Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཛཾ་བྷ་ལ་དམར་པོའི་ཚོགས་མཆོད་གཞུང་དེའི་འདོན་ཆའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཛཾ་བྷ་ལ་དམར་པོའི་ཚོགས་མཆོད་གཞུང་དེའི་འདོན་ཆའི་ཟིན་བྲིས།next

ཛཾ་བྷ་ལ་དམར་པོའི་ཚོགས་མཆོད་གཞུང་དེའི་འདོན་ཆའི་ཟིན་བྲིས།


CMR045_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

༼ཚ༽ ཛཾ་བྷ་ལ་དམར་པོའི་ཚོགས་མཆོད་གཞུང་དེའི་འདོན་ཆའི་ཟིན་བྲིས་ཡོད༔


CMR045_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨརྱ་ཛཾ་བྷ་ལ་སཱ་དྷ་ནི་ནཱ་མ༔ བོད་སྐད་དུ༔ འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ ཛཾ་བྷ་ལ་ལ་ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ ནངས་ནུབ་ཟས་ཚོགས་སུ་བྱེད་ཀྱང་རུང་༔ ནམ་འབྱོར་ལ་བྱེད་ཀྱང་རུང་༔ ཞལ་ཟས་སྣ་ཚོགས་བཤམས་ལ་སྔོན་འགྲོ་ནི༔ ཡི་དམ་ལྷའི་གཞུང་བསྲང་ཡང་ལེགས༔ དེ་མིན་ཛཾ་དམར་མངོན་རྟོགས་བསྒོམ༔ སྭ་བྷ་ཝས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ༔ ཨོཾ་ཨཱཿཧཱུྃ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧིསྭཱ་ཧཱ༔ ག་ཎཱ་ཙཀྲ་པཱ་ཛ་ཧོ༔ ཞེས་པས་དགྱེས་པར་གསོལ་བར་བསམ༔ གསོལ་བས་མཉེས་ནས་ནོར་བུ་འཛག་པ་གསུམ་ལ་དམིགས་པ་གཏད་དོ༔ མགྲིན་པར་ཛཾ་དམར་བསྐྱེད༔ བདག་ཀྱང་ཛ་


CMR045_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བསྐྱེད་དེ་གསོལ་བས་མཉེས་ནས་ཟས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ༔ ཨྠྀི༔ རྫོགས་སོ༔ འདི་ཡི་མན་ངག་ལ་གཉིས་ཏེ༔ སྒྲུབ་པའི་དུས་དང་རྒྱུན་དུ་ཡང་རུང་སྟེ༔ ཟས་ཚོགས་སུ་བྱེད་ན་ཟས་སྒྲུབ་པ་ནི༔ ངག་ཏུ་མ་བཏོན་ཡང་རུང་སྟེ༔ བདག་དང་མདུན་དུ་ཛཾ་དམར་ཡབ་ཡུམ་སྐད་ཅིག་དྲན་རྫོགས་སུ་གསལ་བཏབ༔ སྭ་བྷ་ཝའི་སྔགས་གཅིག་བརྗོད་ལ་ཟས་དང་སྣོད་ཀྱི་མི་གཙང་བ་དང་དངོས་པོར་འཛིན་པ་སྟོང་པར་དམིགས༔ དེ་ནས་བཟའ་བ་ཟན་ནམ་ཤ་མར་ཐུད་བཏུང་བ་ཇ་ཆང་འོ་ཞོ་སོགས་གང་ཡིན་ཀྱང་འདྲ་སྟེ༔ ཨོཾ་ཨཱཿཧཱུྃ་བརྗོད་པས་སྣོད་དེ་བྷནྡྷ་ལྕང་ལོ་དུམ་བུ་གཅིག་པ་བཟའ་བཏུང་ཡེ་ཤེས་ཀྱི་བདུད་རྩིར་བསྒོམས་ལ༔ ཨོཾ་ཨཱཿཧཱུྃ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱིཝསྭཱ་ཧཱ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔


