Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཛཾ་དམར་དབང་གི་སྒྲུབ་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཛཾ་དམར་དབང་གི་སྒྲུབ་པའི་ཟིན་བྲིས།next

ཛཾ་དམར་དབང་གི་སྒྲུབ་པའི་ཟིན་བྲིས།


CMR045_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

༼མ༽ །གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛཾ་དམར་དབང་གི་སྒྲུབ་པའི་ཟིན་བྲིས་བཞུགས་སོ༔ སྣོད་མིན་དང་ཆོས་བཞིན་མི་བྱེད་པ་ལ་ཤིན་ཏུ་བཀའ་རྒྱ་དམ་པར་གདམས་སོ༔


CMR045_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨརྱ་ཛཾ་བྷ་ལ་སཱ་དྷ་ནི་ན་མ༔ བོད་སྐད་དུ༔ འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ ཛཾ་བྷ་ལའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་དབང་དུ་བྱ་བའི་ཕྲིན་ལས་ནི༔ རང་ཉིད་སྐད་ཅིག་གིས་སྟོང་པར་བསྒོམ༔ སྟོང་པའི་ངང་ལས་ཨ་ལས་ཟླ་བ༔ མ་ལས་ཉི་མ༔ པཾ་ལས་པདྨ༔ དེའི་སྟེང་དུ་ཛཾ་དམར་པོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་འགྲོ་བ་སེམས་ཅན་གྱི་སྙིང་རྒྱུད་བསྐུལ༔ སེམས་གཡོས་ནས་བདག་ལ་སེམས་ཅན་ཐམས་ཅད་ཆེར་ཆགས་པར་བསམ༔ དེ་ཚུར་འདུས་པས་ཛོ་ལ་ཕོག་སྟེ༔ ཛཾ་དེ་ཡོངས་སུ་གྱུར་པ་ལས་ཛཾ་བྷ་ལ་དམར་པོ་


CMR045_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་དཀར༔ གཡོན་ཞལ་སྔོ༔ དབུས་ཞལ་དམར་བ༔ ཕྱག་གཡས་དང་པོ་ན་རིན་པོ་ཆེ༔ གཉིས་པས་ལྕགས་ཀྱུ༔ གཡོན་དང་པོས་ཐོད་པ་རིན་པོ་ཆེས་བཀང་བ༔ གཉིས་པས་ཞགས་པ༔ གསུམ་པ་གཉིས་ཀྱིས་ནེའུ་ལེ་གཉིས་ཀྱི་གཉའ་བ་ནས་བཙིར་བ༔ ཞབས་བཞིས་གནོད་སྦྱིན་ནོར་སྐྱུགས་ཀྱི་སྟེང་ན་བཞུགས་པ་དེ་ལྟ་བུའི་ཉམས་དང་ལྡན་པ་ཞིག་བསྒོམ༔ དེའི་ཐུགས་ཀར་སྦས་པའི་ཡུམ་ཀུ་རུ་ཀུལླེ་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ དང་པོ་གཉིས་མདའ་གཞུ་འགེངས་པ༔ འོག་མ་གཉིས་ལྕགས་ཀྱུ་དང་ཞགས་


