Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྦྱིན་སྲེག་ལ་བརྟེན་ཏེ་དབང་དུ་བྱ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྦྱིན་སྲེག་ལ་བརྟེན་ཏེ་དབང་དུ་བྱ་བ།next

སྦྱིན་སྲེག་ལ་བརྟེན་ཏེ་དབང་དུ་བྱ་བ།


CMR045_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༼ཟ༽ ཛཾ་དམར་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ སྦྱིན་སྲེག་ལ་བརྟེན་ཏེ་དབང་དུ་བྱ་བར་འདོད་ན༔ དབང་གི་སྦྱིན་སྲེག་ནི༔ ཐབ་དང་བསོད་ནམས་བསགས་པ་སྤྱི་དང་མཐུན༔ ཁྱད་པར་ལ་བུ་རམ་སྤས་ཁང་མར། སེ་འབྲུ་སྨིན་པ། མེ་ཏོག་རིགས་དམར་པོ་ཐམས་ཅད་དང་༔ དུག་ཆེན་ཟས་མིན་པའི་ཉོག་དམར་ས་གང་ཞིག་གོ༔ སྣོད་རྣམས་ཀྱང་ཟངས་དང་༔ གྲུབ་ན་འབྲི་མོག་དང་རྒྱ་སྐྱེགས་ཀྱིས་བསྲེག་རྫས་རྣམས་དང་༔ སྣོད་རྣམས་ཁ་དོག་སྒྱུར༔ བསྒྲུབ་དུས་རྒྱན་གོས་དམར་པོ་དང་ལྡན་པར་བྱའོ༔ མེ་ཐབ་ཟླ་གམ་དུ་བརྩེགས་པ་དེར་མེ་ལྷ་ཛཾ་དམར་དུ་བསྐྱེད༔ བསྲེག་རྫས་མེ་ཏོག་གླང་སྣུ༔ ཨུག་ཆོས་དམར་པོར་སྦྱར་བའི་རྒྱ་སྐྱེགས་སམ་འབྲི་མོག་གིས་ཁ་བསྒྱུར་ཏེ༔ རྒྱ་སྐྱེགས་ཀྱིས་ལིངྒ་བྲི་སྟེ༔ ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧིནེ་མོ་པཱ་ཤཾ་ཀུ་རུ་ཧིསཱ་ཧཱ༔ ཞེས་པས་ལིངྒ་བསྲེགས་ལ༔ དེ་ནས་བསྲེག་རྫས་རྣམས་སྦྱིན། ཏིང་ངེ་འཛིན་གྱིས་བདག་དང་མེ་ལྷ་ཛཾ་དམར་ཁྱད་མེད་དུ་བསྐྱེད། དེའི་ཐུགས་ཀ་ནས་ལྷ་མོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་མགུལ་ནས་བཅིངས་ཏེ་མེ་ལྷའི་