CMR045_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་པས་མདུན་བསྐྱེད་ཀྱི་ལྗགས་ལས་འོད་ཟེར་གྱི་སྦུ་གུས་ཚོགས་ལ་ཟུག་ནས་གསོལ་བར་བསམ༔ མཉེས་ནས་ཞལ་བདུན་ནས་ནོར་བུ་སྣ་ཚོགས་འཛག་པས་གནས་ཁང་གང་བར་བསྒོམ༔ དེ་ནས་རང་ཛཾ་དམར་གྱི་གྲེ་ཕུག་ཏུ་ཛཾ་དམར་ཆུང་ངུ་གཅིག༔ རང་གི་སྙིང་གར་ཡུམ་བསྒོམ་ལ༔ དེ་རྣམས་ལ་མཆོད་པར་བསྒོམས་ནས༔ བཟའ་བཏུང་བྱ༔ ཟས་ཀྱི་ལྷག་མ་བཏུང་བའི་སྙིགས་དེ༔ ཞབས་འོག་གནོད་སྦྱིན་ཕོ་མོར་སྦྱིན་པར་བསམས་ལ༔ ཨོཾ་ཡཀྵ་ཡཀཱི་བཱ་ལི་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་སྦྱིན་ནོ༔ མདུན་བསྐྱེད་བདག་ལ་བསྟིམ༔ བདག་མི་དམིགས་པར་བྱ་སྟེ༔ སྒྲུབ་པའི་སྐབས་ཡིན་ན་མི་བསྡུ་དེ་གར་བཞག༔ མགྲིན་པའི་ཛཾ་དམར་མགྲིན་པར་བསྟིམས་ནས་མི་དམིགས་པར་བྱའོ༔ སྒྲུབ་པའི་སྐབས་སམ་མཆོད་གཏོར་འཛོམ་དུས་ནམ་ཡང་རུང་སྟེ༔ ཚོགས་དང་ཤ་ཆང་སོགས་ཟས་སྣ་ཅི་འབྱོར་བཤམས༔ ཡི་དམ་གཞན་སྔོན་དུ་བཏང་ན་སྐད་ཅིག་ལ་གནས་འགྱུར་ནས་རང་ཛཾ་དམར་བསྐྱེད༔ ཡི་དམ་གཞན་མ་བཏང་ན་ལས་བྱང་གཅིག་གིས་བདག་མདུན་དུས་གཅིག་བསྐྱེད་དོ༔ ཁྱད་པར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་རིགས་བདག་འོད་དཔག་མེད་ལ་རྩ་བརྒྱུད་བླ་མས་བསྐོར་བ་དང་༔ ཡབ་ཡུམ་གྱི་འཁོར་ལ་ནོར་ལྷ་ཕོ་བརྒྱད་མོ་བརྒྱད་དང་༔ གནས་ཡུལ་གྱི་མཁའ་འགྲོ་ཐམས་ཅད་སྤྲིན་ལྟར་གཏིབས་པར་བསྒོམ༔ ཚོགས་བྲན་ལ༔ རཾ་ཡཾ་ཁཾ་བརྗོད་པས་བསངས༔ སྭ་བྷ་ཝས་སྟོང་པར་སྦྱངས་ནས༔ རོལ་མོ་དབྱངས་དང་བཅས་པས་གྱེར་བསྒོམ་དུ་བྱས་ཏེ༔ ཧཱུྃ༔ རང་སེམས་


CMR045_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དག་ཆོས་སྐུའི་རང་རྩལ་ལས༔ རང་ལུས་ཡི་དམ་འཕགས་མཆོག་ཛཾ་བྷ་ལ༔ སྤྱི་བོར་རིགས་བདག་མགོན་པོ་ཚེ་དཔག་མེད༔ མགྲིན་པར་ནོར་ལྷ་ཨརྱ་ཛཾ་བྷ་ལ༔ སྙིང་གར་ཌཱཀི་བཅོམ་ལྡན་སྒྲོལ་མ་དམར༔ ཞབས་འོག་གནོད་སྦྱིན་ནོར་བདག་ཕོ་མོ་དང་༔ བཞུགས་གནས་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ མགྲོན་རིགས་རྣམ་བཞི་ཛཾ་ལྷ་ཡབ་ཡུམ་སྐུ༔ དམ་ཡེ་དབྱེར་མེད་དག་པ་རབ་འབྱམས་དང་༔ ཚོགས་ཀྱི་གཉིས་འཛིན་འབག་བཙོག་དྲི་མ་རྣམས༔ བདག་ཉིད་ཡབ་ཡུམ་ཐུགས་ཀའི་ས་བོན་ལས༔ རཾ་ལས་མེ་འཕྲོས་དངོས་པོར་འཛིན་པ་བསྲེགས༔ ཡཾ་ལས་རླུང་འཚུབ་བག་ཆགས་ངན་པ་གཏོར༔ ཁཾ་ལས་ཆུ་འཕྲོས་གཉིས་སུ་འཛིན་པར་བཀྲུས༔ ཨཱའཕྲོས་ཚོགས་གཞོང་བྷན་འབར་བའི་སྣོད༔ ཧཱུྃ་འཕྲོས་ཐུགས་ཀྱི་བདུད་རྩི་མཐིང་འོད་འཕྲོས་ཨཱའཕྲོས་གསུང་གི་བདུད་རྩི་དམར་ལ་དྭངས༔ ཨོཾ་འཕྲོས་སྐུ་ཡི་བདུད་རྩི་དཀར་ལ་འཚེར༔ ཨོཾ་ཨཱཿཧཱུྃ་འཕྲོས་ཡེ་ཤེས་བདུད་རྩིར་བཀུག༔ དབྱེར་མེད་འདྲེས་པས་རོ་བརྒྱ་ནུས་པ་སྟོང་༔ དངོས་གྲུབ་རྣམ་གཉིས་བསྒྲུབ་པའི་རྫས་སུ་གྱུར༔ ཧཱུྃ༔ བདེ་སྐྱིད་ལྡན་པའི་ཞིང་ཁམས་ནས༔ དེ་