CMR045_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིན་པ༔ དེ་ལ་ལས་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་བསྣམས་པ་དཔག་ཏུ་མེད་པ་སྤྲོས་ཏེ༔ འཇིག་རྟེན་གྱི་ལྷ་འདྲེ་མི་གསུམ་ཐམས་ཅད་ལྕགས་ཀྱུས་བཟུང་ཞགས་པས་མགུལ་ནས་བཅིངས་ཏེ་བདག་གི་མདུན་དུ་རང་དབང་མེད་པར་བཀུག་པར་བསམ༔ དེ་ཐམས་ཅད་ཀྱིས་བདག་ལ་མོས་པ་དང་གུས་པས་ཐལ་མོ་སྦྱར་ནས་དད་གུས་ཚད་མེད་པར་བསམ༔ ཛཾ་བྷ་ལ་དང་ཐུགས་ཀའི་ཀུ་རུ་ཀུལླེའི་ཐུགས་ཀ་ནས་ལྷ་མོ་དམར་མོ་གཅིག་སྤྲོས་ཏེ་བསྒྲུབ་བྱ་རྣམས་ཀྱི་སྤྱི་བོར་ཐིམ་པས་དབང་བསྐུར་ཏེ་སྤྱི་བོ་ནས་སྙིང་ཁར་བབས་ཏེ་སེམས་བསྒུལ་ཏེ་བདག་ལ་ཡིད་ཆགས་པས་ཆེར་མྱོས་ཏེ་བདག་གི་མདུན་ན་བརྒྱལ་ནས་འདུག་པར་བསམ༔ ཡང་ཀུ་རུ་ཀུལླེའི་ཐུགས་ཀ་ནས་འོད་འཕྲོས་ཏེ་བསྒྲུབ་བྱ་ལ་ཕོག་པས་ལུས་མདོག་དམར་ལམ་ལམ་སོང་བས་ཆགས་པས་མྱོས་ཏེ་རང་དབང་མེད་པར་བདག་ལ་ཡིད་ཆགས་པར་བསམ༔ དེ་ལྟ་བུ་ཡང་ཡང་བསྒོམ་ཞིང་སྔགས་འདི་བཟླའོ༔ ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་ཀུ་རུ་ཀུལླེ་ཧིསརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་དྷིསྭཱ་ཧཱ༔ ཞེས་བཟླས་པའི་རྟགས་ནི་རྨི་ལམ་དུ་བདག་ལ་བུད་མེད་ཀྱི་ཚོགས་ཀྱིས་བསྙེན་བཀུར་བྱེད་པ་དང་༔ ཕྱག་


CMR045_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བ་དང་༔ ཟས་ནོར་གྱི་འབུལ་བ་བྱུང་བ༔ མི་ཆེན་རྣམས་ཀྱིས་བདག་ལ་བསྙེན་བཀུར་བྱེད་པ་སོགས་རྨིས་པས༔ དངོས་སུ་ཡང་སྐྱེ་བོ་ཐམས་ཅད་བདག་ལ་ཡིད་ཆགས་ཏེ་མཐོང་བ་ཙམ་གྱིས་དད་པ་སྐྱེས་ཏེ་བློ་ཆོས་ལ་འཛུད་ནས་དབང་དུ་འདུ་ངེས་སོ༔ འདིའི་དམ་ཚིག་ཏུ་ཆོས་ལ་ཕྱོགས་རིས་མི་བྱ༔ གང་ཟག་ལ་སྐུར་པ་མི་གདབ༔ ཆོས་དང་གང་ཟག་ལ་བསྟོད་སྨད་འབའ་ཞིག་མི་བྱ༔ དམར་སྨྲ་མི་བཏང་༔ གནས་སུ་འོང་བ་ཐམས་ཅད་ལ་ཆོས་དང་ཟང་ཟིང་གིས་ཕན་བཏགས༔ ཀུན་དང་བློ་བསྟུན༔ ཀུན་གྱིས་བློ་དང་མཐུན་པའི་ཆོས་བཤད༔ དུག་གསུམ་སྒོ་ནས་ཆོས་བཤད་དང་གྲུབ་མཐའ་ལ་བརྒལ་བརྟག་མི་བྱ༔ འཐད་པ་བརྗོད་པས་དབང་དུ་འདུ་ངེས་སོ༔ གསང་ནས་བསྒྲུབས་ན་དངོས་གྲུབ་ཐོབ་ངེས་སོ༔ མ་གསང་ན་མི་འགྲུབ་བོ༔ གསང་བ་གལ་ཆེ༔ ཨྠྀི༔ འདིའི་མན་ངག་ཞལ་ཤེས་ནི༔ བཅས་དང་ཡོ་བྱད་གཏོར་སྒྲུབ་ལྟར་ལ༔ ཡོད་ན་ཐོད་པ་གའུ་སོགས་བཤམས་མེད་ཀྱང་རུང་ལ། དབང་ལྟགི་སྦྱིན་སྲེག་གི་རྫས་རྣམས་གཞུང་ལྟར་བསགས་ཤིང་། ཐུན་མཚམས་རྣམས་སུ་ཚོགས་རེའམ་ཡང་ན་ཐུན་རྗེས་མར་ཚོགས་རེ་བྱ། སིནྡྷ་ར་དང་མཚལ་རྒྱ་སྐྱེགས་ཀྱི་དཔྲལ་བར་ཐིག་ལེ་བྱ། དེ་ནས་ལས་བྱང་གཞུང་བསྲང་ལ་ཐུན་གསུམ་བཞི་དྲུག་སོགས་བྱ་ཞིང་དགོང་མོའི་ཐུན་མཚམས་སུ་དབང་གི་སྦྱིན་བསྲེག་རེ་བྱ། རང་གི་དགེ་སྦྱོར་ཆག་མེད་རིགས་རྣམས་ཐུན་མཚམས་རྣམས་སུ་བྱ་ཞིང་། དེ་མ་གཏོགས་བསྙེན་སྔགས་བཟླ་ཞིང་། ནམ་ལངས་པར་ཆུ་སྦྱིན་རེ་མ་ཆག་པར་བྱ་


