Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཛཾ་དམར་ཞལ་གདམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཛཾ་དམར་ཞལ་གདམས།next

ཛཾ་དམར་ཞལ་གདམས།


CMR045_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

༼ཙ༽ འདིའི་ཞལ་གདམས་ལ༔ དམིགས་པ་དེ་དག་ཡིད་ཀྱིས་བསྒོམ་ཞིང་སྔགས་བཟླ་ནུབ་མོ་ལས་བྱང་ཚར་རེ་འདོན་ཞིང་གཏོར་མ་བསྔོ། ནངས་སྔ་ཆུ་སྦྱིན་རེ་བཏང། མཚམས་ཡིན་ན་ཡི་དམ་རྒྱུན་བསྙེན་ཡིན་ཡང་རུང་། སྒྲུབ་པ་བྱེད་ན་དུས་བཞིར་གཏོར་བསྔོས་བྱ་ཞིང་གཏོར་མ་ཟངས་གཞོང་དུ་ཕུལ། ཞག་བདུན་སོགས་རྟགས་ཐོན་པར་བྱ། རྒྱུན་བསྙེན་ཡིན་ནའང་དེ་དང་འདྲ་སྟེ། ལས་བྱང་ཚར་རེས་ཆོག །ཕ་རོལ་གྱི་དགྲ་དང་ཡུལ་མི་དང་དབོན་རིས་གྲྭ་པ་ཡོན་བདག་སོགས་ཀྱིས་ངོ་ལོག་དང་གནོད་པ་བྱེད་ཤོམས་གྲབ་པ་དང་། ནང་འཁྲུག་སོགས་བྱུང་བ་ལ་མཐུ་མི་བྱེད་ཉེས་སྒྲིབ་ཆེ། དེ་བས་འདིའི་དམིགས་པས་གཟིར་ཞིང་སརྦ་ལོ་ཀ་ཞེས་པར་གང་ཡིན་གྱི་མིང་བཅུག་ལ། སྔགས་བཟླས་པས་སེམས་འགྱུར་ནས་བྱམས་ཤིང་འདུད་པ་དང་མཐུན་པར་འགྱུར་ངེས་ལ། དུས་སྙིགས་མའི་སྐབས་སུ་འདི་ཤིན་ཏུ་གལ་ཆེ་བ་ཡིན། སྤྱི་བོར་བསྟིམ་ཞིང་དབང་བསྐུར་ཟེར་བ་ནི་ཁོའི་སེམས་རྒྱུད་བྱིན་གྱིས་བརླབས་པའོ། །བརྒྱལ་ཏེ་འདུག་ཅེས་པ་ནི་དད་གུས་ཆགས་སེམས་ཀྱི་དབང་གིས་དབང་པོ་ཤོར་བ་ལ་ཟེར། མི་དམན་ལམ་དུ་འོང་ཞེས་པ་ནི་མཇལ་དུ་བྱུང་བ་ལ་ཟེར། །


CMR045_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དང་བློ་བསྟུན་ཞེས་པ་ནི་གང་ཟེར་ཁ་ལ་ཉན་པ་ལྟར་བྱ། ཀུན་དང་མཐུན་པར་ཆོས་བཤད་པ་ནི་གྲུབ་མཐའ་ཕྱོགས་རིས་ཀྱིས་གཏམ་མི་བྱ། དུག་གསུམ་ཅན་ལ་དེ་དང་མཐུན་པར་ཆོས་བཤད་པ་ནི། དུག་གསུམ་གང་ཤར་གྱི་ངོ་བོ་ལ་ལྟོས་དང་ཡེ་ཤེས་འཆར་ཚུལ་སོགས་བཤད། གྲུབ་མཐའ་ལོག་པ་ཅན་ལ་བརྒལ་བརྟག་མི་བྱ་བ་ནི། ལུང་བསྟན་ངན་པ་བྱུང་བ་དང་མཐོང་བ་རྣམས་ཀྱང་གསང་སྟེ་མི་སྨྲ། འཐད་པར་བརྗོད་པ་ནི། སེར་གོས་གྱོན་ཙམ་ཡན་ཆད་ཀྱི་ཕན་ཡོན་རྣམས་བརྗོད་ཅིང་སྐྱོན་དང་ཉེས་པ་མི་བརྗོད། རང་གིས་ཀྱང་ལོག་ལྟ་མི་བྱེད་པར་ཀུན་ལ་དག་སྣང་སྦྱངས། གསང་ནས་སྤྱོད་པ་ནི། སྒྲུབ་པ་དང་བསྙེན་པ་སོགས་བྱེད་པ་དེ་སུས་ཀྱང་མི་ཤེས་པར་བྱ། མ་གསང་ན་མི་འགྲུབ་པས་གསང་བ་གལ་ཆེ།། འདི་ལྟ་བུའི་གདམས་ངག་ཡོད་པའམ་བསྙེན་སྒྲུབ་བྱེད་པ་སོགས་གཞན་གྱིས་ཐོས་ན་ལོག་ལྟ་བྱེད་ཅིང་མི་གུས་པ་འབྱུང་། གསང་སྔགས་གསང་བའི་དམ་ཚིག་ཉམས་ན་མི་འགྲུབ་པ་ཡིན་ནོ། །དེས་ན་རང་ལ་བློ་གཏད་པའི་སྙིང་གི་སློབ་བུ་འགའ་རེ་ཙམ་ལས་མང་དུ་སྤེལ་ན་ཡིད་བཞིན་ནོར་བུ་མི་ལ་བྱིན་པ་ལྟར། རང་གི་བསོད་ནམས་དང་ཁ་རྗེ་ཆུང་དུ་འགྲོ་བས་གསང་བའི་


CMR045_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཐུབ་པར་བྱའོ། །འདིའི་དཔེ་ཆ་ཡང་མི་སྟོན་ན་དབང་བསྐུར་བ་དང་ལུང་བྱེད་པ་ལྟ་ཅི་སྨོས། ཤིན་ཏུ་གལ་ཆེན་གྱི་ངོ་མ་ཆོག་ན་ལས་བྱང་དང་ཆུ་སྦྱིན་ཙམ་སྤེལ། དབང་ཡང་འདི་དངོས་མི་བྱེད་པར་རྗེས་གནང་སྤྱིའི་ནང་དུ་བཅུག་ནས་བྱས་ན་བསྐུར་ཅུང་ཟད་དཀའ་ཡང་། སྒྲུབ་སྐོར་གཞན་གྱི་ནང་ནས་ཀྱང་དབང་སྡུད་འདི་གཅིག་བརྒྱུད་ཙམ་ལས་མི་སྤེལ། སྤེལ་ན་འདིའི་དམ་ཚིག་ཉམས་པར་གཞུང་ནས་གསུངས་པའི་ཕྱིར། ཞལ་ཤེས་འདིའང་དགེ་སློང་སྦྱིན་པས་བསྐུལ་བ་ལྟར། ༧ རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར་བསྐུལ་བ་པོ་དེས་ཡི་གེར་བྲིས་པའོ།། །།


previousཛཾ་དམར་ཞལ་གདམས།next