CMR045_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་དགྲ་བཅོམ་པ༔ ཡང་དག་རྫོགས་པའི་སངས་རྒྱས་ཏེ༔ ཚེ་དང་བསོད་ནམས་ཡོན་ཏན་དང་༔ ཡེ་ཤེས་དང་ནི་གཟི་བརྗིད་རྣམས༔ ཚད་མེད་པ་ཡི་རྒྱལ་པོ་ཁྱེད༔ ཛི་ལྷའི་སྤྲུལ་གཞི་རིགས་བདག་སྟེ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཚེ་བསོད་འཕེལ་བའི་དངོས་གྲུབ་སྩོལ༔ བདེ་བ་ཅན་དང་པོ་ཊ་ལ༔ རང་གཞིན་གར་བཞུགས་གནས་མཆོག་ནས༔ བཅོམ་ལྡན་མགོན་པོ་ཛཾ་བྷ་ལ༔ དཀར་དམར་མཐིང་སེར་ཅིར་ཡང་སྤྲུལ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ བསོད་ནམས་འཕེལ་བའི་དངོས་གྲུབ་སྩོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ཛཾ་ལྷ་ཡབ་ཡུམ་བློན་པོ་འབངས༔ ནོར་སྐྱུགས་ཕོ་མོ་ལ་སོགས་པའི༔ གནོད་སྦྱིན་བྱེ་བ་བདུན་འབུམ་འཁོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ མངའ་ཐང་སྟོབས་འབྱོར་དངོས་གྲུབ་སྩོལ༔ ཀུ་རུ་ཀུལླེའི་རི་ཕུག་ནས༔ བཅོམ་ལྡན་སྒྲོལ་མ་རིག་བྱེད་མ༔ གནས་ཡུལ་དཔའ་བོ་ཌཱ་ཀིའི་ཚོགས༔ བྱེ་བ་དུང་ཕྱུར་གྲངས་མེད་བཅས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ སྣང་སྲིད་དབང་སྡུད་དངོས་གྲུབ་སྩོལ༔ ཁྱད་པར་ཛ་ལྷའི་


CMR045_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྡོད་པ༔ ནོར་བུ་བཟང་དང་གང་བ་བཟང་༔ རྣམ་སྲས་གནོད་སྦྱིན་དམར་པོ་དང་༔ ཀི་ལི་མི་ལི་ཀུཎྜ་ལི༔ མུ་ཁེནྡ་དང་ཙ་རན་དྲ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ འབྲུ་དང་ལོངས་སྤྱོད་དངོས་གྲུབ་སྩོལ༔ ཛཾ་ལྷའི་ཡུམ་གྱུར་གནོད་སྦྱིན་མོ༔ ནོར་རྒྱུན་མ་དང་ཆུ་ཤེལ་མོ༔ སོ་ལེགས་མ་དང་འཕགས་མ་དང་༔ ཤིན་ཏུ་བཟང་མོ་སྦས་མ་དང་༔ ལྷ་མོ་དང་ནི་དབྱངས་ཅན་མ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ནོར་དང་བརྒྱུད་འཛིན་དངོས་གྲུབ་སྩོལ༔ ཛཾ་ལྷའི་ཕོ་ཉ་མངག་གཞུག་པ༔ ཨ་པར་ཛི་ཏ་ཡེ་ཤེས་གྲགས༔ གནོད་སྦྱིན་གང་པོ་མཛེས་མ་གཉིས༔ བསེ་ཡི་ལྷ་མོ་མཆེད་པོ་བཞི༔ གནོད་སྦྱིན་ཐེའུ་རང་ལས་མཁན་གསུམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ལས་ཀུན་འགྲུབ་པའི་དངོས་གྲུབ་སྩོལ༔ བཅོམ་ལྡན་མགོན་པོ་ཛཾ་བྷ་ལ༔ ཡུམ་དང་རིགས་བདག་འཁོར་དང་བཅས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་ཕོབ་ཅིག༔ ལྕང་ལོ་ཅན་དུ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས༔