CMR045_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། ༈ དེ་ནས་བདག་མདུན་ཛཾ་དམར་གྱི་ཐུགས་ཀར་སྒྲོལ་མ་ཀུ་རུ་ཀུ་ལླེ་དམར་མོ་ཕྱག་བཞི་མ་གཞུང་ལྟར། དེའི་ཐུགས་ཀར་པདྨ་དམར་པོ་དང་ཟླ་བ་དང་ཉི་མའི་སྟེང་དུ་ཛ་དང་ཞལ་སྦྱོར། དེའི་མཐར་སྔགས་གཡས་སུ་ཀྱི་ལི་ལི་འཁོར་བ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོས་རྣམ་པར་བསྡུས་ཏེ་བདག་དང་མདུན་བསྐྱེད་ལ་བསྟིམ། ཡང་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་བསལ། འཇིག་རྟེན་ཁམས་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་དངོས་གྲུབ་ཐམས་ཅད་བསྡུས་ཏེ་བདག་ལ་བསྟིམ། དེ་ནས་བདག་བསྐྱེད་ཐུགས་ཀར་སྔགས་ཕྲེང་འཁོར་བཞིན་པ་ལས་སྔགས་ཕྲེང་འཕྲོས་པས་ཡུམ་ཞལ་ནས་ཐོན། ཡབ་ཞལ་དུ་བརྒྱུད་ནས་བྱི་རུའི་ཕྲེང་བ་ལྟར་འོད་ཟེར་དང་བཅས་མདུན་བསྐྱེད་ཡབ་ཞལ་ནས་བརྒྱུད་ཡུམ་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་སྔགས་ཕྲེང་དྲག་ཏུ་འཁོར། སྔགས་ཕྲེང་གི་གཤམ་ནས་སྔགས་ཕྲེང་ཐོན་པ་ཡུམ་གྱི་བྷ་ག་ནས་ཐོན། ཡབ་ཀྱི་རྡོ་རྗེའི་སྦུག་ནས་ཐོན་པ། རང་གི་རྡོ་རྗེའི་སྦུབ་


