Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་སྨུག་འཛིན་དམར་པོའི་དབང་གི་སྦྱིན་སྲེག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་སྨུག་འཛིན་དམར་པོའི་དབང་གི་སྦྱིན་སྲེགnext

འཕགས་པ་སྨུག་འཛིན་དམར་པོའི་དབང་གི་སྦྱིན་སྲེག


CMR045_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

༼ཞ༽འཕགས་པ་སྨུག་འཛིན་དམར་པོའི་དབང་གི་སྦྱིན་སྲེག་བཞུགས་སོ།


CMR045_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཀུ་རུ་ཀུལླེ་ཡེ། དབང་གི་སྦྱིན་སྲེག་ནི། ཚོན་དམར་པོ་རྐྱང་པས་བྲིས་ལ། བསྡུ་ན་དབང་གི་ཐབ་ཟླ་གམ་བྲིས་པའི་སྟེང་དུ་ཤིང་མེ་ཏོག་འབྲས་བུ་དམར་པོ་ཅན་གང་རུང་ཟླ་གམ་དུ་བརྩེགས། ཨོཾ་བཛྲ་སཏྭ་ཨཱ༔ ཞེས་ཀུ་ཤས་ཁ་ཁྱེར་བསྐོར། ཡམ་ཤིང་བདུན་དང་། མར་ཁུ་ཅུང་ཟད་དང་། ཤོག་བུ་ལ་བསྒྲུབ་བྱའི་མིང་དང་། ལིང་ག་མཚལ་དང་རྒྱ་སྣག་སོགས་ཀྱིས་བྲིས་པའམ། སྣག་ཚས་བྲིས་ལ་མེ་ཏོག་དམར་པོའི་ཁུ་བའམ་མཚལ་དང་རྒྱ་སྐག་བྱུགས་པས་ཆོག་སྟེ། བུ་རམ། སེའུ་འབྲུ་སོགས་ཤིང་ཐོག་དམར་པོ་མངར་བ་དང། སྐྱུར་བའི་རིགས་དང་། མེ་ཏོག་དམར་པོ་ཐམས་ཅད་ཟས་སྣ་འབྲུ་སྣའི་རིགས་ཅི་འཛོམ་ཐམས་ཅད་དང་། ཟངས་གཞོང་སྣོད་དུ་ཟས་མཆོག་དང་བསྲེས་ལ་བཤམས། རྡོར་དྲིལ་དང་མ་


CMR045_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བས་དགང་གཟར་བླུགས་བཟུང་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཀྱིས་བསངས། སྭ་བྷ་ཝས་སྦྱངས། ཧཱུྃ་ལས་རིན་ཆེན་སྣོད་དུ་ཨོཾ་ཡིག་ལས། །བསྲེག་རྫས་ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར། །དགང་བླུག་ལ་རེག་ཅིང་། ཨོཾ་ཨཱཿཧཱུྃ༔ ཨོཾ་ཥཱཋཋཋ༔ ཡམ་ཤིང་ལ་རེག་ཅིང་། ཨོཾ་ཤྲཱི་སཱ་ཧཱ༔ འབྲུ་རིགས་ལ། ཨོཾ་ཛྲ་སྭཱ་ཧཱ༔ ཟས་མཆོག་ལ། ཨོཾ་སརྦ་སམྤ་དེ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མར་ཁུ་ལ། ཨོཾ་ཨཱསཱ་ཧཱ༔ ཡང་སྔགས་དེས་རྫས་ཐམས་ཅད་ལ་རེག་སྟེ་བཀྲུས་པར་བསམ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་ཐམས་ཅད་ལ་རེག་པས་བྱིན་གྱིས་བརླབ་པར་བསམ། དེ་ནས་ཐབ་བསང་སྦྱང་། ཧིལས་དབང་གི་ཐབ་ཁུང་ཟླ་གམ་


CMR045_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དམར། །ལྕགས་ཀྱུ་མེ་ཏོག་དམར་པོས་མཚན་པའི་ནང་། །རཾ་ལས་མེ་ལྷ་དམར་པོ་ར་སྐྱེས་ཆིབས། །བགྲང་ཕྲེང་རིལ་པ་བསྣམས་པའི་ལྟེ་བ་རུ། །པད་ཉི་ཟླ་སྟེང་ཛཾ་ལས་ཇོ་ལྷ་དམར། །ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་སྔོའི་ཞལ། །རྩ་ཕྱག་རིན་ཆེན་ཐོད་པ་བར་པ་གཉིས། །ལྕགས་ཀྱུ་ཞགས་པ་མཐའ་གཉིས་ནེའུ་ལེ་བཙིར། །ཞབས་བཞི་བརྐྱང་བསྐུམ་ནོར་སྐྱུགས་ཕོ་མོ་མནན། །ཀླུ་བརྒྱད་སྦྲུལ་དང་རིན་ཆེན་དར་གྱིས་བརྒྱན། །དེ་ཡི་ཐུགས་ཀར་དབང་གི་ལྷ་མོ་དམར། །མདའ་གཞུ་ལྕགས་ཀྱུ་ཞགས་བསྣམས་གར་སྟབས་བསྒྱུར། །ཀུན་གྱི་གནས་གསུམ་འབྲུ་གསུམ་ས་བོན་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛ༔ ཨོཾ་ཛཱ་ལ་ཛཱ་ལ་ཧཱུྃ། ཞེས་མེ་སྦྱར། ཧཱུྃ། ནོར་གྱི་བདག་པོ་ཨརྱ་ཛི་བྷ་ལ། །དབང་གི་བདག་ཉིད་ལྷ་མོ་རིག་བྱེད་མ། །གཏེར་གྱི་བདག་པོ་ནོར་སྐྱུགས་ཕོ་མོ་གཉིས། །ཕྲིན་ལས་མྱུར་སྒྲུབ་དྲང་སྲོང་མེ་ལྷར་བཅས། །འདིར་གཤེགས་འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨརྱ་ཛཾ་བྷ་ལ་ཀུ་རུ་ཀུལླེ་ཡཀྵ་ཡཀྴི་ཨགེ་ཡེ་དེ་ཝ་ཛ༔ཧཱུྃ་བཾ་ཧོཿ ཏིཥྛ་ལྷན། དབང་ལྷས་དབང་