CMR045_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཚོགས་རྣམས་ལ་དངོས་གྲུབ་སྩོལ༔ བསོད་ནམས་རྒྱས་པར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སིདྡྷི་ཧོ༔ དེ་ནས་ཚོགས་ཕུད་འབུལ་ཞིང་༔ ཧཱུྃ༔ རིགས་ཀྱི་བདག་པོ་སྣང་མཐའ་ཡས༔ བཅོམ་ལྡན་ཚེ་དཔག་མེད་པ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ དཀར་པོ་སྐུ་ཡི་ཛཾ་བྷ་ལ༔ གཡས་ཞལ་དཀར་པོ་ཞི་བ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ལྷ་ཡི་ལོངས་སྤྱོད་ཆར་ལྟར་ཕོབ༔ དམར་པོ་གསུང་གི་ཛ་བྷ་ལ༔ དབུས་ཞལ་དམར་པོ་ཞི་མ་ཁྲོ་ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ མི་ཡི་ལོངས་སྤྱོད་དབང་དུ་བསྡུས༔ མཐིང་ནག་ཐུགས་ཀྱི་ཛཾ་བྷ་ལ༔ གཡོན་ཞལ་མཐིང་ནག་ཁྲོས་པ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ༔ པ་འབུལ༔ ཀླུ་གཡང་རྒྱ་མཚོ་ལྷུད་ལྟར་སྩོལ༔ གསང་བའི་ཡུམ་ནི་ཐུགས་ཀར་སྦས༔ དབང་བྱེད་སྒྲོལ་མ་རིག་བྱེད་དམར༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྣང་སྲིད་བདག་གི་དབང་དུ་སྡུས༔ ཞབས་འོག་ནོར་སྐྱུགས་ཕོ་དང་མོ༔ གནོད་སྦྱིན་བྱེ་བ་དྲུག་ཅུ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཡིད་ལ་ཅི་བསམ་འགྲུབ་པར་


CMR045_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ ནོར་ལྷ་ཕོ་བརྒྱད་མོ་བརྒྱད་དང་༔ ཨ་པར་ཙིཏྟ་ཡེ་ཤེས་གྲགས༔ གང་མཛེས་བསེ་ཡི་ལྷ་མོ་བཞི༔ གནོད་སྦྱིན་ཐེའུ་རང་སྤུན་གསུམ་བཅས་ཚོགས་ཀྱི་མཆོད་པ་དགྱེས་པར་རོལ༔ ལས་ཀྱི་དངོས་གྲུབ་མྱུར་འགྲུབ་མཛོད༔ ཨོཾ་ཨཱཿཧཱུྃ་ཛ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་གྷིསྭཱ་ཧཱ༔ ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ དེ་ནས་ཚོགས་བར་པས་གསོས་ལ་བསྐང་བཤགས་ནི༔ སྨུག་འཛིན་དམར་པོའི་བསྐང་བ་དངོས་གྲུབ་ཀུན་འབྱུང་རིན་ཆེན་ཆར་འབེབས་འདོད་དགུའི་བང་མཛོད་ནི༔ བྷི་འདོད་ཡོན་ངོ་མཚར་ཚོགས་ཀྱི་འཁོར་ལོ་ནི༔ གཞན་འཕྲུལ་དབང་བྱེད་ལྷ་ཡི་ལོངས་སྤྱོད་བཞིན༔ བདག་གི་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་དང་༔ སྟོང་གསུམ་འདིའམ་འཇིག་རྟེན་གཞན་དག་ན༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་ཅི་མཆིས་པ༔ བློ་ཡིས་བླང་ཞིང་ཡིད་ཀྱིས་སྤྲུལ་བྱས་ཏེ༔ རིགས་བདག་ཚེ་དཔག་མེད་ཀྱི་ཐུགས་དམ་བསྐང་༔ ཛཾ་ལྷ་རིགས་གསུམ་འདུས་པའི་ཐུགས་དམ་བསྐང་༔ ཡུམ་མཆོག་སྒྲོལ་མ་དམར་མོའི་ཐུགས་དམ་བསྐང་༔ ནོར་སྐྱུགས་གནོད་སྦྱིན་ཕོ་མོའི་ཐུགས་དམ་བསྐང་༔ ནོར་ལྷ་ཕོ་བརྒྱད་མོ་བརྒྱད་ཐུགས་དམ་བསྐང་༔ གནོད་སྦྱིན་ཨ་པར་ཙིཏྟའི་ཐུགས་དམ་