CMR045_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཡར་འོང་སྟེ་གུས་པའི་ཐལ་མོ་སྦྱར་ནས་འདུག་ལ་བསྲེག་རྫས་རྣམས་མེ་ལྷའི་ཞལ་དུ་ཕུལ་ནས། མེ་ལྷའི་ཐུགས་ཀ་ནས་ལྷ་མོ་དམར་མོ་ཅིག་སྤྲོས་ཏེ་དབང་བསྐུར་བས་བདག་ལ་ཡིད་ཆགས་པར་བསམ། དེ་ནས་བསྲེག་རྫས་རྣམས་མེ་ལྷའི་ཞལ་དུ་ཕུལ་བས་འོད་ཟེར་ཐུགས་ཀ་ནས་དམར་ལམ་ལམ་གྱི་བྱུང་བས་བསྒྲུབ་བྱ་ལ་ཕོག་པས་ཆགས་པས་མྱོས་ཏེ། བསྲེག་རྫས་ཕུལ་བས་མེ་ཆེར་འབར་བར་བསམ་སྟེ། བསྒྲུབ་བྱ་ཆགས་པའི་མེས་གདུང་ནས་བདག་ལ་ཤིན་ཏུ་ཡིད་ཆགས་པར་བསམ། འཇིག་རྟེན་གྱི་མི་ཐམས་ཅད་རང་ལ་བྱམས་པས། །བསོད་ནམས་ཀྱིས་རྒྱལ་ཁམས་ཀུན་འུར་འུར་འོང་ངོ་། །གཅིག་ལ་བྱས་པ་དེ་གང་ལ་བྱས་པ་དེ་བྲན་བཞིན་དུ་འགྲོ་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སྦྱིན་སྲེག་འབུམ་ཕྲག་གཅིག །དགེ་བཤེས་བསོད་ནམས་ཅན་དང་རྒྱལ་པོ་ཆེན་པོ་ལ་ཁྲི་ཕྲག་གཅིག །ཡ་རབ་ལ་སྟོང་ཕྲག་གཅིག །མ་རབ་བུད་མེད་ལ་བརྒྱ་ཕྲག་གཅིག་གིས་འགྲུབ་བོ། །སྦྱིན་སྲེག་གིས་དབང་དུ་བྱ་བའོ། །ཨྠྀི༔ སྦྱིན་སྲེག་ལ་བརྟེན་ནས་དབང་དུ་བྱ་བར་འདོད་ན། མེ་ཐབ་ཟླ་གམ་བྱས་ལ་དེར་མེ་ལྷ་ཛཾ་དམར་དུ་བསྐྱེད། བསྲེག་རྫས་མེ་ཏོག་གླང་སྣ་དམར་


CMR045_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ཨུག་ཆོས་སམ་མར་དང་སྦྱར་བའི་རྒྱ་སྐྱེགས་སམ་འབྲི་མོག་གིས་མདོག་སྒྱུར་ལ། རྒྱ་སྐྱེགས་ཀྱིས་ལིངྒ་བྲིས་ལ། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱིཝནྣེ་མོ་ཝཱ་ཤ་ཀུ་རུ་ཧིསྭཱ་ཧཱ། ཞེས་བྲིས་པས་ལིངྒ་སྦྱིན་ལ་དེ་ནས་བསྲེག་རྫས་རྣམས་སྦྱིན། ཏིང་ངེ་འཛིན་བདག་དང་མེ་ལྷ་ཛཾ་དམར་ཁྱད་མེད་དུ་བསྐྱེད། དེའི་ཐུགས་ཀ་ནས་ལྷ་མོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པར་སྤྲོས་ནས་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་མགུལ་ནས་བཅིངས་ནས་མེ་ལྷའི་མདུན་དུ་ཡར་འོང་ནས་ཐལ་མོ་སྦྱར་ཏེ་འདུག་པ་ལ། །བསྲེག་རྫས་རྣམས་ཕུལ་བས། ཛཾ་བྷ་ལའི་ཐུགས་ཀ་ནས་ལྷ་མོ་དམར་མོ་སྤྲོས་ནས་བདག་ལ་དབང་བསྐུར་བར་བསམས་ལ། བདག་ལ་ཡིད་ཆགས་པར་བསམ། དེ་ནས་བསྲེག་རྫས་རྣམས་མེ་ལྷའི་ཞལ་དུ་ཕུལ་བས་འོད་ཟེར་ཐུགས་ཀ་ནས་དམར་ལམ་ལམ་བྱུང་བས་བསྒྲུབ་བྱ་ལ་ཕོག་པས་ཡིད་མྱོས། བསྲེག་རྫས་ཕུལ་བས་མེ་འབར་ཏེ་བསྒྲུབ་བྱ་ཆགས་པའི་མེས་གདུང་ནས་བདག་ལ་ཡིད་ཆགས་པར་བསམ། ཨྠྀི༔ འཇིག་རྟེན་དང་མི་འགལ་བ་བྱས་ན་བསོད་ནམས་ཀྱིས་རྒྱལ་ཁམས་ཐམས་ཅད་འུར་ལང་ངོ་། །གཅིག་ལ་བྱས་ན་གང་ལ་དམིགས་པ་དེ་


