཡོད་ན་བརྟན་བཞུགས་དང་། རྟེན་མེད་ན་གཤེགས་གསོལ་ནི། །བཛྲ་གཏོར་མ་རང་གི་སྙིང་གར་བཞག་ལ། གཏོར་མ་རང་གིས་ལོངས་སྤྱོད། གཏོར་མ་ལ་བརྟེན་ཏེ་སྒྲུབ་པའོ།། ༈ འདིའི་བརྒྱུད་པ་ནི། སློབ་དཔོན་པདྨ་འབྱུང་གནས་ནས། གྲྭ་པ་མངོན་ཤེས་ཅན། གྲྭ་པ་ཐུགས་རྗེ་འབུམ། ཤུ་ལ་ཙནྡ། སློབ་དཔོན་ཚུལ་ཁྲིམས་རྒྱལ་བ། མཁན་པོ་ཉི་མ། སློབ་དཔོན་དོན་བཟང་པ། དབུ་མ་དཔལ་གྲུབ་བརྩོན། བཀའ་བཅུ་པ་བཀྲ་ཤིས་བཟང་པོ་བླ་མ་བློ་གྲོས་བཟང་པོ། རྗེ་བཙུན་སེང་གེ །སྨུག་ལ་པཎ་ཆེན་ངག་དབང་གྲགས་པ། སེམས་དཔའ་ཆེན་པོ་སྤྱན་སྔ་བ། ངག་དབང་ཆོས་ཀྱི་གྲགས་པ་རྒྱལ་མཚན་དཔལ་བཟང་པོས། དེའི་བདག་ལའོ། །དེ་ལྟར་བཀོད་པའི་སྒྲུབ་ཐབས་གཏོར་མ་དང་བཅས་པ་འདི་ནི། སྙིགས་དུས་ཀྱི་འགྲོ་བའི་སྐྱབས་མགོན་སེམས་དཔའ་ཆེན་པོ་སྤྱན་སྔ་བ་ངག་དབང་ཆོས་ཀྱི་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་དགུང་ལོ་བརྒྱ་ཅུ་གྱ་གཅིག་བཞེས་པའི་དུས་སུ་འདིའི་རྗེས་གནང་སོགས་དགྱེས་བཞིན་དུ་བཀའ་དྲིན་གྱིས་ལེགས་པར་བསྐྱེད་དེ་ནོད་པའི་ཚེ་སྔོན་གྱི་ཡིག་ཆ་རྣམས་ཞལ་གསལ་བར་མ་མཆིས་པས། ཆོས་མེད་སྙོམས་ལས་པ། མཁོན་ས་སྐྱའི་སྔགས་འཆང་ངག་གི་


CMR045_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ཀུན་དགའ་རིན་ཆེན་གྱི་བཀའི་དགོངས་པ་བཀྲོལ་ནས་བྱ་ཡུལ་དགོན་པར་བྲིས་པའོ། །དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཛཾ་བྷ་ལ་དམར་པོ་ཡིད་བཞིན་དབང་གི་རྒྱལ་པོའི་སྒྲུབ་ཐབས་གཏེར་མཛོད་ཟབ་མོ་ལས་ཚོགས་དང་བཅས་པ།next