CMR045_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་༔ ལས་མཁན་ཡེ་ཤེས་གྲགས་ཀྱི་ཐུགས་དམ་བསྐང་༔ བསེ་ཡི་ལྷ་མོ་མཆེད་བཞིའི་ཐུགས་དམ་བསྐང་༔ གནོད་སྦྱིན་གང་པོ་མཛེས་མའི་ཐུགས་དམ་བསྐང་༔ མྱུར་མགྱོགས་ཐེའུ་རང་མཆེད་གསུམ་ཐུགས་དམ་བསྐང་༔ ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་༔ བ་ལཾ་བརྒྱན་གྱི་གཏོར་མས་ཐུགས་དམ་བསྐང་༔ བདུད་རྩི་སྨན་གྱི་མཆོད་པས་ཐུགས་དམ་བསྐང་༔ རཀྟ་དམར་གྱི་ཨརྒྷཾས་ཐུགས་དམ་བསྐང་༔ སྲོག་སྔགས་མཚན་ལྡན་ཐོད་པས་ཐུགས་དམ་བསྐང་༔ སྲོག་འཁོར་གའུ་བཅས་པས་ཐུགས་དམ་བསྐང་༔ ཕྱི་མཆོད་སྣ་བདུན་བཤམས་པས་ཐུགས་དམ་བསྐང་༔ ནང་མཆོད་འདོད་ཡོན་ལྔ་ཡིས་ཐུགས་དམ་བསྐང་༔ གསང་མཆོད་བདེ་སྟོང་ཉམས་ཀྱིས་ཐུགས་དམ་བསྐང་༔ ཡིད་སྤྲུལ་རྒྱལ་སྲིད་བདུན་གྱིས་ཐུགས་དམ་བསྐང་༔ བཀྲ་ཤིས་རྫས་རྟགས་བརྒྱད་ཀྱིས་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་གྱུར་ནས༔ བདག་གི་ཉམས་ཆག་གཡར་དམ་སོར་ཆུད་ཅིག༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ མ་བྱིན་ལེན་དང་རློམ་སེམས་སེར་སྣས་བསྡོམས༔ དབུལ་ཕོངས་རྒུད་པའི་ལས་སྒྲིབ་ཅི་བསགས་པ༔


CMR045_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མཐོལ་ལོ་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ག་ཎ་ཙཀྲ་སཏཱ་ས་མ་ཡ༔ ཞེས་ཡིག་བརྒྱ་བརྗོད༔ སྨུག་འཛིན་དམར་པོའི་བསྐང་བ་དངོས་གྲུབ་ཀུན་འབྱུང་རིན་ཆེན་ཆར་འབེབས་འདོད་དགུའི་བང་མཛོད་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ནས་བསྡུས་ཏེ་རཱ་ག་ཨ་སྱས་བསྒྲིགས་པའི་དགེ་བས་འགྲོ་ཀུན་དབུལ་ཕོངས་རབ་ཞི་ནས་ཕྱི་མ་བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་ཤོག༔ ༈ ཚོགས་གསུམ་པ་ཤ་དུམ་དང་བཅས་པ་བྲན་ལ༔ ན་མོ་བཛྲ་པཱ་ཎི་ཡེ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ལག་ན་རྡོ་རྗེའི་བདེན་པའི་མཐུས༔ སྒྲུབ་ལ་བར་དུ་གཅོད་པའི་བགེགས༔ གནོད་བྱེད་བྲེལ་ཕོངས་ཅན་ལ་སོགས༔ དམ་སྲི་གོད་འདྲེ་གནོད་བྱེད་རྣམས༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཛཿ ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ སྡོམས་ཤིག་བཛྲ་སྤོ་ཊ་ཐཾ༔ མྱོས་པར་གྱིས་ཤིག་བཛྲ་གྷནྡྷེ་ཧོ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ སྐུ་སྨད་རྣོ་དབལ་ཕུར་པ་ཡིས༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ ཨོཾ་ཨ་མྲྀ་ཏེ་ཧཱུྃཕཊ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་དམ་སྲི་བྲེལ་ཕོངས་ཅན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བསྒྲལ་ནས་ཞལ་བསྟབ་ནི༔ བསྟབ་བོ་བསྟབ་བོ་ཞལ་དུ་བསྟབ༔ བདུད་རྩི་འཁྱིལ་དང་རྟ་