CMR045_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་བཞིན་དུ་ཉེ་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སྦྱིན་སྲེག་འབུམ་ཕྲག་གཅིག །དགེ་བཤེས་བསོད་ནམས་ཅན་དང་རྒྱལ་པོ་ལ་ཁྲི་ཕྲག་གཅིག །ཡ་རབ་རྣམས་ལ་སྟོང་ཕྲག་གཅིག །མ་རབ་དང་བུད་མེད་རྣམས་ལ་བརྒྱ་ཕྲག་གཅིག་གིས་འགྲུབ་བོ།། ཨྠྀི༔ དེ་ནས་དབང་གི་སྦྱིན་སྲེག་གི་ལས་བཞིའི་ནང་གི་དབང་གི་སྦྱིན་སྲེག་ཅི་ལྟར་འབྱུང་བ་ལྟར་བྱའོ། །དེ་ལྟར་མེ་ལྷའི་མཆོད་བསྟོད་ཚར་ནས་འོད་དུ་ཞུ་ནས་མེ་དཔུང་དུ་བསྒྱུར། དེའི་དབུས་སུ་ཛཾ་ལྷ་བསྐྱེད་པ་དང་སྤྱན་འདྲེན་མཆོད་པ་ལས་བྱང་ལྟར་གཞུང་ནས་བཤད་པའི་མེ་ཏོག་དེའི་ཕྱེ་མ་ནས་འབྲུ་སྦྲང་མ་ལ་བཏབ། དེ་བཙག་གམ་འབྲི་མོག་གིས་མདོག་བསྒྱུར་ཀྱང་ཆོག །དབྱར་ཡིན་ན་མེ་ཏོག་དངོས་རྙེད་ན་བཟང་། ཕྱག་རྒྱ་མ་སོགས་ཡིན་ན་ཤུག་པ་དམར་པོའི་བྱང་བུ་གྲུ་གང་ཙམ་ལ། རྒྱ་སྐྱེགས་དང་མཚལ་ལམ་བཙག་བསྲེས་པས་དེའི་གཟུགས་དང་མིང་བྲི། འགུགས་གཞུག་བྱས་ལ་སྦྱིན་སྲེག་གི་མེ་ལ་ཚིག་ལ་ཁད་དུ་བསྲོ། ཟངས་གྲི་ཡོད་ན་རབ། མེད་ནའང་གྲིས་བཞར། ཕྱེ་མ་བསྲེག་རྫས་ལ་བཏབ་པས། འདི་སྐྱེས་པ་ལའང་རུང་སྟེ། མང་ན་ཕ་རོལ་པོའི་ཚེ་ལ་གནོད་པས་མི་བྱ། སྤྱི་ལ་ཆྒཻ་མོ་སརྦ་ལོ་ཀ་


CMR045_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། གཞུང་གི་སྔགས་དེས་མེ་ཏོག་སོགས་གཞུང་གི་རྫས་བརྒྱ་སྟོང་སོགས་ཅི་འགྲུབ་འབུལ། སྲན་མ་དང་ནས། ཟས་མཆོག་བརྒྱ་རེ་འབུལ། གཞན་བསྲེག་རྫས་མེད་ཀྱང་ཆོག །ཡོད་ན་ཅི་འགྲུབ་འབུལ། གོང་དུ་ཡམ་ཤིང་མར་ཁུ་སོགས་མེད་ན་ཐབས་ཆག་ནི་མེད་དེ་གཞུང་དུ་གསལ། བསྟོད་པ་དང་རྗེས་ཆོག་ལས་བཞི་གཞུང་ལྟར་འདི་དབང་སྡུད་ཀྱི་མཆོག་ཏུ་འགྱུར་ཚུལ་གཞུང་དུ་གསལ་ལྟར་རོ།། སྦྱི༔ ཞེས་པའང་དགེ་སློང་སྦྱིན་པས་བསྐུལ་བ་ལྟར། རཱ་ག་ཨ་སྱས་སྨྲས་པ་བསྐུལ་བ་པོ་ཉིད་ཀྱིས་གི་གེར་བྲིས་པའོ། །གསང་བའི་རྒྱུ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྦྱིན་སྲེག་ལ་བརྟེན་ཏེ་དབང་དུ་བྱ་བ།next