CMR045_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཞུགས་ཐུགས་ཀའི་ཡུམ་གྱི་བྷ་ག་ནས་བརྒྱུད་དེ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་བསྒོམ། དེ་ལྟར་བདག་མདུན་བར་དུ་སྔགས་ཕྲེང་མགལ་མེའི་འཁོར་ལོ་ལྟར་དམར་ཀྱི་ལི་ལི་རྒྱུན་ཆད་མེད་པར་འཁོར་བས། སྔགས་ཕྲེང་དེ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་བསལ་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱས། འོད་ཟེར་ཚུར་འདུས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་བཅུད་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བདག་མདུན་གཉིས་ལ་ཡང་ཡང་བསྟིམ། དེ་ནས་བདག་བསྐྱེད་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་མདུན་བསྐྱེད་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། བདག་མདུན་ཐུགས་ཀའི་འོད་ཟེར་དམར་པོ་ཉི་མ་ཤར་བ་ལྟར་སྲིད་གསུམ་འཇིག་རྟེན་གྱི་ཁམས་ཁྱབ་པར་འཕྲོས། སླར་ཡང་བདག་མདུན་ཐུགས་ཀའི་འོད་ཟེར་དམར་པོ་འཕྲོས་པའི་སྣ་ལ་ལྷ་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་ཤིན་ཏུ་མཛེས་པ་གཅེར་བུ་དར་དམར་དང་མེ་ཏོག་དམར་པོ་མན་ཤེལ་བྱི་རུའི་རྒྱན་ཅན། ཕྱག་གཡས་ལྕགས་ཀྱུ་དམར་པོ། གཡོན་ཞགས་པ་དམར་


CMR045_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྣེ་གཅིག་ལྕགས་ཀྱུ་དང་གཅིག་ལ་ཨུཏྤལ་དམར་པོའི་མཚན་པ་ཅན་འཛིན་པ་གྲངས་མེད་འཕྲོས་ནས་འཇིག་རྟེན་ཁམས་ཀྱི་འགྲོ་བ་ཕོ་མོ་སྤྱི་དང་གང་འདོད་ཀྱི་ཕོའི་སྙིང་གར། མོའི་གསང་གནས་སུ་ལྕགས་ཀྱུས་བཏབ་ཞགས་པས་མགུལ་ནས་བཅིངས་འོད་དམར་གྱི་དྲ་བར་བཙུད། དེ་ལས་རླུང་དམར་པོས་དེད་ནས་བདག་བདུན་བར་དུ་གནས་པ། བདག་མདུན་འོད་ཟེར་ཕོག་པས་བདག་ལ་དད་ཅིང་ཆགས་པར་བསྒོམ། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་ཀུ་རུ་ཀུལླེ་ཧཱུྃསརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧཱུྃསྭཱ་ཧཱ༔ ཞེས་བཟླའོ། །ཡང་བསྒྲུབ་བྱ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་གནས་པ་འདར་ཡེད་ཡིད་བྱེད་པ་གོང་བཞིན་ལས་ཀྱི་ལྷ་མོ་རྣམས་ཀྱིས་བཀུག་ནས་བདག་ལ་དད་གུས་མོས་པའི་ཐལ་མོ་སྦྱར་ཏེ་གནས་པ་ལ་ཛཾ་ལྷའི་ཐུགས་ཀའི་ཡུམ་གྱི་ཐུགས་ཀ་ནས་ལས་བྱེད་ལྷ་མོ་འཕྲོས་བསྒྲུབ་བྱའི་སྤྱི་བོའི་ནམ་མཁར་བཞེངས་པའི་གསང་གནས་བྱང་སེམས་དམར་པོ་མཚལ་དང་རྒྱ་སྐྱེགས་ཁ་བ་ལྟར་བབས་པས། བསྒྲུབ་བྱ་ལ་དབང་བསྐུར་ཁྲུས་བྱས་པས་མ་དད་པའི་དྲི་མ་ཐམས་ཅད་དག །ཚངས་བུག་ནས་མར་སྙིང་ཁར་བབ་པས་སེམས་བསྒུལ་ཏེ་བདག་ལ་དད་གུས་ཚད་མེད་སྐྱེས་ཤིང་ཡིད་ཆགས་པས་མྱོས་ནས་བྲལ་མི་ཕོད་པར་