CMR045_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་རྒྱལ༔ མ་ཧཱ་བ་ལའི་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཞིག་ཁ་རཾ་ཁཱ་ཧི༔ ཞེས་ཕུག་གཏོར་ཡི་དམ་གཏོར་མ་ལ་འབུལ་ལོ༔ ཛཾ་བྷ་ལ་ཡི་ལྷ་ཚོགས་ལ༔ ཚོགས་ཀྱི་འཁོར་ལོ་ཕུལ་བས་མཉེས༔ ཞལ་དང་ཕྱག་དང་ཞབས་འོག་ནས༔ ནོར་བུ་སྣ་ཚོགས་ཆར་འབེབས་གྱུར༔ རང་ཉིད་ཛཾ་ལྷའི་མགྲིན་པ་དང་༔ གྲེ་བའི་ཕུག་དང་ལྕེ་རྩེའི་སྟེང་༔ འཕགས་པ་ཛཾ་ལྷ་དམར་པོ་དང་༔ ཐུགས་ཀའི་ཀུ་རུ་ཀུལླེ་ལ༔ མཆོད་པས་ཟས་ཀྱི་དངོས་གྲུབ་སྩོལ༔ ཞེས་ཚོགས་ལ་རོལ༔ དེ་ནས་ལྷག་མ་བྲན༔ ཨོཾ་ཨཱཿཧཱུྃ་ཧ་ཧོ༔ཧི༔ ལྷག་གཏོར་བདུད་རྩིའི་རྒྱ་མཚོ་འདི༔ མགོན་པོ་ཛཾ་ལྷ་ཡབ་ཡུམ་གྱི༔ ཡང་གཡོག་ཡང་འཁོར་འབྱུང་པོའི་ཚོགས༔ ཕུད་ལ་དབང་བའི་སྐལ་མེད་ཅིང་༔ ལྷག་མ་རེ་ཞིང་སྒུག་པ་རྣམས༔ སོ་སོའི་འདོད་པ་ཚིམ་གྱུར་ཅིག༔ གནས་འདིར་མ་འཚེ་གཞན་དུ་དེངས༔ ཨོཾ་སརྦ་བྷུ་ཏ་ཨུ་ཙིཥྚ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི་གཙྪ༔ ཅེས་དོར། དེ་ནས་ཐུན་གཏོར་ཟུར་གསུམ་ཤ་ཁྲག་གིས་བརྒྱན་པ་གཅིག་བཤམས༔ མེད་ན་ཚོགས་ཟན་དུམ་བུ་གཅིག་བཞག་ལ་བྲན་མཐེབ་སྐུ་ཡང་རུང་༔ ཨོཾ་ཨཱཎཱཧཱུྃ་ཧ་ཧོ་ཧི༔ ཞེས་བདུད་རྩིའི་རང་བཞིན་ཟས་སྣ་ཚོགས་སུ་བསྒོམས་ལ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་ཧཱིས་པ་ར་ཛི་ཏ་ཛ་ཛཿ ཏྲིའུ་ཏྲིའུ་