CMR045_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རིགས་བདག་དབུ་རྒྱན་གྱུར། ཨགྷཾ་སོགས། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧི༔ཨགེ་དེ་ཝ་བོ་དྷི་བྲིཀྵ་ཡེ་འགྲོ་བའི་གཟི་བརྗིད་ཕུན་སུམ་ཚོགས་པ་ཝཱ་ཤི་ཀུ་རུ་ཧོ༔ ཡམ་ཤིང་བདུན་འབུལ། རྩ་སྔགས་ཀྱི་རྗེས་སུ། ཨཀྵེ་ཡེ་འགྲོ་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཝཱ་ཤཾ་ཀུ་རུ་ཧོ༔ མར་ཁུ་བདུན་འབུལ། དེ་བཞིན་དུ་ཟས་མཆོག་ལ། སརྦ་སམྤ་དེ་འགྲོ་བའི་བདེ་བ་ཕུན་སུམ་ཚོགས་པ་ཝཱ་ཤཾ་ཀུ་རུ་ཧོ༔ བདུན་འབུལ། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧིངྒེ་མོ་ཝ་ཤཾ་ཀུ་རུ་ཧི༔ ཞེས་ལིངྒ་འབུལ། དེ་ནས་བསྲེག་རྫས་ཟས་མཆོག་འབྲུ་སྣ་མེ་ཏོག་གང་ཟིན་ལ་བརྒྱ་རྩ་བརྒྱད་ལག་པས་བཏབ། དེ་ནས་གཏོར་མ་ཟུར་གཉིས་ཆུང་ངུ་ཞིག་དགང་གཟར་དུ་བཟུང་མར་ཁུས་བྲན་ལ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧཱུྃཨགེ་དེ་ཝ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཅོམ་ལྡན་སྨུག་འཛིན་དམར་པོ་གནོད་སྦྱིན་གཉིས། །དབང་གི་ལྷ་མོ་མེ་ལྷ་བཅས་རྣམས་ཀྱིས། །དམ་རྫས་བསྲེག་བླུགས་མཆོད་པ་འདི་བཞེས་ལ། ཁམས་གསུམ་དབང་དུ་འདུས་པའི་དངོས་གྲུབ་སྩོལ། །ཅེས་དང་། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོ་བཞུགས། །


CMR045_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པད་མོ་ལ་བཏུད་ནས། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མའི་ཡུམ་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀིས་དབང་བསྒྱུར་བས། །ཤེས་རབ་མཆོག་གི་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །རྫས་དང་ཆོ་ག་འགལ་འཁྲུལ་ཅི་མཆིས་བཤགས། །ཡེ་ཤེས་པ་རྣམས་རྟེན་རྫས་རྣམས་ལ་བཞུགས། །དམ་ཚིག་པ་རྣམས་རང་གི་སྙིང་གར་ཐིམ། །འཇིག་རྟེན་མེ་ལྷའི་ལྷ་ཚོགས་ཤར་ལྷོར་གཤེགས། །དགེ་འདིས་སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་ནས། །དགོས་འདོད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །འབུལ་དུས་དམིགས་པ་ནི་གཞུང་གི་དེ་ཉིད་ཡིན་པས་ཡིད་ཀྱིས་བསྒོམ་པར་བྱ། ངག་ཏུ་མི་བརྗོད་པར་བདག་ཉིད་ཛཾ་དམར་དུ་གསལ་ཡེ་ཤེས་དམ་ཚིག་དབྱེར་མེད་སྐད་ཅིག་ལ་བསྐྱེད་པར་བྱ། གོང་དུ་ཡི་དམ་གཞན་བཏོན་ནའང་སྐད་ཅིག་ལ་གནས་འགྱུར་བར་བསྒོམ་མོ། །སྤྲོས་པ་ལ་དགའ་ན་གཞུང་གི་ཛཾ་དམར་བསྐྱེད་ཆོག་དེས་བདག་བསྐྱེད་བསྒོམས་ལ་བདག་ཉིད་ཚིག་བསྒྱུར་རོ། །དེ་དམ་ཡེ་དབྱེར་མེད་དང་པོ་


CMR045_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྒོམ་སྟེ་སྤྱན་འདྲེན་སོགས་མི་དགོས་སོ། །དབང་གི་སྦྱིན་སྲེག་འདིས་བསྒྲུབ་བྱ་བྱེ་བྲག་ངོས་བཟུང་ཡོད་ཅིང་གལ་ཏེ་དབང་དུ་མ་འདུས་ན་བསྒྲུབ་བྱ་དེའི་ཚེ་ལ་བར་ཆད་འབྱུང་སྟེ་འཆི་བར་བཤད་པས་ཉེས་པ་ཆེའོ། །ཞེས་ཟིན་བྲིས། རཱ་ག་ཨ་སྱས་བཀོད་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཕགས་པ་སྨུག་འཛིན་དམར་པོའི་དབང་གི་སྦྱིན་སྲེགnext