CMR045_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། ཡང་ཀུ་རུ་ཀུལླེའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ཕྲ་ཞིང་དྲིལ་བ་འཕྲོས་ནས་ཕོའི་སྙིང་གར་ཕོག་པས་སེམས་བསྒུལ་མོའི་གསང་གནས་སུ་ཕོག་ནས་བྱང་སེམས༔ དམར་པོའི་རྒྱུན་བབས་ནས་ཤིན་ཏུ་བདག་ལ་དད་གུས་ཆགས་སེམས་སྐྱེས་ནས་གནས་པ་ལ། ཐུགས་ཀའི་འོད་ཟེར་ཕོག་པས་དམར་ལམ་ལམ་སོང་བས་ཆགས་པས་ཆེར་མྱོས་རང་དབང་མེད་པར་བདག་ལ་ཡིད་ཆགས་པར་བསམ། མཐར་དམིགས་བྱ་འོད་དམར་དུ་ཞུ་ནས་བདག་བསྐྱེད་ལ་ཐིམ་པས་རང་གཞན་སེམས་རྒྱུད་གཅིག་ཏུ་བསྲེས་ལ་ཉམས་ལེན་ངོ་བོ་སྐྱོང་། །དེ་ལྟར་སྒྲུབ་པ་འདི་ལ་བདུན་གཅིག་བདུན་གཉིས་སོགས་གང་འདོད་བྱས་ལ། དེ་ནས་གྲོལ་ཁ་རྗེས་སུ་དབང་གི་སྦྱིན་སྲེག་བརྒྱ་སྟོང་ཁྲི་སོགས་ཅི་འགྲུབ་བྱས་ལ། གལ་ཏེ་བསྒྲུབ་བྱ་ངེས་ཅན་དུ་ཡོད་ན་དབང་དུ་མ་འདུས་ན་ཚེ་ཐུང་བར་བཤད་པས་ཉེས་འགལ་ཆེ་བས་ཧ་ཅང་མི་ལེགས་སོ། །སྔོན་དུ་བསྙེན་སྒྲུབ་ཚུལ་བཞིན་མ་འཆོལ་བས་ལས་སྦྱོར་མི་གཏུབ་བོ། །རྟགས་ནི་དངོས་ཉམས་རྨི་ལམ་དུ་བུད་མེད་མང་པོ་འདུ་བ། ཕྱག་འཚལ་བསྙེན་བཀུར་བྱེད་པ། བདག་ལ་དགའ་ཞིང་བརྩེ་བ། གཞན་ཡང་མི་ཆེན་དང་ཁྲོམ་མང་འདུ་བ། མེ་ཏོག་འཐུ་བ། དར་དམར་གྱོན་པ། ཁྲི་ལ་འདུག་པ་སོགས་རྟགས་ཡིག་སྤྱི་ལྟར་རོ། །ཕྱི་རོལ་དུ་དངོས་སུ་སྐྱེ་བོ་རྣམས་དགའ་ཞིང་ཡིད་ཆགས་པ་ལྷག་པར་བུད་མེད་རྣམས་ལ་


CMR045_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཡང་ཆགས་སེམས་ཤས་ཆེ་བར་འབྱུང་པས་དེའི་དབང་དུ་མ་ཤོར་བ་གལ་ཆེ། དེ་ལྟར་སྒྲུབ་པ་ཐོན་ནས་གཏོར་མ་རང་གི་གནས་བཞིར་གཏུགས་ཤིང་། ཀཱ་ཡ་སིདྡྷི་སོགས་བརྗོད་ཅིང་བཀྲ་ཤིས་བསྔོ་སྨོན་གང་ཤེས་བྱས་ནས་བསྒྲུབས་རྗེས་མི་མངོན་པར་བྱའོ། །ཞེས་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛཾ་དམར་དབང་གི་སྒྲུབ་པའི་ཟིན་བྲིས་འདི་པདྨ་ཡེ་ཤེས་ཀྱིས་བསྐུལ་བའི་ངོར་། ཨ་རཱ་གས་བྲིས་པ་སྟེ་འདི་ཤིན་ཏུ་བཀའ་རྒྱ་དམ་དགོས་སོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཛཾ་དམར་དབང་གི་སྒྲུབ་པའི་ཟིན་བྲིས།next