CMR045_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ག་པ་ཏི་ཏྲིའུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ དཔལ་ལྡན་མགོན་པོ་ཛཾ་བྷ་ལ༔ མྱུར་དུ་དྲག་ཏུ་བསྐུལ་བའི་ཚེ༔ སྐུ་མདོག་དམར་ལ་འོད་ཟེར་འཕྲོ༔ ཕྱག་གཡས་རིན་ཆེན་ཐོད་ཁྲག་བསྣམས༔ གཡོན་པས་གཏེར་གྱི་ནེའུ་ལེ་བཙིར༔ ཞབས་གཉིས་ཨ་པར་ཙིཏྟ་གཟིར༔ དར་དང་རིན་ཆེན་རྒྱན་ཆ་ཁྲོལ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཐུགས་དམ་དམ་བཅའ་དུས་ལ་བབ༔ དགོས་འདོད་དངོས་གྲུབ་ཆར་ལྟར་ཕོབ༔ བཅོལ་བའི་ཕྲིན་ལས་དུས་ལ་བབ༔ གནོད་སྦྱིན་གཞན་གྱིས་མི་ཐུབ་པ༔ སྐུ་མདོག་སྔོན་པོ་བརྗིད་པའི་ཞལ༔ སྐུ་ལ་དར་སྔོན་བེར་ཆེན་གསོལ༔ དབུ་སྐྲ་རལ་པ་ཐོར་ཚུགས་བཅིངས༔ རིན་ཆེན་རྒྱན་ཆ་ཀུན་གྱིས་བརྒྱན༔ ཞབས་གཉིས་འདོར་ཐབས་ལས་མཁན་གཟིར༔ ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ སྟོབས་དང་འབྱོར་བའི་དངོས་གྲུབ་སྩོལ༔ ཞབས་འོག་གནོད་སྦྱིན་ཐེའུ་རང་གསུམ༔ མདོག་སྔོན་ཨ་ཙ་ར་ཡི་གཟུགས༔ དབུ་སྐྲ་ཐོར་ཅོག་ཨག་ཚོམ་རིང་༔ གཅེར་བུ་ལིང་ག་གྱེན་དུ་བསྒྲེངས༔ ཕྱག་ན་ལྕགས་


CMR045_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་ཞགས་པ་ཐོགས༔ སྲིད་པའི་རླུང་བཞིན་ཀུན་ཏུ་རྒྱུ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོ༔ ཕྲིན་ལས་འགྲོ་དོན་རྒྱས་པར་མཛོད༔ ལས་བྱེད་མཁའ་འགྲོ་སྐུ་མདོག་དམར༔ གཅེར་བུ་མེ་ཏོག་དམར་པོ་དང་༔ དར་དམར་རིན་ཆེན་རྒྱན་གྱིས་མཛེས༔ ཕྱག་ན་ལྕགས་ཀྱུ་ཞགས་པ་འཛིན༔ ཀུ་རུ་ཀུལླེའི་སྤྲུལ་པ་སྟེ༔ བསེ་ལམ་མཁའ་འགྲོའི་ངོ་བོ་ཉིད༔ བྱེ་བ་དུང་ཕྱུར་འཇིག་རྟེན་གང་༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ སྣང་སྲིད་ཐམས་ཅད་དབང་དུ་སྡུད༔ བཅོལ་བའི་ཕྲིན་ལས་དུས་ལ་བབ༔ གནོད་སྦྱིན་ནོར་ལྷ་ཌཱཀིའི་ཚོགས༔ ལྕང་ལོ་ཅན་གྱི་ཕོ་བྲང་དུ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྲོག་སྙིང་དབང་དུ་བསྡུས་ནས་ཀྱང་༔ ཐུགས་ཀར་ཐིམ་ནས་དངོས་གྲུབ་བཅུད༔ ཤངས་བུག་གཡས་ནས་འཇའ་ཚོན་ལྟར༔ ཕྱི་རུ་བྱུང་ནས་སེམས་ཅན་དོན༔ རཏྣ་རྩལ་ཆེན་འདུས་པའི་རྒྱུད༔ ལེའུ་བརྒྱ་རྩ་གསུངས་པའི་ཚེ༔ ཇི་ལྟར་ཁས་བླངས་དམ་བཅས་པའི༔ དམ་ཚིག་རྗེས་སུ་དྲན་པར་མཛོད༔ བཅོམ་ལྡན་ཤཱཀྱ་སེང་གེ་ཡིས༔ ཆུ་དབང་སྙིང་རྗེ་ཅན་དང་ནི༔ གནོད་


CMR045_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གནས་པོ་གར་མཁན་མཆོག༔ རྡོ་རྗེ་ས་འོག་རྒྱུད་གསུང་ཚེ༔ ཁས་བླངས་དམ་བཅའ་མ་གཡེལ་ཞིག༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ སྒྲུབ་ཐབས་མཛད་ནས་གསུང་པའི་ཚེ༔ བཀའ་བསྒོའི་ཐ་ཚིག་དྲན་པར་མཛོད༔ གཏེར་སྟོན་གྲྭ་པ་མངོན་ཤེས་ཅན༔ ཟབ་གཏེར་བཏོན་ནས་བསྒྲུབ་པའི་ཚེ༔ ཕྲིན་ལས་བསྒྲུབ་པའི་རྗེས་ཆ་སྐྱོང་འཚལ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་སློབ་དཔོན་འཁོར་བཅས་ཀྱི༔ ཚེ་དང་བསོད་ནམས་དཔལ་འབྱོར་སྤེལ༔ སྣང་སྲིད་ཐམས་ཅད་དབང་དུ་སྡུད༔ ལྟོགས་འགོང་དབུལ་སྲི་བསེ་རག་ཟློག༔ གོད་ཁ་ཚོང་ཉེས་སྙིང་སྟོང་ཟློག༔ བཀྲ་མི་ཤིས་དང་རྒུད་པ་ཟློག༔ ལོ་ཉེས་སད་སེར་བཙའ་འབུ་ཟློག༔ ས་བཅུད་ཉམས་པའི་ཕུང་འདྲེ་ཟློག༔ རྟ་ནད་རྟེའུ་སྲི་སྒབ་སྲི་ཟློག༔ དཀར་འགོང་ཞོ་ཉེས་ཚོང་ཉེས་ཟློག༔ སྲིས་མི་སྨེ་བའི་སྲིས་ན་ཟློག༔ མི་ཁ་སྨྲ་མཆུ་ཁ་འདྲེ་ཟློག༔ ནད་འདྲེ་གཅོང་སྲི་དར་སྲི་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་པཱ་ཎི་ཧཱུྃ་ཧྲཱིཿ ཨ་པ་ར་ཙིཏྟ་ཛ་ཛཿ གནོད་བྱེད་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་གཏོར་མ་ཡར་དཀྱིལ་


CMR045_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དྲུང་དུ་འབུལ་ལོ༔ དེ་ནས་བསྒྲུབ་པའི་སྐབས་ཡིན་ན་དེ་གར་བཞག །དུས་གཞན་ཡིན་ན་མདུན་བསྐྱེད་འོད་དུ་ཞུ་བདག་གི་སྙིང་གར་བསྡུ། བདག་ཉིད་འོད་དུ་ཞུ་ཡུམ་ལ་བསྟིམ། ཡུམ་ཐུགས་ཀའི་སྔགས་འཁོར་ལ། སྔགས་འཁོར་ཧཱུྃ་ལ་ཐིམ། ཧྲི༔ཡང་ར་སྟ་ནས་གྱེན་དུ་ཡལ་ནས་སྟོང་པར་བཞག །བསྔོ་བ་དང་བཀྲ་ཤིས་ཤོ་ལོ་ཀ་བྱས་ཏེ། ཚོགས་འཁོར་རྒྱས་པ་ཡིན་ནོ། །ཨེ་མ་ཧོ༔ འཇིག་རྟེན་མི་ཀུན་ལོངས་སྤྱོད་འདོད་པའི་ཕྱིར། །སྡིག་པ་སྣ་ཚོགས་བསགས་པས་ངན་སོང་ལྟུང་། །སེར་མོ་བ་དག་ལོངས་སྤྱོད་འདོད་པའི་ཕྱིར། །ཇོ་རྫུས་གཞན་མགོ་བསྐོར་བས་ངན་འགྲོར་ལྟུང་། །དམག་ཇག་རྐུ་འཕྲོག་ཚོང་དང་གཡོ་སྒྱུ་དང་། །སོ་ནམ་བེའུ་ལུག་འཚོ་སྐྱོང་འཇིག་རྟེན་གྱི། །བྱ་བ་ཐམས་ཅད་ལོངས་སྤྱོད་འདོད་པའི་ཕྱིར། །བྱས་ཀྱང་འགྲུབ་པའི་དུས་མེད་སྡུག་བསྔལ་རྒྱུ། །དེ་བས་འདི་འདྲའི་གདམས་པར་མ་འབད་ན། །ཚེ་འདིར་རང་གི་བསོད་ནམས་དང་བསྟུན་པའི། །བཀྲ་ཤིས་བདེ་ལེགས་སྐྱིད་དགའ་ལོངས་སྤྱོད་འབྱུང་། །ཕྱི་མ་བདེ་ཆེན་དག་པའི་ཞིང་ཁམས་སུ། །སྐྱེ་བ་བདུན་དུ་ལོངས་སྤྱོད་ཟད་མེད་པ། །སྦྱིན་པའི་ཕར་ཕྱིན་རྫོགས་ནས་མངོན་སངས་རྒྱས། །དེ་ཕྱིར་གཏན་གྱི་མདུན་མ་འདི་སྒྲུབས་ཤིག །འདི་ལས་ཟབ་པའི་གདམས་ངག་ས་སྟེང་མེད། །


previousཛཾ་བྷ་ལ་དམར་པོའི་ཚོགས་མཆོད་གཞུང་དེའི་འདོན་ཆའི་ཟིན་བྲིས།next